ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

སངས་རྒྱས་ཆོས་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་ཕན་བདེ་ཇི་ལྟར་སྒྲུབ་པའི་སྐོར་གླེང་བ།

སྤེལ་དུས 2018-01-12 ཡོང་ཁུངས། དུས་དེབ། རྩོམ་པ་པོ། དོར་ཞི་གདོང་དྲུག་སྙེམས་བློ།
          དེ་ཡང་།  ཕན་བདེ་འབྱུང་བའི་གནས་གཅིག་བུ།།བསྟན་པ་ཞེས་གསུངས་པ་ལྟར།  ཀུན་མཁྱེན་ཤཱཀྱའི་རྒྱལ་བོའི་བསྟན་པ་འདི་ཉིད་གཞི་རྩའི་ངོ་བོ་སྟེང་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཁོ་ན་སྒྲུབ་པ་ལས་གནོད་སྐྱེལ་བའི་་ཆོས་ལུགས་ཤིག་གཏན་མིན་ནོ།། དེ་ཡང་གནའ་ནས་ད་ལྟའི་བར་དུ་འཇིག་རྟེན་ན་ཆོས་ལུགས་མེད་པའི་མི་རིགས་དང་རྒྱལ་ཁབ་གཅིག་ཀྱང་མེད་ལ། ཆོས་ལུགས་ཀྱང་སྣ་ཚོགས་ཚོགས་ཤིག་ཡོད་མོད། དེང་སང་འཛམ་གླིང་ན་དར་ཆེ་བའི་ཆོས་ལུགས་ཆེན་པོ་གསུམ་གྱི་དབང་དུ་བཏང་ན། མ་ཧ་མ་ཏིའི་ཆོས་ལུགས་ནི་སེམས་ཅན་ལ་གནོད་འཚེ་བྱེད་པའི་ཆོས་ལུགས་ཤིག་ཡིན་ཏེ། ཁོ་ཚོའི་ཆོས་ལུགས་ལ་མི་དད་པའི་མི་དང་། དུད་འགྲོ་སོགས་བསད་ན། གསོད་མཁན་དང་། གསད་བྱ་གཉིས་ཀ་ལྷ་ཡུལ་དུ་སྐྱེ་བར་འདོད་ལ། རྒྱུ་མཚན་དེས་དེའི་རྗེས་འཇུག་རྣམས་སྡུག་རྩུབ་ཆེ་ཞིང་འཐབ་རྩོད་ལ་དགའ་བ་དང་། ཟོག་ར་ལུག་མང་དུ་བཤས་པ་ཁོ་ཚོའི་དགེ་སྒྲུབ་ཡིན་པར་འདོད།
          ནུབ་ཕྱོགས་ཀྱི་ཡེ་ཤུ་མ་ཤི་ཀའི་ཆོས་ལུགས་སྙིང་རྗེ་སྨྲ་བའི་ཆོས་ལུགས་ཤིག་ཡིན་ཡང་། སྙིང་རྗེའི་ཡུལ་ལ་མི་ཡི་རིགས་མ་གཏོགས་སེམས་ཅན་གཞན་མི་འཇོག་སྟེ། དེའི་ཆོས་གཞུང་དུ་མི་གསོད་མི་རུང་། བྱ་དང་ཉ་དང་ར་ལུག་སོགས་ཚོད་མ་དང་འདྲ་ཞིང་མི་ཡི་རིགས་ཀྱི་ཟས་ཡིན་པས་བསད་ན་ཉེས་པ་མེད་ཟེར་རོ།
          གོང་གསལ་ཆོས་ལུགས་འདི་གཉིས་དང་། རྒྱ་གར་གྱི་བྲམ་ཟེ་ཆོས་ལུགས་སོགས་ཆོས་བྱེད་པའི་དམིགས་ཡུལ་ཚེ་ཕྱི་མ་རང་ཉིད་ལྷ་ཡུལ་དུ་སྐྱེ་བའི་རང་བདེ་ཙམ་ལས་གཞན་ཕན་སྙིང་རྗེ་མེད།
          སངས་རྒྱས་ཆོས་ལུགས་ནི་སྙིང་རྗེ་དང་ཤེས་རབ་གཉིས་གཞི་རྩར་འཛིན་པའི་ཆོས་ལུགས་ཤིག་ཡིན།  སྙིང་རྗེའི་ཡུལ་ཡང་མཐོ་རིས་ལྷ་མི་ནས་སྲོག་ཆགས་འབའ་འབུ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཡིན་ལ། དེ་ཡང་དགྲ་གཉེན་དང་ཕན་གནོད་ཀྱི་ཁྱད་མི་འབྱེད་པར་ཀུན་ལ་མཉམ་པོར་ལྟ་བའི་བཏང་སྙོམས་ཆེན་པོ་དང་། སེམས་ཅན་ལ་མཐོ་དམན་དང་བཟང་ངན་གྱི་ཁྱད་མི་བཏོད་པར་མ་གྱུར་སེམས་ཅན་ཐམས་ཅད་ཅེས་མི་དང་དུད་འགྲོ་སོགསསེམས་ཅན་ཀུན་ལ་ཕ་མའི་འདུ་ཤེས་བཟུང་ནས་བྱམས་སྙིང་རྗེ་བྱེད་པ་དང་། ཕ་མ་ལ་དྲིན་ལན་འཇལ་བའི་ཚུལ་དུ་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་དགོས་པ་ཞིག་ཡིན། འདི་ལྟ་བུའི་ཐུགས་དགོངས་རྒྱ་ཆེན་པོ་དང་། ཕན་སེམས་སྙིང་རྗེ་རྒྱ་ཆེན་པོ་དང་ལྡན་པ་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་ལུགས་མ་གཏོགས་འཇིག་རྟེན་འདི་ན་སུ་ཡོད། འདི་ལྟ་བུའི་སྤྱི་སེམས་དང་། ཕན་སེམས་སྙིང་རྗེ་ཡོད་པའི་ཆོས་ལུགས་ལ་ཡང་ངོ་རྒོལ་བྱེད་པའི་སེམས་ཅན་དེ་རིགས་བཟང་ངན་བླང་དོར་ཕྱེད་པའི་མིག་མེད་པ་ལས་རྒྱུ་མཚན་གཞན་ཅི་ཡང་མེད་དོ།།
          དེ་ཡང་དང་བོ་རྒྱ་གར་ཡུལ་དུ་ཟས་གཙང་སྲས་པོས་ཤེས་རབ་དང་སྙིང་རྗེ་བླ་ན་མེད་པའི་ཆོས་ལུགས་འདི་བསྟན་ནས་སེམས་ཅན་གྲངས་མེད་ལྟ་ལོག་ཆོས་ལོག་གི་གཡང་ས་ལས་བསྐྱབས་ཤིང་། མི་རིགས་རྣམ་བཞིའི་ཁྱད་པར་མེད་པ་དང་། སྐྱེ་ཕོ་མོ་ཁྱད་པར་མེད་པར་ཆོས་ལ་ཞུགས་ཆོག་པའི་སེམས་ཅན་འདྲ་མཉམ་གྱི་ལམ་ལུགས་སྲོལ་བཏོད། མང་ཚོགས་ཀྱི་བྱ་བ་མང་མང་གིས་གྲོས་བྱས་ནས་ཐག་གཅོད་པའི་དམངས་གཙོ་ལམ་ལུགས་དེ་ཡང་ཐོག་མར་དགེ་འདུན་གྱི་སྡེ་ནས་བྱུང་བ་རེད། འཚེ་བ་ཆོས་སུ་སྨྲ་བ་དང་། ལས་འབྲས་མི་བརྩི་བའི་ཆོས་ལོག་ལྟ་ལོག་བཀག་ཅིང་། མི་དགེ་བཅུ་སྤོང་རྩ་བར་བྱས་པའི་སོ་ཐར་གྱི་ཁྲིམས་དང་། གཞན་ཕན་གཙོ་བོར་བྱས་པའི་བྱང་སེམས་ཀྱི་ཁྲིམས་སོགས་བཙུགས་ནས་སེམས་ཅན་འདྲ་མཉམ་རང་དབང་ཞི་མཐུན་བདེ་སྐྱིད་ཀྱི་ལམ་ལ་བཀོད། རི་ལུང་ནགས་ཚལ་རྩ་ཆུ་རི་དྭགས་འདབ་ཆགས་སོགས་སྲུང་སྐྱོབ་བྱས་ནས་གནས་ས་འཁོར་ཡུག་བཟང་སྒྲུབ་བྱེད་པ་སོགས་འཇིག་རྟེན་ཕན་སྒྲུབ་བྱས་པ་བརྗོད་ཀྱིས་མི་ལང་ངོ་།།
དང་བོ། བོད་མི་རིགས་གཅིག་གྱུར་ཏུ་གྱུར་བ་ལ་ཕན་ཆེན་བྱུང་བའི་སྐོར།
          རྒྱ་ནག་གི་གནའ་རབ་ཀྱི་ཡིག་ཚང་དུ་ནུབ་རྒྱུད་དུ་སྤྱང་གི་རིགས་བརྒྱ་དང་ལྔ་བཅུ་ཡོད་ཅེས་པའི་སྤྱང་དེ་བོད་ཀྱི་སྤྱི་མིང་ཡིན་ལ། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་སྲིད་དབང་གཅིག་གྱུར་མ་བྱས་གོང་དུ་རྒྱལ་ཕྲན་སིལ་མ་བཞི་བཅུ་ཁ་འཐོར་དུ་གནས་པར་སྣང་ལ། རྒྱལ་ཕྲན་དེ་དག་ཕན་ཚུན་ས་རྩོད་ཆུ་རྩོད་དང་ཟོག་ར་ལུག་འཕྲོག་བཅོམ་བྱེད་པ་སོགས་ཀྱིས་ཡུལ་སྡེ་དང་ཚོ་སྡེ་བར་གྱི་ནང་དམེ་འཐབ་འཁྲུག་རྒྱུན་ཆད་མེད་པར་སྣང་ལ། གླིང་གེ་སར་གྱི་སྒྲུང་ཡང་གནས་སྐབས་དེའི་གནས་ཚུལ་མཚོན་པ་འདྲ། སྲོང་བཙན་སྒམ་པོའི་ཡབ་རྒྱལ་བོ་གནམ་རི་སྲོང་བཙན་ཡང་རྒྱལ་ཕྲན་དབང་རྩོད་ཀྱི་ནང་དུ་དུག་གིས་བཀྲོང་། སྲོང་བཙན་སྒམ་པོ་སྐུ་ན་ཕྲ་བའི་རྐྱེན་གྱིས་སྲོག་ལས་ཐར་ཏེ། ན་སྨིན་ནས་ཨ་ལྕེ་སད་མ་དཀར་དང་གཉིས་ཀྱིས་བློ་བྱས་ནས་ཞང་ཞུང་གི་དམག་ཁྲི་སྡེ་བླངས། དམག་སྟོབས་དེ་ལ་བརྟེན་ནས་གཉན་དང་མཛོ་དང་སུམ་པ་སོགས་རྒྱལ་ཕྲན་སིལ་མ་ཐམས་ཅད་རིམ་པར་དབང་འོག་བསྡུས་ནས་བོད་སྤྱི་མཐུན་གྱི་རྒྱལ་ཁབ་གསར་དུ་ཚུགས་པ་རེད། དེ་ཡང་རྒྱལ་སྲིད་གཅིག་གྱུར་བྱེད་པ་དམག་སྟོབས་དང་བཙན་དབང་ཁོ་ན་ལ་བརྟེན་པས་མི་འོང་ཞིང་། ཆབ་སྲིད་སྟེང་དུ་རྒྱལ་ཕྲན་ཐམས་ཅད་བསམ་མཐུན་གྲོས་མཐུན་འོང་བ་ཤིན་ཏུ་གལ་ཆེ་བར་སྣང་ལ། རྒྱལ་ཕྲན་རྣམ་དམག་སྟོབས་ཀྱིས་གཅིག་གྱུར་བྱས་རྗེས་སུ་ཡང་། རྒྱལ་ཕྲན་ཕན་ཚུན་དང་། ཚོ་སྡེ་མི་སྡེ་བར་གྱི་མི་རབས་མི་ཐོག་ཏུ་གསོད་རེས་འཐབ་རེས་དང་མི་བསད་རྒྱུ་འཕྲོག་གི་སྙིང་ནད་དེ་ཞི་དཀའ་བར་སྣང་ལ། དེ་སྟབས་ཀྱིས་བསམ་པའི་སྟེང་གི་གཅིག་མཐུན་དང་སྤྱི་ཚོགས་བདེ་འཇགས་དེ་འོང་དཀའ་བར་འདུག་པས། རྣམ་དཔྱོད་ཀྱི་བློ་མིག་རབ་ཏུ་ཡངས་པའི་རྒྱལ་བོ་དེས་སྐབས་དེར་འཛམ་གླིང་ཤར་ཕྱོགས་ན་རིག་གནས་དང་སྟོབསའབྱོར་དར་ཆེ་བའི་རྒྱ་གར་དང་རྒྱ་ནག་གི་ཆོས་ལུགས་དང་རིག་གནས་དེ་རང་ཡུལ་དུ་སྤེལ་དགོས་དགོངས་ནས། རྒྱ་ནག་གི་ཀོང་ཇོ་བླངས་ནས་གཉེན་གྱི་འབྲེལ་བ་བཙུགས་ཏེ་བོད་ཀྱི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནི་དང་གསུང་རབ་རིན་པོ་ཆེ་སྐོར་ཅིག་གདན་འདྲེན་ཞུས། བལ་གཟའ་བླངས་ནས་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་སོགས་གདན་དྲངས་། དམ་པའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པར་དགོངས་ནས་ཐོན་མི་སམ་བྷོ་ཊ་སོགས་བློན་པོའི་བུ་སྐོར་ཅིག་རྒྱ་གར་དུ་བརྫང་ནས་སློབ་སྦྱོང་བྱེད་དུ་བཅུག ། ཐོན་མི་ལ་་བོད་ཡིག་བཟོ་བ་དང་ཆོས་བསྒྱུར་བའི་བཀའ་ལུང་ཕབ་སྟེ།ཡིག་གེ་བཟོས་རྗེས་ཐོག་མར་སྙིང་རྗེ་ལྷ་མཆོག་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བོད་སྐད་དུ་བསྒྱུར་དུ་བཅུག་པའང་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པའི་དགོངས་པ་ཟབ་མོ་ཞིག་ཡོད་པར་གསལ། སྐབས་དེར་བོད་ཡུལ་དུ་ཡི་གེ་མེད་ལ། སེམས་ལ་ཕན་པའི་དད་མོས་རིག་གནས་ཤིག་ཀྱང་མེད་པས། བོད་འབངས་རྣམས་ཞེ་སྡང་དང་གདུག་རྩུབ་ཆེ་ཞིང་། འཐབ་རྩོད་ལ་དགའ་བས་བོད་སྲིན་པོ་གདོང་དམར་ཅན་དང་།  དམུ་རྒོད་སེམས་ཅན་སོགས་སུ་འབོད་པ་རེད། དེ་དག་འདུལ་བྱེད་ཀྱི་གཉེན་པོར་སྙིང་རྗེ་ཆོས་ལུགས་སྤེལ་བ་ལས་ཐབས་གཞན་མེད་པར་དགོངས་ནས། སྙིང་རྗེ་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་བོད་ཀྱི་ལྷ་སྐལ་དང་། མ་ཎི་ཡིག་་་་དྲུག་བོད་ཀྱི་ཆོས་སྐལ་བྱས་ཤིང་། མི་དགེ་བཅུ་སྤོང་གི་ཆོས་ཁྲིམས་གཞིར་བྱས་པའི་མི་ཆོས་གཙང་མ་བཅུ་དྲུག་གི་རྒྱལ་ཁྲིམས་སོགས་བཟོས་བ་རེད།   སྙིང་རྗེ་ཆོས་ལུགས་དེ་ལ་བརྟེན་ནས་མི་རྣམས་ཀྱི་སེམས་ཀྱི་ཞེ་སྡང་དང་གདུག་རྩུབ་ཞི་བར་བྱེད་ཅིང་། ལས་འབྲས་ཀྱི་ཆོས་དང་། སྲོག་གཅོད་སྤོང་བའི་སྡོམ་པ་སོགས་ཀྱིས་ནང་དམེ་འཐབ་རྩོད་བྱེད་པའི་སྤྱོད་ངན་བཀག་པས། མི་རིགས་ནང་གི་མཐུན་འབྲེལ་ཆེན་པོ་བརྟན་ཆགས་བྱུང་བ་རེད། ཆོས་ལུགས་དད་མོས་དེ་མི་རྣམས་ཀྱི་བསམ་པ་གཅིག་ཏུ་བྱེད་པའི་འཛིན་རྩི་གལ་ཆེན་ཞིག་ཡིན་པར་ཡི་ཟི་ལན་ཆོས་ལུགས་སྟེང་ནས་ཀྱང་གསལ་བར་མཚོན་འདུག་ཅིང་། གླང་དར་ཆོས་བསྣུབས་རྗེས་སུ་བོད་ཀྱི་སྲིད་དབང་སིལ་འཐོར་དུ་སོང་བའི་ལོ་རྒྱུས་ཀྱིས་ཀྱང་མཚོན་འདུག་གོ།
གཉིས་པ། སངས་རྒྱས་ཆོས་ལུགས་ཀྱིས་བོད་ཀྱི་མི་གཤིས་བསམ་པ་བཟང་བོར་བསྒྱུར་བ་དང་། རིག་ནས་དར་རྒྱས་ལ་ཕན་རླབས་བྱུང་བའི་སྐོར།
          མི་དང་དུད་འགྲོའི་ཁྱད་པར་རིག་གནས་ཡོད་མེད་ཀྱི་སྟེང་ནས་ཕྱེ་བ་ཡིན་ལ། མི་ཡ་རབ་དང་མ་རབ། སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་ཡང་རིག་གནས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་བསམ་པ་དང་། ལྟ་བ་དང་། ཀུན་སྤྱོད་སོགས་ཀྱི་སྟེང་ནས་ཕྱེ་བ་རེད། དེང་སང་འཛམ་གླིང་ན་བོད་མི་རིགས་བསམ་པ་དྲང་ཞིང་དཀར་བའི་ཚད་དུ་བྱེད་པ་འདི་ཡང་། མི་རིགས་འདི་བསམ་པ་དང་ཀུན་སྤྱོད་བཟང་བའི་ཆ་ནས་ཡིན་ལ། བསམ་པ་དང་ཀུན་སྤྱོད་བཟང་བོ་དེ་ཡང་ལྷན་སྐྱེས་སུ་ཡོད་པ་མ་ཡིན་པར། ཆོས་དང་རིག་གནས་ཀྱི་སློབ་གསོ་ཐེབས་པ་ལས་བྱུང་བ་རེད། བོད་ལ་མཚོན་ན་སངས་རྒྱས་ཆོས་ལུགས་མ་དར་གོང་། གླུ་དང་སྒྲུང་དང་བྲོ་གར། གནམ་ལྷ་མཆོད་པ་དང་འདྲེ་གཤེད་འདུལ་བ་སོགས་གདོད་མའི་དད་མོས་དང་དམངས་ཁྲོད་རིག་གནས་སོགས་ཡོད་ཀྱང་། རིགས་པའི་གཞུང་ལུགས་དང་འབྲེལ་བའི་ལྟ་བ་དང་ཀུན་སྤྱོད་སོགས་རིག་གནས་མཐོ་གྲས་སྐོར་མེད་ལ། བོད་ཡིག་བཟོས་པའི་རྗེས་སུ་ལཱོ་ཙ་བ་སྐྱེད་སྲིང་བྱས་ནས་རྒྱ་གར་ནག་དང་ལི་བལ་སོགས་ནས་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་གཙོ་བོར་བྱས་པའི་སྒྲ་ཚད་བཟོ་གསོ་སྙན་ངག་མངོན་བརྗོད་ཟློས་གར། སྐར་རྩིས་ནག་རྩིས། འབུར་རྐོ་རིས་བྲིས། ཁང་བ་བཅའ་ལག་གོས་དང་རྒྱན་ཆའི་བཟོ་རྩལ་སོགས་སྣ་འཛོམས་ཤིང་སྤུས་ལེགས་པའི་རིག་གནས་ཡོངས་རྫོགས་ཤིག་བསླབ་་་བསྒྱུར་སྤེལ་གསུམ་གྱི་སྒོ་ནས་དར་བར་བྱེད་པ་ཡིན་ལ། རིག་གནས་དེ་དག་བསླབ་བསྒྱུར་སྤེལ་གསུམ་བྱེད་མཁན་ཡང་ཤཱཀྱའི་རྗེས་འཇུག་གི་བཙུན་པ་དང་དགེ་བསྙེན་ཤ་སྟག་ཡིན། དེ་ཡང་སངས་རྒྱས་ཆོས་ལུགས་ནི་ཤེས་བྱ་ཐམས་ཅད་ཤེས་པའི་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཡོངས་ལ་ཕན་བདེ་སྒྲུབ་པར་དམིགས་པ་ཞིག་ཡིན་པས། རང་ཉིད་ཤེས་བྱ་ཐམས་ཅད་ཤེས་པར་བྱེད་པ་དང་། སེམས་ཅན་ཡོངས་ལ་ཐབས་ཤེས་སྣ་ཚོགས་ཀྱིས་ཕན་བདེ་སྒྲུབ་དགོས་པས་ན། རིག་གནས་གང་ཡང་མེད་དུ་མི་རུང་བ་ཞིག་ཡིན་ཕྱིར། རྒྱ་གར་ནག་དང་ལི་བལ་སོགས་སུ་སྐབས་དེར་དར་ཆེ་བའི་རིག་གནས་མང་བོ་ཞིག་བསླབ་བསྒྱུར་བྱས་པ་རེད། ཆོས་དང་རིག་གནས་བསླབ་བསྒྱུར་སྤེལ་གསུམ་བྱེད་མཁན་དེ་དག་ཀྱང་མིང་སྙན་གྲགས་ཐོབ་གོ་ས་དང་རྒྱུ་ནོར་ལོངས་སྤྱོད་ཐོབ་འདོད་སོགས་མ་ཡིན་པར། ཆོས་པའི་ངོས་ནས་ཆོས་དང་རིག་གནས་ཀྱིས་སེམས་ཅན་ལ་ཕན་དོན་སྒྲུབ་པ་ཁོ་ན་ལ་དམིགས་པའི་བསམ་པའི་ཀུན་སློང་རླབས་པོ་ཆེ་དང་། དཀའ་སྤྱད་སྡུག་རུས་བྱས་པའི་བརྩོན་སེམས་དང་སྙིང་སྟོབས་ཆེན་པོ་དེ་དག་ཆོས་ལ་དད་པ་མེད་ཅིང་རང་དོན་ཁོ་ནའི་དོན་དུ་འཚོ་བའི་མི་རྣམས་ཀྱི་བློ་ངོར་ཆུད་ཐུབ་པ་ཞིག་མིན་ནོ།།
          གཞན་ཡང་མི་ལ་ལས། སྔོན་ཆད་བོད་ལ་སློབ་གྲྭ་མེད་ཟེར་ཡང་། རྒྱ་ནག་རྒྱ་སེར་གྱི་ལུགས་ལྟར་ཚུགས་པའི་དེང་སང་གི་སློབ་གྲྭའདི་འདྲ་མེད་ཀྱང་། རང་གི་ཆོས་དང་རིག་གནས་ཀྱི་སློབ་གྲྭ་མེད་པ་ག་ལ་ཡིན། ཡོད་པས་མི་ཚད། གཞན་ལས་་ལྷག་པའི་ཁྱད་ཆོས་མང་དུ་ཡོད་པའི་སློབ་གྲྭ་ཆེ་ཆུང་མང་དུ་ཡོད། དེ་གང་ཡིན་ཟེར་ན། བོད་ཡུལ་ཀུན་ཏུ་ཁྱབ་པའི་རྒྱ་གར་ན་ལེན་དྲ་དང་པྲི་ཀ་མ་ལ་ཤི་ལ་སོགས་དཔེ་བྱས་ནས་བཏབ་པའི་ཆོས་གྲྭ་དགོན་སྡེ་ཡིན། དགོན་པ་རྣམས་ཀྱི་ནང་དུ་ཡིག་གེ་དཀར་ནག་ནས་བཟུང་སྟེ། བཅུ་ཕྲག་རིག་གནས་ཀྱི་སློབ་ཁྲིད་དང། སྨན་རྩིས་དང་ལྷ་རིས་བཟོ་རྩལ་སོགས་ཁྲིད་སྦྱོང་བྱེད་པ་དང་།  བཀའ་བོད་གཞུང་ལུགས་དཔྱད་འཇུག་འཆད་རྩོད་རྩོམ་གསུམ་དང་བསྒྱུར་སྤེལ་ལག་ལེན་བྱེད་པ་སོགས་དང་། ཁང་བཟང་བཀོད་ལེགས་ལྷ་རྟེན་མཆོད་གསུམ། འཆམ་དང་གླུ་གར་རོལ་མོའི་ལྟད་མོ། དཔར་སྐྲུན་ཁང་སོགས། ཆོས་སྡེ་ཆེ་ཁག་སོགས་ལ་དེང་སང་གི་སློབ་གྲྭ་དང་།  ཞིབ་འཇུག་ཁང། རྩོམ་སྒྱུར་ཁང་། དཔར་སྐྲུན་ཁང་། དཔེ་མཛོད་ཁང་། གནའ་རྫས་ཁང་། སྒྱུ་རྩལ་ཁང་སོགས་ཀྱི་བྱེད་ལས་ཀུན་པོ་ཚང་ཡོད། རྒྱལ་ཁབ་ཕྱི་ནང་གི་མི་མང་བོ་ལེ་བར་སྟོང་ཕྲག་ཁྲི་ཕྲག་གི་ལམ་ནས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་འདྲེན་པ་བཞིན་རུབ་ནས་ལྟ་སྐོར་མཇལ་སྐོར་དུ་འོང་བ། བོད་ཀྱི་སློབ་གྲྭ་དང་། རིག་གནས་ལྟེ་བའི་གོ་གཉིས་ཆོད་ཀྱི་དགོན་པ་དེ་དག་གི་ངོ་མཚར་གཟི་བརྗིད་ཡིན་ལ་། ས་རྡོ་རི་བྲག་དང་མིའི་ཡག་རྩོག་སོགས་ལྟ་བར་འོང་བ་ག་ལ་ཡིན། དེང་སང་ལྟ་སྐོར་དཔལ་འབྱོར་ལས་ས་ཆ་ཕྱུག་པོར་གྱུར་བ་མང་ལ། བོད་ཀྱི་ས་ཆར་དགོན་པ་དང་ལྷ་རྟེན་མཆོད་གསུམ་མེད་ན་ལྟ་སྐོར་བྱེད་ས་གཞན་མེད་ལ། དགོན་པ་རྣམས་ཀྱི་དྲིན་ལས་ཡུལ་ཕྱོགས་ཀྱི་དཔལ་འབྱོར་དང་། དགོན་མཐའི་ཚོང་ལས་དར་བ་སོགས་དཔལ་འབྱོར་ཐད་ནས་ཡུལ་ཕྱོགས་ལ་ཕན་ཐོགས་བྱུང་བ་འདི་མངོན་སུམ་དུ་གྱུར་བས་སུ་ཞིག་གིས་བསྙོན་འདིངས་པར་ནུས།
          མཁས་པ་ཡོན་ཏན་ཅན་དང་མི་ཡ་རབ་སྐྱེད་སྲིང་བྱས་པའི་ཕྱོགས་ནས་བཤད་ན། དགོན་པ་སོ་སོ་ནས་གནའ་ནས་ད་ལྟའི་བར་དུ་བོད་དང་ཟོག་པོ་སོགས་བོད་རྒྱུད་ནང་བསྟན་ལ་དད་པའི་མི་རིགས་མང་བོར་ཕྱི་ནང་རིག་གནས་ལ་མཁས་པའི་མཁས་པ་ཡོན་ཏན་ཅན་མང་དུ་སྐྱེད་སྲིང་བྱས་ཤིང་། དེའི་ནང་གི་མཁས་བ་མང་བོ་ཞིག་མཁས་པའི་ཕྱག་རྗེས་བཞག་པ་ཡུལ་ཁམས་རྒྱ་ཆེན་པོ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་བོར་རང་རིགས་དང་གཞན་རིགས་ཀུན་ལ་ཕན་ཆེན་པོ་བྱུང་ཡོད། དཔེར་ན། ས་པཎ་དང་། བུ་སྟོན་རིན་ཆེན་གྲུབ། བོ་དོང་ཕྱོགས་ལས་རྣམ་རྒྱལ། རྗེ་ཡབ་སྲས་གསུམ་སོགས་ཀྱི་མཁྱེན་དཔྱོད་དང་། མཁས་པའི་ཕྱག་རྗེས་གང་གི་ཐད་ནས་ཀྱང་། འཛམ་གླིང་གི་མཁས་པ་ཨང་དང་བོའི་གྲལ་དུ་བཞག་ཆོག་ཅེས་ངེད་ཅག་མགྲིན་པ་གཟིངས་སུ་བསྟོད་ནས་སྨྲ་བར་སྤོབས། མཁས་པ་དང་མཁས་པའི་ཕྱག་་་རྗེས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་གཟི་བརྗིད་བླ་ན་མེད་པ་ཞིག་ཏུ་བརྩི་གིན་ཡོད། སངས་རྒྱས་ཆོས་ལུགས་ནི་མི་རྣམས་ཀྱི་བསམ་པ་དང་ལུས་ངག་གི་བྱ་སྤྱོད་ཇེ་བཟང་དུ་གཏོང་བའི་སློབ་གསོའི་ལམ་ལུགས་ཤིག་ཡིན་པས། བོད་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལུགས་འདི་དར་བ་ནས་བཟུང་སྟེ། ཀླ་ཀློ་གདུག་རྩུབ་ཅན་གསོད་པ་དང་འཐབ་པ་ལ་དགའ་བའི་མཐའ་འཁོབ་ཀྱི་མི་རིགས་འདི་རིག་གནས་ཡོད་པའི་མི་རིགས་ཡ་རབ་ཅིག་ཏུ་གྱུར་བ་རེད། དཔེར་ན། མི་རྣམས་བསམ་པ་དཀར་ཞིང་རྒྱུད་དྲང་བ། ལས་རྒྱུ་འབྲས་བརྩི་ཞིང་ངོ་ཚ་དང་ཤིང་ཁྲེལ་ཡོད་པ། གཞན་ལ་བརྩི་བཀུར་བྱེད་ཅིང་བློ་ཐུབ་ཚིག་ཐུབ་ཡིན་པ།  སྡུག་རུས་དང་སྙིང་སྟོབས་ཆེ་བ། བྱམས་སྙིང་རྗེ་ཆེ་ཞིང་ཡ་རབ་དགེ་བའི་ལས་ལ་དགའ་བ། ཤེས་རབ་ཆེ་ཞིང་སེམས་བརྟན་པ་་་་སོགས་འཇིག་རྟེན་ན་མི་གཤིས་བཟང་བོར་བརྩི་བའི་ཡ་རབ་མི་ཡི་ཡོན་ཏན་འདིའི་རིགས་བོད་མི་རིགས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པ་འདི་ཡང་སྐྱེས་ཐོབ་ཀྱི་རང་བཞིན་ཞིག་མ་ཡིན་པར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་རིག་གནས་ཀྱི་སློབ་གསོ་ལས་ཆགས་པ་རེད། དེང་རབས་ཚན་རིག་གི་ཕ་རྒན་དུ་འབོད་པའི་ཨེ་ཡིན་ཟི་ཐཱན་ནས། ངེད་ཅག་ཡུས་ཐེ་མི་རིགས་འདི་ལ་ཆག་འཇིག་ཇི་ལྟར་བྱུང་ཡང་། མི་རིགས་ཀྱི་རང་གཤིས་མ་ཉམས་ཤིང་བསམ་པ་རྡོག་རྩ་གཅིག་ཏུ་གནས་ཡོད་པ་འདི་རང་་་རེའི་ཡུས་ཐེ་ཆོས་ལུགས་ཀྱི་དྲིན་ཡིན། ཞེས་གསུངས་པ་ལྟར། རང་རེ་བོད་རིགས་འདི་ཡང་ལོ་རྒྱུས་ཀྱི་རྩུབ་རོང་ཇི་འདྲ་ཞིག་བརྒྱུད་ཀྱང་། རིགས་ཀྱི་རང་བཞིན་གཞི་ནས་མ་འགྱུར་བ་དང་། རང་རིགས་རྡོག་རྩ་གཅིག་ཏུ་དྲིལ་བའི་རྒྱུན་ཐག་མ་ཆད་པ་ནི་ཆོས་ལུགས་བཟང་བོ་འདིའི་དྲིན་ཁོ་ན་ཡིན།
གསུམ་པ། ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་ཕན་པའི་སྐོར།
          མི་རྣམས་འཚོ་སྡོད་བྱེད་པ་རང་བྱུང་གི་འཁོར་ཡུག་ལ་རག་ལས་ཡིན། ཟ་མ་འཐུང་ཆུ་མེ་ཤིང་དང་། གནས་ཁང་བཟོ་སྤྱད་ཀྱི་ས་རྡོ་ཤིང་གསུམ། ཞིང་ལས་ཕྱུགས་ལས་ཀྱི་ཆ་རྐྱེན། མཁའ་དབུགས་གཙང་མ་བཅས་འཚོ་བའི་ཆ་རྐྱེན་གང་ཡང་མེད་དུ་མི་རུང་ཞིང་། བོད་མཐོ་སྒང་གི་ས་འདི་སའི་གོ་ལའི་ཐོག་འདིར་དུག་རྫས་ཀྱིས་མ་སྦགས་པའི་ས་གཙང་ཉག་གཅིག་ཡིན་ཞེས་ནུབ་གླིང་གི་མཁས་པ་རྣམས་ཤིན་ཏུ་མཐོང་ཆེན་བྱེད་པར་འདུག དེང་སང་ཆུ་དང་མཁའ་དབུགས་འབྲུ་རིགས་དང་སྔོ་ཚོད་ཁོར་ཡུག་ཚང་མ་དུག་གིས་མ་སྦགས་པ་མེད་པའི་གྲོང་དང་གྲོང་ཁྱེར་དུ་གནས་པའི་མི་རྣམས་ལ་ལྟོས་ན་ས་གཙང་ཆུ་གཙང་མཁའ་དབུགས་གཙང་མའི་ཁོར་ཡུག་ཏུ་གནས་པའི་མི་རྣམས་ཅི་འདྲའི་སྐལ་བ་བཟང་། དེ་ཡང་གངས་རིའི་ལྗོངས་ཀྱི་ཁོར་ཡུག་ཕར་ཆེར་ད་ལྟའི་བར་དུ་གདོད་མའི་རང་བྱུང་གི་ཉམས་བཟང་ཤོས་སུ་གནས་ཡོད་ཅིང་། འདབ་ཆགས་རི་དྭགས་རྣམས་ཀྱང་སྐྱེས་རྒྱུད་གཏན་ཆད་དུ་མ་སོང་བ་འདི་ཡང་སངས་རྒྱས་ཆོས་ལུགས་འདི་ཁོ་ནའི་དྲིན་ཡིན།  དཔེར་ན། སངས་རྒྱས་ཆོས་ལུགས་ཀྱིས་སྲོག་གཅོད་སྤོང་བའི་ཁྲིམས་བཅོས་ནས་ལྷ་འདྲེ་ལ་དམར་མཆོད་བྱེད་པའི་གནའ་སྲོལ་བཀག་པ་དང་། རི་རྒྱ་ལུང་རྒྱ་སྡོམ་ནས་ནགས་ཚལ་དང་བྱ་དང་རི་དྭགས་སོགས་སྲུང་སྐྱོབ་བྱས་པ་དང་། ཉ་བ་དང་རྔོན་པ་རྣམས་ལ་འཚོ་བའི་ཆ་རྐྱེན་སྦྱར་ནས་ཞིང་ལས་ཕྱུགས་བྱེད་དུ་བཅུག་པས་སྲོག་ཆགས་མང་བོ་སྲོག་ལས་བསྐྱབས་པ་དང་། དབྱར་དུས་རྩྭ་དང་ཤིང་ལོ་སོགས་རྒྱས་པའི་སྐབས་སུ་དགེ་ཚུལ་སློང་རྣམས་དབྱར་སྲུང་ནས་རྩྭ་འབྲེག་ཤིང་གཅོད་ཀྱི་ལས་བཀག་པ་དང། འདུལ་བར་རྩྭ་སྔོན་སྟེང་དང་ཆུ་ནང་དུ་གཅིན་སྐྱག་དོར་བ་དང་།ཆུ་ཁར་གོས་གདན་སོགས་བཀྲུ་བ་བཀག་པ་དང་། སྒོ་ཕྱུགས་མང་བོ་ཚེ་ཐར་གཏོང་བ་དང་། ཁྱི་ལྡོམ་དང་ཉ་དང་འདབ་ཆགས་སོགས་ལ་ཟས་སྦྱིན་གཏོང་བ་དང་། ལྷ་རི་དང་བླ་མཚོ་སོགས་ཀྱི་མིང་བཏགས་ནས་རི་སྲུང་མཚོ་སྲུང་བྱེད་ཅིང་གསེར་སོགས་ས་འོག་གི་གཏེར་བརྐོར་མི་འཇུག་པ་སོགས་ཐབས་སྣ་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པ་འདི་ཁོར་ཡུག་འདིར་གནས་པའི་མི་རྣམས་ལ་ཡུན་རིང་གི་ཕན་བདེ་བླ་ན་མེད་པ་་ཞིག་བསྒྲུབས་པ་ཡིན་པར་འཛམ་གླིང་སྤྱིའི་གནས་ཚུལ་ལ་ལྟོས་ན་ཤེས། དེང་སང་མི་སྐོར་ཞིག་གིས་བོད་ཡུལ་དུ་དེང་རབས་ཀྱི་བཟོ་ལས་མ་དར་བ་དེ་བོད་རྗེས་ལུས་ཀྱི་རྟགས་སུ་མཐོང་ཞིང་། དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་སྐྱོན་ཡིན་ཟེར་ཀྱིན་འདུག་མོད། སྤྱི་ཚོགས་ཚན་རིག་གི་མཁས་ཆེན་ལཱ་ཟི་ལོ་ནས་བརྩམས་པའི་གཞུང་་གྲགས་ཆེན་《འགྱུར་ལྡོག་ཆེན་པོ》ཞེས་བར། ཨང་རིམ་གསུམ་པའི་རྒྱལ་ཁབ་རྣམས་བཟོ་ལས་སྤེལ་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལམ་དེར་ཞུགས་ན་རང་སྲོག་རང་གིས་བཅད་པ་དང་ཁྱད་པར་མེད་ཅེས་གསུངས་སོ།། ཨང་རིམ་གསུམ་པའི་རྒྱལ་ཁབ་ནི། ཀྲུང་ཀོ་དང་རྒྱ་གར་སོགས་རྒྱལ་ཁབ་དབུལ་བོ་རྣམས་སོ།། དེ་ཡང་ཁོར་ཡུག་བརླགས་པའི་རྒྱུ་རྐྱེན་གཙོ་བོ་དེང་རབས་བཟོ་ལས་ཡིན་པའི་གནད་ཀྱིས་དེ་ལྟར་གསུངས་པ་རེད།
བཞི་བ། སྤྱི་ཚོགས་བདེ་འཇག་ལ་ཕན་པའི་སྐོར།
          དེ་ཡང་གནའ་ནས་ད་ལྟའི་བར་དུ་རྒྱལ་ཁབ་སོ་སོས་ཁྲིམས་འགལ་ལུགས་འགལ་གྱི་ཉེས་སྤྱོད་འགོག་ཅིང་། སྤྱི་ཚོགས་བདེ་འཇགས་སྲུང་བའི་རྒྱལ་ཁྲིམས་མང་དུ་བཟོས་ནས་ཉེས་སྤྱོད་སྐོར་ཅིག་འགོག་གནོན་ཐུབ་ཀྱང་། རྩ་བ་ནས་འགོག་ཐུབ་ཀྱིས་མེད་ལ། དེའི་རྒྱུ་མཚན་ནི་མི་་རྣམས་ཀྱི་བྱ་སྤྱོད་བཟང་ངན་ནི་སེམས་ལ་རག་ལས་ཡོད་པས། སྤྱོད་ངན་ཀྱི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྟ་ངན་སོགས་སེམས་ཀྱི་སྟེང་གི་་་ཉེས་སྐྱོན་དེ་རིགས་མ་སེལ་ན། ལུས་ཀྱི་སྟེང་ནས་ཁྲིམས་ཆད་དྲག་པོ་ཇི་ལྟར་བཅད་ཀྱང་། རྩྭ་མགོ་བྲེགས་ཀྱང་རྩད་པ་ནས་སླར་ཡང་སྐྱེ་བ་བཞིན་དུ་ཁྲིམས་འགལ་ལུགས་འགལ་གྱི་ཉེས་སྤྱོད་ཀྱི་སྐོར་རྩ་བ་ནས་རྒྱུན་གཅོད་པར་མི་ནུས་སོ། སངས་རྒྱས་ཆོས་ལུགས་ནི་སེམས་འདུལ་བ་གཙོ་བོ་ཡིན་ལ། སེམས་འདུལ་ཟེར་བ་ཡང་སེམས་ཀྱི་སྟེང་གི་ཆགས་སྡང་རྨོངས་པའི་རྩུབ་རེག་གི་དྲི་མ་རྣམས་སེལ་པར་བྱེད་པ་ཡིན། དེ་ཡང་སྡིག་སྤོང་དགེ་སྒྲུབ་ལས་འབྲས་སོགས་ཀྱི་རྒྱུ་མཚན་གོ་བསྐོན་ནས་ཉེས་སྤྱོད་ལས་བསྲུང་ཞིང་ཆགས་སྡང་སོགས་ཀྱི་མགོ་གནོན་པར་བྱེད་པ་དང་། ཤེས་རབ་ཀྱི་གཉེན་པོ་བསྟེན་ནས་དུག་རྩད་བཅོམ་ནས་སེམས་འཇམ་ཞིང་མཉེན་ལ་ཞི་དུལ་བག་ཡོད་དུ་བཏང་བ་ཡིན།མི་རྣམས་རང་སེམས་རང་གིས་བདག་ཐུབ་པར་བྱས་ནས་ཁྲེལ་དང་ངོ་ཚ་ཤེས་ཞིང་། ཞི་དུལ་བག་ཡོད་ཀྱིས་འཚོ་ཞིང་གནས་པ་ནི་སྤྱི་ཚོགས་ཀྱི་ཉེས་སྤྱོད་སེལ་ཞིང་བདེ་འཇགས་འོང་བའི་ཐབས་བླ་ན་མེད་པ་ཡིན། རྒྱའི་མཁས་པ་བང་ལིས་ཞུན་གྱིས་བྲིས་པའི་རྩོམ་ཡིག་ཅིག་ཏུ།" དེང་སང་ཆོས་ལུགས་ལ་གལ་ཆེན་མི་བྱེད་པ་དང་། ཆོས་ཀྱི་སྟོབས་ཞན་པས།  བོད་ཡུལ་དུ་ཡང་སྤྱི་ཚོགས་ཀྱི་ཁྲིམས་འགལ་ཉེས་སྤྱོད་ཇེ་མང་ཡིན། དེ་ཡང་ཆོས་ལུགས་ནི་ནང་སེམས་ཀྱི་ཉེན་རྟོག་དམག་ཡིན། ནང་སེམས་ཀྱི་ཉེན་རྟོག་དམག་མེད་ན། ཕྱི་ཡི་ཉེན་རྟོག་དམག་ཅི་ཙམ་མང་ཡང་སྤྱི་ཚོགས་ཀྱི་ཁྲིམས་འགལ་ཉེས་སྤྱོད་འགོག་མི་ཐུབ་"ཅེས་པ་གནད་ལ་ཐིག་པའི་གཏམ་རེད། དབྱིན་ཅི་བ་ཚ་ཨར་ཟིས་བྲིས་པའི་རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དུ། "ཁོ་བོ་ལྷ་སར་སོང་སྐབས།  ལྷ་སའི་ཁྲོམ་སྲིང་ན་ཉེན་རྟོག་དམག་གཉིས་ལས་མེད། སྤྱི་ཚོགས་ཀྱི་འགྲིག་ལམ་བདེ་་ལྷིང་ངེར་འདུག། དགུང་མོ་ལྷ་སའི་ཁྲོམ་གྱི་ཁྱིམ་ཚང་རྣམས་སྒོ་ཡང་རྒྱག་གི་མི་འདུག་"ཅེས་བྱུང་། ཨ་རིའི་གཙོ་འཛིན་པུའུ་ཧྲིས་ཆིན་ཧྭ་སློབ་གྲྭ་ཆེན་མོར་གནང་བའི་གསུང་བཤད་དུ། "ཨ་མེ་རུ་ཀའི་རྒྱལ་ཁབ་ནི་ཆོས་ལུགས་ཀྱིས་བདག་སྐྱོང་བྱེད་པའི་རྒྱལ་ཁབ་ཅིག་ཡིན། མི་གྲངས་ཀྱི་བརྒྱ་ཆའི་གོ་ལྔ་ཆོས་ལ་དད་ཅིང་། ང་རང་ཡང་ལྷ་ལ་དད་མཁན་ཞིག་ཡིན"ཞེས་དང་། "ང་ཚོའི་རྒྱལ་ཁབ་ཀྱི་འཚོ་བར་ཆོས་ལུགས་ཀྱི་ཕན་རྐྱེན་ཐེབས་པ་དང་། ཆོས་ལུགས་ཀྱིས་ངེད་ཅག་ལ་ཀུན་སྤྱོད་བཟང་བོའི་ལམ་བསྟན་ཅིང་། ཀུན་སྤྱོད་དེ་ནི་ཁྲིམས་ལུགས་ལས་བརྒལ་ཞིང་མི་རྣམས་ལ་དངོས་རྫས་ཀྱི་ཕན་ཁེ་ལས་ལྷག་པའི་རླབས་ཆེན་གྱི་དགོངས་དོན་ཞིག་ལ་འབད་དགོས་པའི་ལམ་ཞིག་བསྟན་པ་རེད། དེའི་སྟབས་ཀྱིས་ཆོས་ལུགས་དད་་་མོས་ཀྱི་རང་དབང་ནི་འགའ་འོས་པ་ཞིག་ལས།  སྐྲག་འོས་པ་ཞིག་མིན། དེའི་རྒྱུ་མཚན་ཡང་ཆོས་ལུགས་ནི་ཀུན་སྤྱོད་ཀྱི་ཁུངས་སྟོན་ཅིང་། མི་རྣམས་རང་གི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། གཞན་ལ་བྱམས་སྙིང་རྗེ་བསྐྱེད་ནས་ཕན་བདེ་ཇི་ལྟར་སྒྲུབ་པ་དང་། ཚུལ་མཐུན་གྱི་འཚོ་བར་རོལ་བ་སོགས་ཀྱི་ཁག་ཐེག་བྱེད་དགོས་པ་སོགས་བསྟན་པ་རེད" ཅེས་དང་། "དངོས་རྫས་ཀྱི་ཕན་ཁེ་ཁོ་ནར་སེམས་འཁོར་བའི་ལུགས་དེས་ང་ཚོའི་རྒྱལ་ཁབ་དང་སྤྱི་ཚོགས་ལ་གནོད་བསྐྱལ་ཞིང་། དཔལ་འབྱོར་དར་བའི་རྒྱལ་ཁབ་མང་བོར་གནོད་སྐྱོན་ཐེབས་ནས་འདུག"ཅེས་གསུངས་སོ། ཧྥ་རན་ཟིའི་མཚན་ཉིད་ཀྱི་གཞུང་ལུགས་སྨྲ་བ་གྲགས་ཆེན་ཧྥུར་ཐེ་ནས། "ཀུན་སྤྱོད་ཕྱོགས་ལ་ལྷ་མེད་རིང་ལུགས་ལས། ལྷ་ཡོད་རིང་ལུགས་བཟང། རྒྱལ་ཁྲིམས་ཀྱིས་ཆད་པ་གཅོད་མི་ནུས་པའི་ཉེས་པའི་སྐོར་དེ་ལྷས་ཆད་པ་གཅོད་་་ནུས་པས་མང་ཚོགས་ལ་ཤིན་ཏུ་ཕན་"ཞེས་དང་། "ང་རང་གིས། ཆོས་ལ་མི་དད་པའི་མི་ལ་ལྟོས་ན།ཆོས་ལ་དད་པའི་མི་རྣམས་ཀྱི་ནང་དུ་རྒྱུ་འབྲས་དྲང་བདེན་གྱི་སྤྱོད་པ་ལྷུར་ལེན་པ་མང་དུ་མཐོང་བྱུང་"ཞེས་བཤད་དོ། གོང་གསལ་གྱི་་་་་་གསུང་ཚུལ་འདི་དག་ལས་ཀྱང་ཆོས་ལུགས་མི་མང་གི་བསམ་པ་དང་ཀུན་སྤྱོད་ལེགས་བཅོས་ཕྱོགས་ལ་ཕན་པ་དང་། ཚན་རིག་དང་སྟོབས་འབྱོར་ཇི་ལྟར་དར་ཡང་ཆོས་ལུགས་དད་མོས་མེད་དུ་མི་རུང་བའི་གནས་ལུགས་གལ་ཆེན་ཞིག་བསྟན་པ་རེད།
          སྤྱིར་སྤྱི་ཚོགས་དར་རྒུད་དང་སྐྱིད་སྡུག་ནི་མི་རྣམས་ལ་རག་ལས་ཤིང་། མི་ཡི་བཟང་ངན་དང་མཁས་བླུན། བྱ་བ་སྒྲུབ་པའི་ནུས་པ་ཆེ་ཆུང་ཚང་མ་སེམས་ཀྱི་སྟེང་གི་ཁྱད་པར་ཡིན་པས། སངས་རྒྱས་ཆོས་ལུགས་ཀྱིས་སེམས་གཙོ་བོར་འཛིན་ཅིང་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་གསུངས་རེད། སངས་རྒྱས་ཆོས་ལུགས་ཀྱི་དོན་མདོར་བསྡུས་ན་སེམས་སྦྱོང་བདར་བྱེད་པ་ལས་མེད་ལ། སེམས་སྦྱོང་བའི་དམིགས་ཡུལ་ནི། སེམས་བཟང་བར་བྱེད་པ་དང་། སེམས་གསལ་བར་བྱེད་པ་གཉིས་ཡིན། བྱེད་ལས་དང་དམིགས་ཡུལ་དེ་དག་མཐའ་གཅིག་ཏུ་མི་རིགས་དང་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་མེད་དོ།།