ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

གསེར་ཐང་དགོན་མཁས་མང་བཤད་སྒྲུབ་གླིང་།

སྤེལ་དུས 2018-11-29 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           གསེར་ཐང་དགོན་དགའ་ལྡན་མཁས་མང་བཤད་སྒྲུབ་གླིང་ནི། ད་ལྟའི་ཐེ་བོ་རྫོང་གི་བྱ་འབབ་ཞང་གི་ཁོངས་སུ་ཆགས།  དགོན་འདིའི་དབྱིབས་བཀོད་ཀྱི་ཁྱད་པར་ནི། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཚང་བ། ས་ལ་པདྨའི་འདབ་བརྒྱད་ཚང་བ། རྒྱབ་རི་ནོར་བུ་གསུམ་བརྩེགས་ཡིན་པ། དེའི་གཡས་གཡོན་གསེར་ཉ་ཁ་སྤྲོད། མདུན་རི་མཐོ་ཞིང་ཚུར་ལ་གུས་པའི་ཚུལ་གྱིས་གནས་པ། མདུན་དུ་ཆུ་བོ་ཡན་ལག་བརྒྱད་ལྡན་སྣེ་མོ་ཚུར་ལ་བསྟན་ཏེ་བཞུར་བ། དགོན་འདིའི་མཐའ་བསྐོར་དུ་ཤིང་སེང་ལྡིང་དང་ཨ་གར་དང་ཙན་དན་དཀར་པོ་སོགས་ཀྱི་དྲི་ངད་དང་ལྡན་པ་རྣམས་ཀྱིས་མཛེས་པར་མངོན།།
           དགོན་སྡེ་འདི་ནི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། རབ་བྱུང་བཅུ་གསུམ་པའི་ས་སྟག་ལོར་གསེར་ཐང་སྤྲུལ་བའི་སྐུ་ཕྲེང་དང་པོ་བླ་མ་ཐུབ་བསྟན་པས་བཏབ། གྲུབ་ཆེན་དེ་ཉིད་བསིལ་ལྡན་ཁ་བ་དཀར་བོས་ཡོངས་སུ་བསྐོར་བའི་ལྗོངས། བོད་ཡུལ་མདོ་སྨད་ས་ཡི་ཐིག་ལེ། དགེ་བཅུའི་དཔལ་གྱིས་མངོན་པར་མཛེས་པ། སེ་པོ་རོང་གི་ཆུའི་ཚུར་རིའི་སྟེང་ལེབ་ཅེས་པར། ཡབ་དགོན་པོ་རབ་བསྟན་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རྟགས་མཚན་དང་བཅས་ཏེ་བསམ་བཞིན་སྐུའི་སྐྱེ་བ་བཞེས་ཏེ། རབ་བྱུང་བཅུ་གཉིས་པའི་མེ་ཕག་ལོར་སྐུ་བལྟམས། གཞོན་ནུའི་དུས་ནས་བཤེས་གཉེན་དུ་མ་ལས་ཀློག་སློབ་པ་སོགས་རིམ་གྱིས་སྦྱངས་ནས་ནགས་མདོ་དགོན་དུ་ཕེབས་ཏེ། བླ་མ་དམ་པ་བྱང་ཆུབ་མི་ལ་ཞེས་བྱ་བའི་དྲུང་དུ་རབ་དུ་བྱུང་། དེའི་རྗེས་སུ་རང་ཉིད་ཀྱི་བླ་མ་དེ་ཉིད་སྐུ་གཤེགས་ནས་དེའི་གདུང་རུས་ཀྱིས་སྐུ་འདྲ་འདེབས་སྐབས། ནགས་མདོ་དགོན་གྱི་ལི་མ་ཁང་ནས་སྐུ་འདྲ་ཞིག་བླངས་ཏེ། པར་བཏབ་པ་ལ་བསྙད་ནས་འགའ་ཞིག་གིས་དཔོན་ཆེན་དམག་ཟོར་མགོན་པོ་ལ་ཕྲ་མ་བཅུག་སྟེ། གྲྭ་བ་འདིས་ལི་མ་ཁང་གིས་སྐུ་འདྲ་ལ་མི་རུས་ཀྱིས་སྦགས་ཚུལ་ཞུས་པས། དེའི་ཆད་པར་མར་རྒྱ་མ་ལྔ་བཅུ་བཞག་པར།   ཁོང་ལ་ཆས་ཀ་གང་ཡང་མེད་ཚུལ་ཞུས་ཀྱང་། རྒྱལ་པོས་བཀའ་དྲག་པོ་གནང་ནས་ངོ་ཆེན་མ་བྱིན་པས་རྒྱ་མ་བཞི་བཅུ་ཙམ་རྙེད་པ་ཕུལ། མར་ལྷག་མའི་ཚབ་དུ་བཀའ་འགྱུར་ཀློག་དགོས་ཚུལ་གསུངས་པ་ལྟར་ཚར་གཅིག་བཀླག་པས་སླར་ཡང་ཁོང་ལ་འདོན་འདོད་སྐྱེས། རྒྱལ་བོས་  ཞབས་བརྟན་དུ་བཀའ་འགྱུར་ཚར་གཅིག་འདོན་པར་ཞུས་ཏེ། ཉིན་རེ་ལ་པོ་ཏི་གཉིས་རེ་གསུངས་པས། རྒྱལ་པོ་ཡིད་མ་ཆེས་པར་གྲགས་པ་བཤད་སྒྲུབ་ཚང་ལ་གསན་བཅུག་པས། ཁོང་གིས་ཁོ་གང་ཟག་ཁྱད་པར་ཅན་ཞིག་འདུག དབུགས་གཅིག་གི་ཡུན་ལའང་ཤོག་གྲངས་མང་པོ་ འདོན་པར་གདའ་གསུངས་པས། རྒྱལ་པོ་དད་ནས་སླར་ཡང་བཀའ་འགྱུར་འདོན་པར་ཞུས་ཏེ། འབུལ་བ་ལ་བླ་མའི་ཆས་ཀ་ཆ་ཚང་གནང་སྟེ། བླ་ཆེན་གྱི་གྲལ་དུ་བཞག་གོ མཁན་ཆེན་གྲགས་པ་བཤད་གྲུབ་ཚང་གི་དྲུང་དུ་བསྙེན་པར་རྫོགས་ཏེ། མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དེ་ནས་བླ་མའི་བཀའ་བཞིན་བསྟན་འགྲོར་ཕན་འདོགས་པའི་ཆེད་དུ་རང་ཡུལ་དུ་ཕྱིར་ཕེབས་ནས་དགོན་པ་བཏབ། དགོན་ས་ཡང་བདག་རྐྱེན་གྱི་ཚུལ་དུ་དཔོན་པོས་དགོན་གནས་གནང་། དེ་དུས་ཡུལ་ཕྱོགས་དེ་བོན་པོས་བཟུངའདུག་པས་རྒྱལ་པོ་ལ་ཞུས་ནས་བོན་པོ་རྣམས་བན་ཆོས་བྱེད་དགོས་ཚུལ་གྱི་བཀའ་ལྕི་བར་བབས་ཏེ་བཎ་ཆོས་སུ་བསྒྱུར་ཏོ། དགུང་ལོ་བཞི་བཅུའི་ཐོག་དགོན་པ་བཏབ་སྟེ། གཙུག་ལག་ཁང་གཉིས་དང་གྲྭ་ཤག་དུ་མ་ཕུབ། དེའི་རྗེས་སུ་དགོན་པའི་སྒྲིག་ལམ་དང་འདོན་ཆ་སོགས་ཐུན་མོང་མ་ཡིན་པའི་ཕྱག་ལེན་མཛད་དོ། དགོན་པ་དང་ཉེ་བའི་སར་སྒྲུབ་ཁང་ཆུང་ངུ་ཞིག་ཏུ་སྐུ་མཚམས་ལ་བཞུགས་པས། མདུན་ངོས་ཞིག་ཏུ་སྐར་མ་ཞིག་ཉིན་རིང་ལ་མི་གཡོ་བར་གནས་པ་དང་། ཉེ་འཁོར་དུ་འཇའ་ཚོན་ཡང་ཡང་འཆར་བ་དང་། ཀིརྟི་ཐོགས་མེད་ཀྱིས་ལུང་བསྟན་ལྟར་དུ་བྱ་བཟང་རྒྱབ་རི་ནས་བདེ་མཆོག་ཕོ་བྲང་གི་གནས་སྒོ་གསར་དུ་ཕྱེ་ཞིང་། ཡང་ལྷ་མོ་སྒྲུབ་དུས། མཆོད་མེ་ཞིག་ཉིན་ཞག་དུ་མར་གནས་པ་དང་། སྐུ་གཤེགས་ཁར་རྟགས་མཚན་མང་པོ་དང་བཅས་ཏེ། དགུང་ལོ་ང་དགུ་བ་མེ་བྱ་ལོའི་ཟླ་གསུམ་པའམ་ནག་པ་ཟླ་བའི་ཚེས་བཅུ་དགུའི་ཉིན་སྐུ་ཞི་བར་གཤེགས་སོ༎
           སྐུ་ཕྲེང་གཉིས་པ་མཁས་གྲུབ་འཕྲིན་ལས་དབང་ཕྱུག་ནི། སེ་བོ་རོང་གི་ཆུའི་ཚུར་རི་བྱ་བར་དཔའ་མཛངས་རྟུལ་ཕོད་དང་། ཁྱིམ་གྱི་སོ་ཚིས་སོགས་ལ་མཁས་པ། སྟག་སྐོར་ཞེས་པའི་རུས་སུ་ཡབ་མགོན་པོ་དོན་འགྲུབ་དང་། ཡུམ་འབོ་རེ་གཉིས་ཀྱི་སྲས་སུ་སྐུའི་སྐྱེ་བ་བཞེས་ཤིང་།  རབ་བྱུང་བཅུ་གསུམ་པའི་ས་ཁྱི་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞིར་སྐུ་བལྟམས། དེ་ནས་ལོ་འགའ་འགོར་རྗེས་བསྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཅོ་ནེ་ཨ་མོ་ཚང་གི་དྲུང་ནས་རབ་ཏུ་བྱུང་། ཀིརྟི་རྒྱུད་གྲྭར་ཐཱ་ལ་སྤྲུལ་པའི་སྐུ་བསྟེན་ནས་ཡི་གེ་སོགས་བསླབས། འདོན་ཆ་རྣམས་དང་པཎ་ཆེན་བསོད་གྲགས་པའི་གསང་འདུས་བསྐྱེད་རྫོགས་སོགས་བློ་ལ་བཟུང་ནས་སྔགས་རམས་པ་མཛད། ནི་གུ་བླ་མ་སངས་རྒྱས་རིན་ཆེན་ལས་རིག་གནས་ཐམས་ཅད་སྦྱངས། ཡོངས་འཛིན་ཐཱ་ལ་སྤྲུལ་བའི་སྐུ་ལས་བསྙེན་པར་རྫོགས། གུང་ཐང་འཇམ་པའི་དབྱངས་ལས་ མི་ཏྲ་དང་། ཤིང་བཟང་དཔོན་སློབ་ལས་རྡོར་ཕྲེང་གསན། ལོ་མཚམས་ཟླ་མཚམས་དུ་མ་བཅད་ནས་ཚོགས་བསགས་སྒྲིབ་སྦྱངས་དང་། བསྙེན་སྒྲུབ་མང་དུ་མཛད་པས་ཉམས་རྟོགས་འབྲས་རྟོགས་བརྙེས། གཞུང་ལུགས་ཀུན་ལ་གཞན་དྲིང་མི་འཇོག་པའི་གོ་འཕང་བརྙེས་ཏེ་དགུང་ལོ་ཉི་ཤུའི་བར་དེར་བཞུགས་ནས་རྗེ་ཐཱ་ལ་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས་པ་ནས་བཟུང་།  ཚུལ་ཁྲིམས་ཚུལ་བཞིན་བསྲུངས། སླར་ཡང་གསེར་ཐང་དགོན་དུ་ཕྱིར་ཕེབས་ནས་ཚོགས་ཆེན་འདུ་ཁང་དང་བྱམས་ཁང་དང་། ཇ་ཁང་རྣམས་གསར་དུ་ཕུབ་པ་ཡིན། ལྷ་ཁང་སོ་མ་ཡང་ཞིག་བྱས་ནས། སྤྱི་རྫས་སོགས་མང་དུ་བཞག བྱམས་ཁང་དུ་བྱམས་པའི་སྐུ་དགུང་ལོ་བཅུ་པའི་ཚད་གཅིག་བཞེངས། དེར་མ་ཟད། དོད་དགུ་དགོན། སྟེང་ཁར་དགོན། མགྲོན་ཚ་བན་གཙང་དགོན། དཔོན་ཆེན་དགོན་སོགས་ལ་དབྱར་གནས་གསར་དུ་བཙུགས་པ་སོགས་མང་། བདེ་མཆོག་གི་མཚམས་ལ་བཞུགས་སྐབས། རལ་གྲི་ཁྲུ་གང་བ་ཞིག་གིས་མགྲིན་པ་དང་ལྟེ་བ། སྙིང་གནས་རྣམས་སུ་ཡུ་བ་ནུབ་ཙམ་བཙུགས་པ་མཚམས་གཡོག་པས་མཐོང་བ་སོགས་དང་། ཡོས་ལོར་མཁའ་སྤྱོད་ཟེར་བ་ཞིག་རྨིས། དགུང་ལོ་རེ་དྲུག་པ་ཆུ་ཡོས་ལོའི་ཟླ་བ་བཅུ་བའི་ཚེས་ཉེར་གསུམ་ཉིན་རྟགས་མཚན་དང་བཅས་ཏེ་དག་པ་མཁའ་སྤྱོད་དུ་གཤེགས་སོ༎
           སྐུ་ཕྲེང་གསུམ་པ་བློ་བཟང་འཇམ་དཔལ་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་བའི་ཤིང་འབྲུག་ལོར་སྟོང་གཙང་སྡེ་བའི་འོག་སྐོར་ཚོ་བའི་ནང་ནས་རང་བཞིན་བཟང་ཞིང་ཆོས་ལ་དད་པའི་ཡབ་གྲགས་པ་རྡོ་རྗེ་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུའི་སྐྱེ་བ་བཞེས་ཏེ། ཆུང་ངུའི་དུས་ནས་ང་རང་བཞིན་གྱིས་སྒོ་གསུམ་མི་དགེ་བའི་ལས་ལ་ཐུགས་སུན་ཏེ། དགེ་བའི་ཕྱོགས་ལ་མཁྱེན་རབ་དང་སྤོབས་པ་ཟུང་དུ་འབྲེལ་བས་ཡུལ་མི་ཀུན་གྱི་ཡིད་འཕྲོག་པ་བྱུང་། རྗེས་སུ་དགུང་ལོ་བཅུ་བདུན་བཞེས་དུས་རྗེ་ཚེ་སྨོན་གླིང་ནས་སྐུ་ཐག་བཅད་དེ་རབ་དུ་བྱུང་།    ཡོངས་འཛིན་རིན་པོ་ཆེ་ནས་དང་པོར་ཡི་གེ་དང་། འདོན་ཆ་རྣམས་དང་། འདོན་རྟ་དབྱངས་ དང་ཆོ་ག་ཕྱག་ལེན་དང་། ཐིག་རྡུལ་ཚོན། གཏོར་མ་བཅའ་བཟོ་སོགས་ལ་ཞིབ་ཏུ་སྦྱངས་པས་ ཚེགས་མེད་པར་མཁྱེན། དེར་མ་ཟད་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་རྣམས་རིམ་གྱིས་ཐོབ་ནས་འཆལ་ཁྲིམས་ཀྱིས་མ་གོས། དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་བཞི་བའི་ཤིང་ཕག་ལོའི་ས་ག་ཟླ་བའི་ཚེས་ཉེར་དགུའི་ཉིན་ཐུགས་ཟག་མེད་ཀྱི་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་སོ།།
           སྐུ་ཕྲེང་བཞི་བ་བློ་གྲོས་བཟང་བོ་འཕྲིན་ལས་རྒྱ་མཚོ་ནི་བྱ་བཟང་ཡར་རུ་ཁ་ཚོ་བའི་ནང་ ནས་རིགས་རུས་ཕུན་སུམ་ཚོགས་པ་ཡབ་འཇིགས་བྱེད་ཟེར་བ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་བསམ་བཞིན་སྐྱེ་བ་བཞེས་ཏེ། རབ་བྱུང་བཅོ་ལྔ་བའི་མེ་བྱ་ལོར་འཇའ་ཤར་བ་སོགས་རྟགས་མཚན་དང་བཅས་ཏེ་འཁྲུངས། དགུང་ལོ་ལྔའི་ཐོག་གདན་སར་བཀོད། ཡོངས་འཛིན་བློ་བཟང་འཕྲིན་ལས་ཚང་ནས་རབ་ཏུ་ བྱུང་། དགུང་ལོ་བཅུ་བའི་ཐོག་ནས་སྟག་ཚང་ལྷ་མོའི་ཀིརྟིའི་མཚན་ཉིད་གྲྭ་ཚང་དུ་ཚོགས་ལ་ཞུགས། ཁོང་གཞོན་ནུའི་དུས་ནས་སྔོན་གོམས་བག་ཆགས་ཀྱི་མཐུ་བརྟན་པས། ཡི་གེ་འབྲི་སློབ་དང་ཀློག་པ་སོགས་ཚེགས་མེད་པར་མཁྱེན་པས་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་གོ་བ་བརྙེས། གོ་རིག་ཟུང་དུ་འབྲེལ་སྟོབས་ཀྱིས་སྒོ་གསུམ་ཉེས་སྤྱོད་མཐའ་དག་ལས་ལྡོག་ཅིང་བག་ཡོད་ཀྱི་སྤྱོད་པ་ལ་གནས་ནས་སྐྱེ་བོ་གཞན་དང་མི་འདྲ་བའི་ཁྱད་ཆོས་དང་ལྡན་ཞིང་། བཅོམ་ལྡན་འདས་ཀྱིས་ཁྱིམ་ན་གནས་པ་ནི་མེ་དོང་དུ་གནས་པ་ལྟར་རིག་པར་བྱའོ་ཞེས་གསུངས་པ་ལྟར། མི་དགེ་བའི་བྱ་བ་གང་ལ་ཡང་རང་བཞིན་གྱིས་མི་འཇུག  གྲྭ་སར་དགེ་ཚུལ་དང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ཚང་ནས་སྐུ་འབུམ་དུ་བསྙེན་རྫོགས་སོགས་རིམ་གྱིས་ཐོབ་སྟེ་གཙོ་བོ་སྡོམ་པ་གསུམ་གྱི་བཅས་མཚམས་ལས་མི་འདའ་བར་བྱེད་པ་ཉམས་ལེན་གཙོ་བོར་མཛད། རིམ་གྱིས་གཞུང་པོ་ཏི་ལྔ་ལ་སྦྱངས་པ་མཐར་ཕྱིན་ཏེ། ཚོང་རུའི་ཁྲིར་ཕེབས། དེ་ནས་མར་གསེར་ཐང་དགོན་དུ་ཕྱིར་ཕེབས་ནས། དབང་ལུང་རྗེས་གནང་མང་དུ་གནང་། སྡེ་བ་སོ་སོ་ལ་མ་ཎི་རིལ་སྒྲུབ་མང་བོ་བཙུགས། གཙོ་བོ་དགོན་པ་བསྐྱངས་ནས་དུས་འདའ་བར་བྱེད་པའོ༎མཐར་དགུང་ལོ་དོན་གཅིག་ལ་སྐུ་གཤེགས་ནས་སྐུ་གདུང་བཞུ་བའི་ཚེ་ཕྱག་མཛུབ་ཀྱི་རུས་པའི་སྟེང་དུ་ཨ་ར་པ་ཙའི་ཡི་གེ་བྱུང་བ་སོགས་རྟགས་མཚན་ཁྱད་པར་ཅན་དང་ལྡན་པའོ༎
           སྐུ་ཕྲེང་ལྔ་བ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ནི། རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལ་འཁྲུངས། ལ་རྩའི་ལྟག་ཀ་སྡེ་བའི་ནང་ནས་རིགས་རུས་ཕུན་སུམ་ཚོགས་པ་ཡབ་མགོན་ཕྲུག་དང་། ཡུམ་གཙུག་གཏོར་སྨན་གཉིས་ཀྱི་སྲས་སུ་སྐུའི་སྐྱེ་བ་བཞེས་སོ། དགུང་ལོ་ལྔའི་ཐོག་གདན་སར་བཀོད། ཡོངས་འཛིན་བཤེས་གཉེན་ཆེན་པོ་སྤེན་གཙང་ཨ་ཁུ་དཀོན་མཆོག་ཚང་ནས་རབ་ཏུ་བྱུང་། དགུང་ལོ་བཅུ་གཅིག་ཐོག་ནས་གྲྭ་ས་སྟག་ཚང་ལྷ་མོར་མང་ཇ་བསྐོལ་ནས་ཚོགས་ལ་ཞུགས། བཤེས་གཉེན་ཆེན་པོ་གཟའ་རུ་འབྲོག་ཨ་ཁུ་དཀོན་མཆོག་ཚང་དགེ་རྒན་དུ་བསྐོས། འབྲོང་པ་ཨ་ཁུ་བསང་གཏན་ཚང་ནས་ཁོང་ལ་དགེ་ཚུལ་གྱི་སྡོམ་པ་ཕུལ། དེ་ནས་སྔོན་གོམས་པའི་བག་ཆགས་རྣམས་སད་དེ། ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་ འཆད་ཉན་སོགས་གཙོ་བོར་བྱས། དེ་ནས༡༩༥༨ལོར་དགོན་པ་ཐོར་སོང་བའི་རྐྱེན་གྱིས་ཁོང་དཔོན་གཡོག་གཉིས་བཞག་སྡོམ་ནས་ལོ་འགའ་རེ་བཞུགས། དེར་དགེ་རྒན་སྐུ་ཞི་བར་གཤེགས་ནས། ཁོང་ཟམ་ཚའི་དགོན་པར་རུ་བསྐོར་དུ་བཞུགས་ནས་ལོ་འགའ་རེ་སོང་རྗེས། ཆོས་སྒོ་གསར་དུ་ཕྱེ་སྐབས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས། ཨ་ཁུ་འཇིགས་མེད་ཚང་ནས་དབང་ལུང་མང་པོ་ཐོབ། ཚུལ་ཁྲིམས་ཉི་མ་ཚང་ནས་བསྡུས་གྲྭ་སོགས་གཞུང་མང་པོ་གསན། དགེ་རྒན་བཔྲི་ནས་སུམ་ཅུ་བ་དང་། རྟགས་འཇུག་ས་རིས་རྣམས་མཐར་ཕྱིན། ཨ་ཁུ་དཔལ་ལྡན་ཚང་ནས་བསྡུས་གྲྭའི་རིགས་ལམ་སོགས་ལ་སྦྱངས། ཨ་ཁུ་དགེ་འདུན་རྒྱ་མཚོ་ཆུང་བ་ཚང་ནས་བློ་རྟགས་སོགས་ཁྲིད། བཤེས་གཉེན་ཆེན་པོ་ཨ་ཁུ་དགེ་འདུན་ཚང་ནས་བསྙེན་པར་རྫོགས། དེ་ནས་བཟུང་སྡོམ་པ་གསུས་གྱི་བཅས་མེ་མཚམས་ལས་མ་འདས་པར་ཉམས་ལེན་གཙོ་བོར་བྱས།  སྤྱི་ལོ༡༩༨༧ནས་སྤྱི་ལོ༡༩༨༩ལོའི་བར་སྟག་ཚང་ལྷ་མོའི་ཀིརྟི་དགོན་གྱི་ཚོགས་ཆེན་མཁན་ པོའི་འགན་བཞེས་མྱོང་། འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མ་མངོན་དུ་གྱུར་བཞིན་པ་ནི་ངོ་མཚར་བའི་གནས་ལགས་སོ༎
           སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། ཚོགས་ཆེན་འདུ་ཁང་དང་། སྒོམ་ཁང་གདུང་མདུན་དང་བཅས་པ། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་། བྱམས་པའི་ལྷ་ཁང་། སྨན་བླའི་ལྷ་ཁང་། དབྱེན་འདུམ་མཆོད་རྟེན་ཆེན་པོ་གཅིག བཀའ་འགྱུར་བྲིས་མ་ཚར་གཅིག ཡང་བཀའ་འགྱུར་པར་མ་ཚར་གཅིག་ཆ་ཚང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། གྲགས་པ་བཤད་སྒྲུབ་ཚང་གི་གསུང་འབུམ། ཡང་གསུང་འབུམ་མ་ཡིན་པའི་པོ་ཏི་ཁྱོན་སྡོམ་ལྔ་བཅུ་སོགས་བཞུགས། སྐུ་ཕྲེང་བཞིའི་མཆོད་རྟེན་ཆེ་བ་ཁྲུ་བཞི་ཅན། དེ་མ་ཡིན་པའི་མཆོད་རྟེན་ཆེ་ཆུང་བཅོ་ལྔ་བཞུགས། དགོན་པའི་མདུན་དུ་དབྱེན་འདུམ་མཆོད་རྟེན་ཆེན་པོ་གཅིག་བཞུགས། སྒོམ་ཁང་ནང་དུ་མགོན་ཆོས་ལྔའི་འབག་སྐུ་ཁམས་ཆེན་བཞུགས།  གདུང་མདུན་ནང་དུ་འཇམ་དབྱངས་སྐུ་གཟུགས་འབག་སྐུ་ཆེ་བ་གཅིག སྤྱན་རས་གཟིགས་ཀྱི་འབག་སྐུ་ཆེ་བ་གཅིག ཕྱག་རྡོར་འབག་སྐུ་ཆེ་བ་གཅིག ཇོ་སྐུ་ཆེ་བ་གཅིག ཚོགས་ཆེན་འདུ་ཁང་ནང་དུ། གསེར་སྐུའི་སྐོར་ནི། བྱམས་སྐུ་ཁྲུ་བཞི་ཅན་གཅིག    ཡང་བྱམས་སྐུ་ཁྲུ་གསུམ་ཅན་ གཅིག རྒྱལ་བ་རྡོ་རྗེ་འཆང་དཀྱིལ་ཀྲུང་ཁྲུ་གསུམ་ཅན་གཅིག   རྗེ་སྐུ་མིའི་ཚད་ཅན་གཅིག  ཡང་རྗེ་ཡབ་སྲས་གསུམ་སོགས་སྐུ་ཆེ་ཆུང་མི་འདྲ་བ་ཉེར་ལྔ་དང་། ཡི་དམ་སྐོར་ནི། འཇིགས་བྱེད་ཁྲུ་དོ། བདེ་མཆོག་སྐུ་ཆེ་བ་ཁྲི་གསུམ། ཡང་ཡི་དམ་གཞན་དང་། འཇིགས་བྱེད་ཆེ་ཆུང་བརྒྱད། སྟོན་པ་ཉན་ཐོས་དང་བཅས་པ་སྐུ་ཆེ་བ་ཁྲུ་དོ་སོགས་ཆེ་ཆུང་ཚར་གསུམ་ཡོད། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཆེ་བ་ཁྲུ་དོ་སོགས་ཐུགས་རྗེ་ཆེན་པོ་ཆེ་ཆུང་བརྒྱད། འོད་དཔག་མེད་སོགས་སྐུ་གཞན་བཞི་ལྷག་ཡོད། བཤགས་ལྷ་སོ་ལྔ་ཚར་གསུམ། བྱང་ སེམས་སོགས་ཀྱི་སྐོར་ནི། གནས་བརྟན་བཅུ་དྲུག་ཚར་གཉིས། དེ་ལས་གཞན་བྱམས་པ་དང་།  ཀུན་བཟང་སོགས་ཉེར་ལྔ། ཆོས་སྐྱོང་སྐོར་ནི། ལྷ་མོ་ཆེ་བ་ཁྲུ་གསུམ་སོགས་ལྷ་མོ་ཆེ་ཆུང་གསུམ། ཐ་འོག་པ། ཁྲུ་དོ་སོགས་ཆོས་སྐྱོང་གཞན་ཉེར་ལྔ། གསེར་སྐུ་ཆེ་ཆུང་ཐམས་ཅད་ཁྱོན་སྡོམ་བཞི་ བརྒྱ་དང་དྲུག་ཅུ་རེ་ལྔ་བཞུགས།
           འཇིམ་སྐུའི་སྐོར། བྱམས་ཁང་ཆེན་མོའི་ནང་དབུ་བྱམས་པ་དང་དགུང་ལོ་བཅུ་བའི་སྲས་བརྒྱད་དང་བཅས་པ་བཞུགས། ཡང་ལྷ་ཁང་ཆེན་མོ་གཅིག་གི་ནང་དུ། དུས་གསུམ་སངས་རྒྱས་སྐུ་ཆེ་བ་གསུམ་བཞུགས། ཇོ་སྐུ་ཆེ་བ་གཅིག རྗེ་སྐུ་ཆེ་བ་གཉིས། ཐུབ་སྐུ་ཡར་བཞེངས་པ་ཆེ་བ་གཅིག གནས་བརྟན་བཅུ་དྲུག་སྐུ་ཆེ་བ་གཅིག གཞན་སྐུ་ཆེ་ཆུང་བསྡོམས་པས་སུམ་བརྒྱ་ལྷག་བཞུགས། ཐང་གའི་སྐོར། བྱམས་པའི་གོས་སྐུ་བཟོ་གྲུབ་ཅན་ཁྲུ་ཙི་ཉེར་ལྔ་ཅན་གཅིག ཡང་རྒྱན་དྲུག་མཆོག་གཉིས་ཀྱི་གོས་སྐུ་ཁྲུ་ཙི་བཅོ་ལྔ་ཅན་གཅིག ཡང་གྱན་ཐང་ཆེ་ཆུང་ཁྱོན་སྡོམ་ལྔ་བཅུ་ང་གཅིག་ཡོད། གནས་བརྟན་བཅུ་དྲུག་གི་ཐང་ག་ཆེ་ཆུང་བསྡོམས་པས་ཚར་ལྔ། འཇིགས་བྱེད་ཐང་ག་སོགས་བསྡོམས་པས་ཐང་ག་ཉིས་བརྒྱ་ལྷག་ཡོད། དགོན་འདིར་བླ་གྲྭའི་ཁྲོད་ནས་མཁས་བཙུན་བཟང་གསུམ་འཛོམ་པའི་སྐྱེས་ཆེན་མང་དུ་བྱུང་བ་འདི་ལྟར།
           ཀུན་མཁྱེན་བླ་མ་གསེར་ཐང་སྤྲུལ་སྐུ་སྐུ་ཕྲེང་ལྔ་དང་། དེ་ཉིད་ཀྱི་སྨོན་ལམ་གྱི་མཐུ་ལས་  གྲུབ་པའི་ཡང་སྤྲུལ་ནི། བཤེས་གཉེན་ཆེན་པོ་འཇམ་དཔལ་བསྟན་འཛིན་ཚང་དང་། སྟེང་ཁར་དགོན་གྱི་བླ་མའི་ཡང་སྤྲུལ་རིམ་བྱོན་དང་། མཁས་ཤིང་གྲུབ་པའི་ཡང་སྤྲུལ་ཁ་སྨད་ཨ་མྱེས་སྐུ་ཕྱོགས་ཚང་དང་། དོག་ལུང་དགོན་གྱི་བླ་མའི་ཡང་སྤྲུལ་རིམ་བྱོན་དང་། ཆུ་དཀར་དགོན་གྱི་བླ་མའི་ཡང་སྤྲུལ་སོགས་མང་། གྲྭ་བའི་ཁྲོད་ན་ཡང། ཕྱི་ནང་གི་ཡོངས་འཛིན་ཆེན་པོ་བྱ་བཟང་ཨ་ཁུ་རི་ཁྲོད་པ་བློ་བཟང་འཕྲིན་ལས་ཚང་དང་། མཁྱེན་རྒྱ་ཆེ་བའི་ཡོངས་འཛིན་སྤེན་གཙང་ཨ་ཁུ་དཀོན་མཆོག་ཚང་དང་། སྟེང་ལེབ་ཨ་ཁུ་རྡོ་རམས་པ་ཚང་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པའི་ཙུག་གུའི་རྡོ་རམས་པ་སྐལ་བཟང་ཚུལ་ཁྲིམས་ཚང། རིག་གནས་ལྔ་ལ་ མཁས་པའི་བྱ་བཟང་རྡོ་རམས་པ་མཁས་གྲུབ་རྒྱ་མཚོ་དང་། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རྡོ་རམས་པ་སྤེན་གཙང་ཨ་ཁུ་བློ་བཟང་ཚང་དང་། མཁྱེན་རྒྱ་ཆེ་བའི་རྡོ་རམས་པ་སྤེན་གཙང་ངག་དབང་རྒྱ་མཚོ་དང་། ཤེས་རབ་ཅུང་ཟད་ཆེ་བའི་སྤེན་གཙང་ཨ་ཁུ་དཀོན་མཆོག་འཕྲིན་ལས་དང་། ལྷ་མོ་ཉིན་སྲིབ་ནས་སློབ་གཉེར་མཐར་ཕྱིན་པའི་བཤེས་གཉེན་ཆེན་པོ་གསེར་གྱི་རི་བོ་ལྟ་བུ་རྣམས་དང་། ཡང་གསེར་ཐང་དགོན་ནས། འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་གར་ཐིག་དབྱངས་གསུམ། ཐ་ན་འབུད་དཀྲོལ་སོགས་ལ་སྦྱངས་པ་མཐར་ཕྱིན་ནས་མཁས་པའི་དབང་བོ་བཤེས་གཉེན་ཆེན་པོ་མང་པོ་བཞུགས། གྲྭ་བའི་གྲངས་ནི། ང་བརྒྱད་ལོའི་སྔོན་དུ་གྲྭ་བ་ཁྱོན་སྡོམ་ཉིས་བརྒྱ་བདུན་བཅུ་ལྷག་བཞུགས་ཡོད་པ་འདྲ།
           དགོན་པའི་ཕྱག་བཞེས་དང་ཚོགས་འདོན་སྐོར་ནི། སྡེ་འདིའི་ཕྱག་བཞེས་དང་། ཚོགས་སོགས་ཀྱི་རིམ་པ་ནི། ཧོར་ཟླ་དང་པོ་ལ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བཅོ་ལྔ། སྨོན་ལམ་འདོན་སྒྲིག་ཕྱག་ལེན་བླ་བྲང་ལྟར་དང་། སྦྱིན་བདག་གིས་ཀུན་རིག་ཞུས་ཚེ་དེའི་སྟེང་དུ་ཀུན་རིག་རྒྱག་པ་གསུངས་དགོས། བཅུ་གསུམ་ཉིན་ལ་གོས་སྐུ་བཤམ་པ་དང་། བཅུ་བཞིའི་ཉིན་འཆམ་རྙིང་དང་། ཕྱི་དྲོ་གཏོར་རྒྱག་ཡིན། བཅོ་ལྔའི་དགུང་མོ་མཆོད་པ་ཡིན། བཅུ་དྲུག་ཉིན་སྔ་དྲོ་བྱམས་པ་གླིང་བསྐོར་དང་། ཤ་འཆམ་སེང་འཆམ་ཡང་ཡིན། གཉིས་པའི་ཉེར་དྲུག་ཉིན་ལ་སྐུ་ཕྲེང་བཞི་བའི་གདུང་མཆོད་ཡིན། གསུམ་པའི་ཚེས་གཅིག་ནས་བཅོ་ལྔའི་བར་བཀའ་འགྱུར་དག་ཚར་འདོན་དགོས་པ་དང་། གསུམ་པའི་བཅུ་དགུ་ཉིན་སྐུ་ཕྲེང་དང་པོའི་གདུང་མཆོད་ཡིན། བཞི་བའི་ཚེས་དྲུག་ནས་འཇིགས་བྱེད་བདག་འཇུག་ཉིན་བདུན་དང་རྡུལ་ཚོན། སྦྱིན་སྲེག་དང་བཅས་པ་ཁ་ཚར་བར་ཡོད། བཅུ་བཞི་བཅོ་ལྔ་ལ་བསྙུང་གནས་ཡིན། ཉེར་དགུ་ཉིན་ལ་སྐུ་ཕྲེང་གསུམ་པའི་གདུང་མཆོད་ཡིན། ཧོར་ཟླ་དྲུག་པའི་བཅུ་དྲུག་ནས་དབྱར་དང་། དེ་ནས་ དགག་དབྱེ་དང་། ཡར་ངོ་མར་ངོའི་གསོ་སྦྱོང་ཆག་མེད། ཚེས་བརྒྱད་ཐམས་ཅད་ལ་སྨན་བླའི་ཚེས་བཅུ་རྒྱུན་དུ་ཡོད། ཧོར་ཟླ་དགུ་བའི་ཚེས་བཅུ་བདུན་ནས་ཀུན་རིག་བདག་འཇུག་བླ་བྲང་དུས་འཁོར་ལྟར་དུ་ཚུགས་པ་ཡིན། རྡུལ་ཚོན། སྦྱིན་སྲེག་དང་བཅས་པ་ཡོད། ཧོར་ཟླ་བཅུ་བའི་ལྔ་མཆོད་ཉེར་གཅིག་ནས་ཉིན་ལྔ་ཚོགས་པ་ཡིན། འདོན་ཆ་གསང་འདུས་གཙོ་བོ་ཡིན། བཅུ་བའི་ཉེར་གསུམ་ཉིན་སྐུ་ཕྲེང་གཉིས་པའི་གདུང་མཆོད་ཡིན།
           གཅིག་དགུ་ང་བརྒྱད་ལོར། རྒྱལ་ཡོངས་ཀྱི་ས་གནས་ལྟར་དགོན་འདིར་ཡང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྩ་མེད་དུ་གཏོང་བའི་ཚེ། རྟེན་དང་གནའ་རྫས་ལ་གྱོང་གུད་ཆེན་པོ་ཐེབས་པ་དང་། ལྷག་པར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། གྲགས་ཆེན་གྱི་དགོན་སྡེ་མང་བོ་དང་ཆབས་ཅིག་ཏུ། དགོན་འདིའི་གཙུག་ལག་ཁང་དང་། རིག་གནས་ཀྱི་དངོས་པོ་དང་། གནའ་རྫས་རྩ་ཆེན་འགངས་ཆེན་རྣམས། ནང་བའི་རྟེན་གསུམ་སོགས་མི་དམངས་ཀྱིས་གཅེས་སུ་འོས་པའི་ཚན་རིག་དང་རིག་གནས་ཀྱི་དཔྱད་གཞིར་རིགས་པ་མཐའ་དག་རྩ་མེད་དུ་བཏང་བ་རྣམས་ཕངས་པའི་གནས་སོ།།