དགོན་ལུང་དགོན་པ།
སྤེལ་དུས 2018-08-06
ཡོང་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་པ་པོ། ཚེ་རིང་རྣམ་རྒྱལ།
ཙོང་ཆུའི་བྱང་རྒྱུད་ཀྱི་མ་དགོན་དུ་གྲགས་པའི་དགོང་ལུང་བྱམས་པ་གླིང་ནི་ད་ལྟ་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་ཤང་གི་ཀྲེ་ཅ་ཞེས་པའི་སར་གནས་ཡོད་ཅིང་། ཡུལ་དེའི་མིང་ལ་དགོང་ལུང་ཟེར་བས་དགོན་པར་ཡང་དགོན་ལུང་ཞེས་མིང་དེ་ལྟར་ཐོགས་པ་ཡིན་ཞེས་བཤད་སྲོལ་ཡོད།
མདོ་སྨད་གྱི་དགོན་ཆེན་འདི་ཉིད་ཀྱི་ཐོག་མའི་ཆགས་ཚུལ་ལྟར་ན་བོད་རབ་བྱུང་བཅུ་པའི་ཆུ་ལུག 1583ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་སྐབས་ཀྲེ་ཅ་ཞེས་པའི་སར་ཕེབས་ལམ་འཁེལ་ཞིང་། ས་འདིར་ཕེབས་འབྱོར་སྐབས“ཕྱིས་སུ་ས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་སྐྱེས་བུ་དམ་པ་འབྱུང་བར་ངེས”ཞེས་ལུང་བསྟན་གནང་མྱོང་བ་དང་། བོད་རབ་བྱུང་བཅུ་པའི་ཆུ་ཡོས1603ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ནང་སོག་ནས་དབུས་གཙང་དུ་ཕེབས་པའི་ལམ་བར་ས་གནས་འདིར་ཕེབས་སྐབས་ས་གནས་དེ་གའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ས་དེར་དགོན་གནས་ཤིག་ཕྱག་འདེབས་དགོས་པའི་རེ་བ་ཞུས་པར་ཞལ་བཞེས་ཐོབ་རུང་སྐབས་དེར་རྒྱུ་རྐྱེན་དུ་མའི་དབང་གིས་མྱུར་འགྲུབ་མ་ཐུབ་ཅིང་། དེའི་ཕྱི་ལོ་ཧུའུ་ཀྲུའུ་ཧོར་རིགས་ཕྱོགས་ཁ་བཅུ་གསུམ་གྱི་མགོ་དཔོན་རྣམས་དབུས་གཙང་དུ་སོང་ནས་བསྐྱར་དུ་རེ་བ་ཞུས་པར་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ནས་རྒྱལ་སྲས་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་མངགས་ཏེ་ཤིང་འབྲུག 1604ལོར་དགོན་པ་ཕྱག་བཏབ།
ཐོག་མའི་དུས་སུ་མཚན་ཉིད་གྲྭ་ཚང་གཅིག་པུ་ལས་མེད་ཀྱང་ཕྱིས་སུ་ལྕང་སྐྱ་དང་། ཐུའུ་བཀྭན། འཇམ་དབངས་བཞད་པ་བཅས་ཀྱིས་རྒྱུད་པ་གྲྭ་ཚང་བཙུགས་ཏེ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེར་གྱུར་ཐོག་གྲྭ་གྲངས་བརྒྱ་ལྷག་ཟིན།
ཆིང་གོང་མ་ཁང་ཞིའི་དུས་སྐབས་སུ་དགོན་གནས་འདི་ཉིད་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་སྟེ་འདུ་ཁང་ཆེ་ཆུང་དང་། ནང་ཆེན་བླ་བྲང་གྲྭ་ཤག་སོགས་ཉིས་སྟོང་ལྷག་དང་གྲྭ་གྲངས་བདུན་སྟོང་བདུན་བརྒྱ་བར་འཕེལ་རྒྱས་བྱུང་བར་མ་ཟད། ས་གནས་དེ་གའི་ཧོར་རིགས་དང་། བོད་རིགས། རྒྱ་རིགས། སོག་རིགས་སོགས་ཀྱི་དད་ལྡན་མང་ཚོགས་དང་། ད་དུང་ནང་སོག་དང་། ཁམས་བརྒྱུད། ཀན་ལྷོ་སོགས་ནས་མཇལ་སྐོར་ཡོང་མཁན་ཆུ་བོའི་རྒྱུན་བཞིན་འཛད་མེད་དུ་གྱུར།
དེ་རྗེས་བོད་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག1724ལོར་སོག་རིགས་ཀྱི་ཆིན་ཝང་བློ་བཟང་བསྟན་འཛིན་གྱི་དུས་རྐྱེན་ནང་དགོང་ལུང་གྲྭ་པས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱས་སྟབས་ཆིང་སྲིད་གཞུང་གིས་ཁྲོན་སཱན་སྤྱི་ཁྱབ་པ་ཉན་ཀུན་ཡའོ་དང་ཟི་ཁྲོན་གྱི་ཐས་པུའུ་ཡོ་ཀྲུང་ཆིས་བཏང་ནས་དགོང་ལུང་དགོན་དུ་དམག་དྲངས་ཐོག སྐབས་དེའི་སྐོར་ཆིང་རྒྱབ་རབས་ཀྱི་ལོ་རྒྱུས་ཉན་ཀུན་ཡའོ་ཡི་རྟོགས་བརྗོད《清史稿·年羹尧传》ནང་རྐུན་ཇག་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྲྭ་པ་དྲུག་སྟོང་ལྷག་བསད། དགོན་པ་གཏོར་ནས་ཐལ་རྡུལ་དུ་བཏང་ཞེས་བཀོད་འདུག་ཅིང་།
དེ་ནས་བཟུང་དགོན་གནས་འདི་ཉིད་ཐལ་རྡུལ་གྱི་རྗེས་ཤུལ་ཙམ་དུ་གྱུར་པར་མ་ཟད། སྲོག་ཉེན་ལས་ཐར་བ་ཉུང་ཤས་ཡོད་པ་དེ་དག་ཙོང་ཆུའི་འགྲམ་ངོགས་གྱི་བྲག་ཕུག་དང་ནགས་ཚལ་ཁྲོད་དུ་ཡིབ་ནས་ཕྱིར་འགྲོ་དུས་ཆོས་གོས་ཐོག་ཏུ་སྟོད་གོས་དཀར་པོ་གྱོན་ནས་འགྲོ་དགོས་པ་བྱུང་ཚུལ་མདོ་སྨད་ཆོས་འབྱུང་དུ་གསུངས།
དེ་ནས་ལོ་ངོ་བཅུ་ལྷག་སོང་རྗེས་སྐབས་དེར་པེ་ཅིན་དུ་བཅའ་བཞུགས་གོང་མའི་དབུ་བླ་ལྕང་སྐྱ་དང་ཐུའུ་བཀྭན་རྣམ་གཉིས་ནས་ཐུགས་རེ་ཐེངས་མང་བཏོན་གནང་བར་བརྟེན་ནས་ཆུ་བྱི1732ལོར་ཆིང་སྲིད་གཞུང་ནས་འགྲོ་གྲོན་བཏང་སྟེ་དགོན་གནས་འདི་ཉིད་ཉམས་གསོ་ཞུས་ཐོག་དེའི་སྐོར敕赐广惠寺碑文ཞེས་པའི་རྡོ་རིང་ཡི་གེའི་ནང་། གྲྭ་པ་ཉིས་བརྒྱ་རྒྱུན་བཞུགས་ཀྱིས་ནང་བསྟན་སྤེལ་བ་དང་། མི་སྐྱ་རྣམས་ལ་འགྲོ་འདུག་གི་ཁང་པ་ཡོད་པ། སྔོན་ཆད་ཀྱི་དགོན་མིང་རྣ་བར་མི་སྙན། དགོན་མིང་གསར་དུ་བཏགས་པ་ལ་དབྱིག་གཉེན་དགོན佑宁寺ཟེར་ཞེས་བཀོད་ཡོད། དེ་རྗེས་བོད་རབ་བྱུང་བཅུ་བཞི་པའི་མེ་སྟག1866ལོའི་ཟླ་བཅུ་གཅིག་པར་ནུབ་བྱང་ས་ཁུལ་གྱི་ཧེ་རིགས་ཀྱིས་ཆིང་སྲིད་གཞུང་ལ་ངོ་རྒོལ་བས་པའི་འཐབ་རྩོད་ནང་དགོན་པར་སླར་ཡང་ཆག་སྒོ་བྱུང་སྟེ་འདུ་ཁང་དང་ལྷ་ཁང་། བཀའ་འགྱུར་པོད་བདུན། བསྟན་འགྱུར་པོད་བཞི། ཐང་ཀ་དང་འབག་སྐུ། ཆོས་དཔེ། མཆོད་རྟེན་བཅས་མེར་བཏང་སྟེ་གྲྭ་པ་ཉི་ཤུ་བསད། དགོན་ལུང་དགོན་པ་ཐལ་རྡུལ་གྱི་རྗེས་ཤུལ་ཙམ་དུ་གྱུར་ཞེས་དབྱིག་གཉེན་དགོན་པའི་གདན་རབས་ནང་དུ་གསལ་ཞིང་། དུས་ཟིང་ཞོད་འཇགས་བྱུང་ནས་ཡུན་རིང་མ་སོང་བར་ཆིང་སྲིད་གཞུང་ནས་ཐུའུ་བཀྭན་སྐུ་ཕྲེང་དྲུག་པ་བློ་བཟང་དབང་ཕྱུག་རྒྱ་མཚོར་དགོང་ལུང་དགོན་པ་གསར་བཞེངས་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་གནང་བ་ལྟར་སྔ་ཕྱིར་ལོ་ངོ་བཅོ་ལྔའི་ནང་སྐྱར་གསོ་ལེགས་འགྲུབ་བྱུང་། དུས་ཕྱིས་རིག་གནས་གསར་བརྗེ་ཟེར་བའི་ནང་དེ་བས་ཉམས་ཆག་བྱུང་ཡོད་པ་སྨོས་མ་དགོས། ཆོས་སྡེ་འདིའི་རྟེན་གཙོ་བོ་ལ་རྒྱལ་བ་བམས་པའི་སྐུ་རང་རྒྱལ་ཕག་འཛུམ་མ། རྗེ་སྐུ་ང་འདྲ་མ། དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་ཐང་། ཐུབ་པ་མེ་ཐུབ་མ་བཅས་སྐུ་རྟེན་དང་། བཀའ་འགྱུར་འཛམ་གླིང་གཡས་བཞག་ཅེས་པ་གསེར་ཞུ་མ། རྒྱལ་བ་དགེ་འདུན་གྲུབ་པའི་ཕྱག་བྲིས་མར་གྲགས་པའི་འགྲོ་བ་སྒྲོལ་མ་གསར་བ་བཅས་གསུང་རྟེན་དང་། ཐུའུ་བཀྭན་ངག་དབང་མཆོག་ལྡན་གྱི་དངུལ་གདུང་མཆོད་རྟེན་གཙོ་བས་པའི་ཐུགས་རྟེན་བཅས་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་མང་པོ་བཞུགས་ཡོད།
དགོན་ལུང་གི་གནས་ཀྱི་བཀོད་པ་བརྗོད་ན། ཤར་གྱི་བྲག་ཅིག་ལ་ཕྱག་ན་རྡོ་རྗེ་རང་བྱོན་དང་གཞན་ཡང་སྒྲོལ་མ་ལྷ་མོ་སོགས་རང་བྱོན་དང་སྒྲུབ་ཆུ་བྱམས་པ་མང་པོ་དང་། པད་རེ་བའི་རྡོ་རྗེ་དང་། རྒྱལ་སྲས་བློ་བཟང་བསྟན་འཛིན་སོགས་ཀྱི་ཞབས་རྗེས་རྡོ་ལ་བཀོད་པ་མང་བོར་མཇལ་རྒྱུ་ཡོད་ཀྱང་ཆོས་སྡེ་འདིར་བོད་ཀྱི་རིག་གནས་གོང་སྤེལ་ཐད་ལ་མཛད་རྗེས་ཆེ་བའི་མཁས་དབང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་དང་། རྒྱལ་དབང་སྐུ་ཕྲེང་མང་པོ་ཡང་ཕེབས་མྱོང་བ་རེད།