ཁྲོན་ནུབ་ཀྱི་ནང་པའི་དགོན་སྡེ་ཆེན་པོ་ལྔ་ཡི་ཐོག་མ་རྡོ་བརྐོས་དགོན།
སྤེལ་དུས 2019-01-14
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
རྩོམ་པ་པོ། རྣམ་དཀར་ལྷ་མོ།
ཁྲེན་ཏུའུ་ཡི་དགུན་ཁའང་པེ་ཅིང་དང་འདྲ་བར་རྡུལ་སྨུག་གིས་ཁེངས་འདུག གནས་འདིའི་རྡུལ་སྨུག་ནི་ཕ་ཡུལ་གྱི་རི་སྐེད་དུ་རྒྱུ་བའི་ན་བུན་དང་མི་འདྲ་ལ། ལྷག་པར་དུ་ཆར་རྗེས་ཀྱི་བསིལ་འཇམ་སྨུག་རླུང་དང་ཡང་ཀུན་ནས་མི་འདྲ། སྔོན་ཆད་ཕ་ཡུལ་ན་ཡོད་དུས། ན་བུན་ནི་མཛེས་ལྗོངས་ཤིག་ཡིན་ལ། ཆར་རྗེས་ཀྱི་སྨུག་པ་ཡང་སེམས་ཁམས་ལྷོད་མོ་ཞིག་གི་སྣང་བ་ཡིན་པ་བློ་ངོར་ད་རུང་ཡང་འཆར་ཡོང་། ཡིན་ཡང་། ཁྲེན་ཏུའུ་གྲོང་ཁྱེར་གྱི་རྡུལ་སྨུག་ནི་དེ་ལས་ལྡོག་སྟེ། ལ་ལས་བཤད་ན་རྡུལ་དུག་དང་ལ་ལས་བཤད་ན་རྡུལ་སྨུག་དེ་རྔུབ་ཚེ་ཚེ་སྲོག་ལ་ཡང་གནོད་སྲིད་ཟེར། རང་གིས་དེ་དག་གང་ཡིན་མི་ཚོར་མོད། རྡུལ་སྨུག་དེའི་དྲི་མ་བཙོག་པ་དེ་ལ་གཡོལ་ཆེད། དྲ་ཐོག་ནས་ཁ་ཐུམ་ཞིག་ཀྱང་ཉོ་ཁུལ་བྱས། སྔོན་ཆད་ཀྱི་ཁྲེན་ཏུའུ་ལྷ་ཡི་གྲོང་ཁྱེར་རམ་མི་རིགས་ཀྱི་ཆེས་བློ་བདེ་བག་ཕེབས་ཀྱི་བསྟི་གནས་ཡིན་ཚུལ་མང་ཙམ་སྒྲོག་མོད། ད་ནི་དེ་ལ་ཡིད་ཆེས་བྱེད་མཁན་ཇེ་ཉུང་དུ་མི་འགྱུར་རམ་སྙམ།
རྡོ་བརྐོས་དགོན་གྱི་ཕྱིའི་རྣམ་པ།
ཐེངས་འདིར་སྤྱི་ལུགས་ལོ་གསར་གྱི་གུང་གསེང་དང་སྦྲགས་ནས་ཟང་ཟིང་གི་གྲོང་ཁྱེར་འདིའི་ཕྱི་རོལ་དུ་བུད་དེ་ལྷིང་འཇགས་ཀྱི་དབེན་གནས་ཤིག་ལ་འཆམ་འཆམ་དུ་འགྲོ་བར་གྲ་སྒྲིག་བྱས། ནམ་རྒྱུན་ཡང་རང་ཉིད་ཀྱི་དགའ་ཕྱོགས་ཀྱང་དད་ལྡན་བོད་པ་དག་དང་གཉིས་སུ་མེད་པར་དགོན་པ་འགའ་རེར་མཇལ་སྐོར་དུ་འགྲོ་བར་ཤིན་ཏུ་དགའ། ལྷག་པར་ཐེངས་འདིའི་གུང་གསེང་ལ་མཚོན་ན་ལས་གནས་ཁྲོད་ནས་ཕྱོགས་བསྡོམས་དང་མ་འོངས་པའི་ལས་ལ་སྐྱབས་འཇུག་གསོལ་འདེབས་ཤིག་གི་ཆེད་དུ་ལུང་ཆོན་ས་ཚིགས་ཀྱི་རྡོ་བརྐོས་དགོན་དུ་མཇལ་སྐོར་དུ་འགྲོ་རྒྱུ་ཐག་གིས་བཅད། ལོ་སར་ཚེ་གཅིག་གི་ཉིན་ནི་ནང་ལོགས་ཀྱི་ས་ཁུལ་དག་ལ་མཚོན་ན་ཉིན་བཟང་སྐལ་བཟང་གི་དུས་ཤིག་ལ་ངེས་འཛིན་བྱེད་བཞིན་ཡོད་ལ། དེ་བས་སྲང་ལམ་དུ་འདུ་འཛི་ཧ་ཅང་ཆེ། ངས་ལྷོ་སྒོ་གསར་པའི་རླངས་འཁོར་འབབ་ཚུགས་ནས་ལུང་ཆོན་ས་ཚིགས་སུ་འགྲོ་བའི་སྤ་སེ་ཞིག་ཉོས་ནས་དུས་ཚོད་ཕྱེད་ཙམ་ལ་སྒུག་རྗེས་ད་གཟོད་རླངས་འཁོར་གཏོང་འགོ་བརྩམས། ལུང་ཆོན་ས་ཚིགས་ལ་མཚོན་ན་ཁྲེན་ཏུའུ་གྲོང་ཁྱེར་གྱི་ལྗོངས་གནས་གལ་ཆེན་ཡིན་པས་འགྲིམ་འགྲུལ་རླངས་འཁོར་གཏོང་གྲངས་ཤིན་ཏུ་མང་། དུས་ཚོད་གཅིག་ཙམ་འགོར་རྗེས་ལུང་ཆོན་ས་ཚིགས་ཀྱི་འབབ་ཚིགས་སུ་ཐོན་ཏེ་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་ནས་དགོན་པའི་ཕྱོགས་སུ་ཆས། ས་ཁུལ་འདི་ཁྲེན་ཏུའུ་གྲོང་ཁྱེར་དང་མི་འདྲ་བར་ལྗོངས་རྒྱུ་བའི་གནས་ཁྱད་པར་ཅན་ཞིག་ཏུ་ཆགས་འདུག་ལ། ལམ་འགྲམ་དང་ལོགས་གཉིས་སུ་ཡོད་པའི་ཚོང་ཁང་དག་ཏུ་གནའ་དེང་རིག་གནས་ཟུང་འབྲེལ་གྱི་ཁྱད་ཐོན་དངོས་རྫས་ཀྱིས་ཁེངས་འདུག གྲོང་ཁྱེར་དང་བསྡུར་ན་ས་གནས་དེའི་འདུ་འཛི་འདིའི་ཅུང་སྤྲོ་བ་བསྐྱེད་ཐུབ། དེ་ལྟར་རི་འདབས་ཤིག་ཏུ་སླེབས་དུས། རྡོ་སྐས་བརྒྱུད་ནས་འགྲོ་དགོས་ཤིང་མི་ཚོགས་ཀྱི་འདུ་འགོད་ཤིན་ཏུ་རྒོད། སྤོས་ཀྱི་དྲི་ངད་གང་སར་ཁྱབ་འདུག སྤོས་ངད་དེ་སེམས་ཁམས་གསོ་བའི་བདུད་རྩི་ཞིག་དང་འདྲ་བར་སེམས་པ་འདིར་དགའ་སྣང་དྲག་པོ་ཞིག་གནང་བྱུང་།
རིང་བསྲེལ་མཆོད་རྟེན།
རྡོ་བརྐོས་དགོན་ནི་ལུང་ཆོན་རི་བོའི་རི་སྐེད་དུ་ཆགས་འདུག དགོན་པ་ཅི་ལྟར་བཙུགས་པ་དང་དེ་ཡི་ལོ་རྒྱུས་རགས་རིམ་ཅི་ལྟར་ཡིན་ཞེ་ན། རྒྱལ་ཁབ་གསུམ་གྱི་དུས་སུ་གནས་འདི་ཧྲུའུ་ཧན་རྒྱལ་རབས་ཀྱི་མངའ་ཁོངས་ཡིན་ལ། དེ་སྔོན་གནས་འདིར་རྗེ་རིགས་ཀྱི་དགོན་སྡེའམ་ཁྱིམ་ཚང་གི་དགོན་པ་ཆུང་ཆུང་ཞིག་ཡོད། ཧྲུའུ་ཧན་རྒྱལ་རབས་ཀྱི་དུས་སུ་དམག་དཔོན་ཆེན་པོ་ཀྲའོ་ཡོན་གྱི་བདག་གཉེར་བྱས་ནས་གནས་འདིའི་མཆོད་འབུལ་རྒྱུན་མི་ཆད་པར་བྱས། དགོན་པའི་མཚན་ཡང་སྒྲ་སྙན་དགོན་(灵音寺)དུ་བསྒྱུར་ཏེ་ཐང་གི་དུས་སུ་ཚོམས་ཁང་ཆེན་པོ་ཞིག་བཞེངས་ཤིང་།
མིང་གིས་དུས་(明正统年间)(1436-1449)སུ་ཧྲུའུ་རྒྱལ་པོས་ཧོ་པེ་ནས་ཡིན་པའི་དགེ་བའི་བཤེས་གཉེན་ཁྲུའུ་ཧྲན་གདན་འདྲེན་བྱས་ནས་སྒྲ་སྙན་དགོན་ནས་ཆོས་ཀྱི་བསྟན་པ་མཛད་ཅིང་ཚོགས་ཆེན་གྱི་ཁྲི་ལ་བཞུགས་ནས་དགོན་པ་འདིའི་མཚན་སྙན་དར་བའི་རྩེ་ལ་གཏད་ཅིང་སྔ་མའི་དགོན་གྱི་མ་གཞིའི་སྟེང་གསར་དུ་སྒྲ་བཅོམ་པའི་ལྷ་ཁང་དང་སྤྱན་རས་གཟིགས་ཀྱི་ལྷ་ཁང་། མཆོད་འབུལ་ལྷ་ཁང་བཅས་ལྷ་ཁང་གང་མང་གསར་དུ་བཞེངས། དགེ་བའི་བཤེས་གཉེན་ཁྲུའུ་ཧྲན་གྱི་སྐབས་སུ་དགོན་པའི་མིང་ཡང་སྔོན་གྱི་སྒྲ་སྙན་དགོན་ནས་ལྷུན་གྲུབ་དགོན་དུ་བསྒྱུར། དགེ་བའི་བཤེས་གཉེན་ཆེན་མོ་ཁྲུའུ་ཧྲན་དགོན་པ་འདིར་བཞུགས་དུས་མཐའ་འཁོར་གྱི་སྐུ་དྲག་དག་གིས་མཆོད་གཞིས་གྱ་ནོམ་པར་བཤམས་ཤིང་། བླ་མ་ཁོང་ཉིད་ཀྱི་བྱམས་དང་སྙིང་རྗེར་སྐྱེ་བོ་ཀུན་གྱི་ཡི་རང་བྱེད་ས་ཞིག་ཏུ་གྱུར། ལྷག་པར་ནང་ལོགས་ཀྱི་ནང་པའི་ཆོས་ཀྱི་ལོ་རྒྱུས་ཁྲོད་བླ་མ་ཁོང་ཉིད་ཀྱི་སྙན་པའི་གྲགས་པ་འབར་ཞིང་། ཁྲོན་ནུབ་ས་ཁུལ་འདིའི་ཚབ་མཚོན་ནང་པའི་བླ་མ་ཁྱད་པར་ཅན་ཞིག་ཏུ་ཆགས་འདུག
དགོན་པའི་ཟུར་ཅིག
ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་དུས་སུ་ཅན་ཀྲུའུ་སྟེ་ད་ལྟའི་ཅན་དབྱང་ས་ཆའི་ཁུལ་དཔོན་སུང་སི་རིན་དགོན་པ་འདིར་གནས་མཇལ་དུ་ཕེབས་དུས་ཁྲུའུ་ཧྲན་བླ་མ་དང་འབྲེལ་བའི་བཀྲ་ཤིས་པའི་རྟགས་དང་མཚན་མ་མང་དུ་ཤར་བས། རྟེན་འབྲེལ་གྱི་ཆེད་དུ་དགོན་པ་འདིར་རྡོ་བརྐོས་རྡོ་རྗེ་གཅོད་པ་ཚར་གཅིག་རྟེན་དུ་འབུལ་ཞིང་། དགོན་པའི་མཚན་ཡང་རྡོ་བརྐོས་རྡོ་རྗེ་གཅོད་པ་དེ་ཡི་སླད་དུ་མཚན་ལ་རྡོ་བརྐོས་རྡོར་གཅོད་དགོན་ནམ་རྡོ་བརྐོས་དགོན་ཞེས་ད་ལྟའི་བར་དུ་གནས་པ་དེའོ། །
དགོན་པ་འདིར་ལོ་ངོ་ཆིག་སྟོང་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ལ། དགོན་པའི་བཟོ་བཀོད་ཀྱི་ཆ་ནས་ཐང་གི་བཟོ་རྩལ་དང་མིང་གི་བཟོ་རྩལ་སོགས་ཆག་འཇིག་ཅི་ཡང་མ་ཐེབས་པར་ད་ལྟའི་བར་དུ་བརྟན་པོར་གནས་ཡོད་ལ། སྔོན་ཆད་ང་རང་མཆོད་མཇལ་དུ་སོང་མྱོང་བའི་ཁྲེན་ཏུའུ་གྲོང་ཁྱེར་གྱི་དགོན་སྡེ་དག་དང་བསྡུར་ན་ཧ་ལས་དགོས་པའི་གནས་ཤིག་ཏུ་གྱུར་འདུག ཡིན་ཡང་བསམ་བློ་ཅུང་ཙམ་བཏང་ན། དེ་ལ་རྒྱུ་མཚན་གཞན་ཞིག་ཡོད་དེ། དགོན་པ་འདི་ཟང་ཟིང་ཁྲོད་ཀྱི་དགོན་སྡེ་དང་མི་འདྲ་བར། གྲོང་ཁྱེར་གྱི་འདུ་འཛི་ལས་ཕྱིར་བུད་ནས་རི་སྐེད་ཤིག་ཏུ་ཆགས་ཡོད་ལ། སྡོང་ལོས་བཀབ་པའི་ནགས་ཁྲོད་ཞིག་ཏུ་བཏབ་འདུག དེ་བས་ཆག་འཇིག་གི་རྐྱེན་ངན་དང་བྱོལ་བའི་དམིགས་བསལ་གྱི་ཆ་རྐྱེན་ཞིག་ངང་གིས་གྲུབ། ད་ལྟ་འདི་ལྟ་བུའི་གནའ་བོའི་བཟོ་བཀོད་ཕུན་སུམ་ཚོགས་པའི་དགོན་སྡེ་ཤིན་ཏུ་ཉུང་ལ། ལྷག་པར་འདུ་འཛི་དང་བྲལ་བའི་དགོན་པ་ནང་ལོགས་སུ་དེ་ལས་ཀྱང་ཉུང་བར་སྣང་། དེ་ལས་ཀྱང་སྔོན་ཆད་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་མོའི་རྒྱུད་ཀྱི་མཁས་བཙུན་དག་གིས་ནང་ལོགས་སུ་ཆོས་སྤེལ་དུས། གནས་འདི་ནས་ཆེས་ཐོག་མའི་ཆོས་ར་བཙུགས་ཤིང་དེ་ནས་རིམ་བཞིན་ལྕགས་སྐུ་དགོན་སོགས་སུ་རིམ་གྱིས་ཆོས་རྒྱུན་བཙུགས། དེ་བས་དགོན་པ་འདི་བོད་རྒྱུད་ནང་བསྟན་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་དཔག་ཐུབ།
ཉི་ཟེར་འོག་གི་སྒོ་ཆེན།
དེ་རིང་ལོ་གཅིག་གི་ཉིན་དང་པོ་ཡིན་པའི་མཆོད་འབུལ་བྱེད་མཁན་ཤིན་ཏུ་མང་། དུས་རྒྱུན་གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་འཚོ་བའི་ལྟོ་རྒྱབ་ཀྱི་ཆེད་དུ་འདུར་རྒྱུགས་བྱེད་བཞིན་པའི་མི་ཚོགས་དེ་རིང་འདི་རུ་འཛོམས་པར་ང་རང་ཅུང་ཡ་མཚར་སྐྱེས། ལོགས་ཀྱི་མི་ཞིག་ལ་གནས་འདིར་ཡོང་ནས་མཆོད་འབུལ་བྱས་ནས་དགེ་བ་གང་འདྲ་ཡོད་པར་འདྲི་དུས། ཁོས་དགོན་པ་འདི་ནས་མཆོད་འབུལ་དང་སྦྱིན་གཏོང་བགྱིས་ན་རྒྱུ་ནོར་ལོངས་སྤྱོད་འཕེལ་བས་དེ་རིང་ངེད་ཅག་གནས་འདིར་ནོར་གྱི་དོན་དུ་འོང་བ་ཡིན་ཞེས་འཛུམ་དང་བཅས་ཏེ་བཤད།
དེ་རིང་མ་གཞི་གྲོང་ཁྱེར་གྱི་འདུ་འཛི་དང་བྲལ་ནས་ལྷིང་འཇགས་ཀྱི་གནས་ཤིག་ཏུ་འཆམ་པའི་བསམ་པ་ཡོད་མོད། སྔར་བཞིན་མི་ཚོགས་ཀྱི་འདུ་འཛིའི་ནང་དུ་འཐིམས། ཡིན་ཡང་དགའ་འོས་པ་ཞིག་ལ་གནས་འདིར་རྡུལ་སྨུག་མེད་ལ་མཁའ་དབུགས་ཁྲོད་དུ་རང་བྱུང་ཁམས་ཆེན་མོའི་གསོན་ཤུགས་དང་ཟློས་པའི་དྲི་མས་ཁེངས་འདུག རི་སྐེད་དུ་རེ་ཞིག་ཧད་རྗེས་ཕྱི་དྲོའི་དུས་སུ་སླེབས་འདུག རང་ཉིད་ཀྱི་རྡོ་བརྐོས་དགོན་གྱི་འགྲུལ་བཞུད་ཡང་རེ་ཞིག་མཇུག་རྫོགས་སྟེ་གནས་མལ་དུ་ལོག གྲོང་ཁྱེར་དུ་ལོག་པའི་ལམ་བར་ནས་ངས་ཀྱང་རང་ཤུགས་ཀྱི་ཁ་ཐུམ་བླངས་ནས་གྲོང་ཁྱེར་གྱི་རྡུལ་སྨུག་དང་འཐབ་རྒྱུར་གྲ་སྒྲིག་བྱས། སྔོན་ཆད་ང་རང་ཕ་ཡུལ་གྱི་ཟུག་གཟེར་ཅན་གྱི་གྲང་རླུང་སུན་སྣང་དང་དངངས་སྐྲག་སྐྱེས་མྱོང་མེད་ལ། གྲོང་ཁྱེར་གྱི་རྡུལ་སྨུག་རྔུབ་པའི་དགུན་ཟླ་འདི་བསམ་དུས་ཕ་ཡུལ་གྱི་གྲང་རླུང་ཡང་རང་དང་ཆེས་ཉེ་བའི་གྲོགས་པོ་ཞིག་དང་འདྲ་བར་དྲན་གདུང་གིས་ཁེངས། རྨི་ལམ་དང་ཕུགས་བསམ་འཚོལ་ཆེད་ང་རང་ཕ་ཡུལ་དང་བྲལ་ཞིང་། ཕ་ཡུལ་དང་འབྲལ་དུས་ཕ་ཡུལ་ཀྱི་ཡོད་ཚད་ང་ལ་མཚོན་ན་མཁོ་བ་གང་ཡང་མེད་པར་སྣང་མོད། ད་ནི་ཕ་ཡུལ་གྱི་དགུན་ཟླ་དང་གྲང་རླུང་། ད་དུང་རྡུལ་སྨུག་དང་འདྲ་བའི་ཕ་ཡུལ་གྱི་ན་བུན་དྲན་ཡོང་། དེ་རིང་གི་འགྲུལ་བཞུད་འདི་རྨི་ལམ་ཐེངས་ཤིག་དང་འདྲ་བར་གནས་མལ་དུ་ལོག་དུས་ངལ་དུབ་ལས་ཅི་ཡང་ལྷག་མི་འདུག ཡིན་ཡང་ངས་ད་དུང་རྡུལ་སྨུག་གི་ཁྲོད་ནས་ཕ་ཡུལ་གྱི་གྲང་རླུང་དང་ཕ་ཡུལ་གྱི་མཁའ་དབུགས་དེ་དབང་མེད་དུ་དྲན།