རྡོ་རྗེ་རྫོང་དགོན་པའི་ལོ་རྒྱུས།
སྤེལ་དུས 2020-05-19
ཡོང་ཁུངས། དགེ་ལུགས་དྲ་བ།
རྩོམ་པ་པོ།
བྲག་དཀར་བདེ་ཆེན་འཇིགས་མཛད་རྡོ་རྗེ་རྫོང་དགོན་པ་ནི།མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་སུ་ཡོད་ལ།དེ་ཡང་སྙན་བརྒྱུད་གདམས་པའི་གཏེར་མཛོད་ཁྲི་ཆེན་འཇམ་དབྱངས་དབྱངས་ཐུབ་བསྟན་རྒྱ་མཚོ་དེ་ཉིད་ནས། ཇོ་བོ་བཀའ་གདམསཔ་རྣམས་ཀྱིས། བསྟན་པའི་དཀར་ཐིག་ལ་དགོན་པ་བྲེ་ཞབས་ཙམ་རེ་ཡིན་ཡང་འདེབས་ཅི་ཐུབ་བྱ། ཞེས་གདམས་པའི་དོན་ཐུགས་ལ་བརྣག་སྟེ། རིང་མོ་ཞིག་ནས་གཞི་འདིར་སྒྲུབ་སྡེ་གཞན་དང་མི་མཉམ་པ་བསྐྲུན་ཏེ་སྒྲུབ་པ་རྣམ་པར་དག་པ་ཞིག་མཛད་པའི་ཐུགས་སྨོན་ཡོད་པའི་དབང་གིས། རྗེ་ཉིད་དགུང་ལོ་སོ་གསུམ་པ་རྣམ་འཕྱང་ཞེས་པ་ས་ཁྱི་ལོར་གཞི་འདིར་སྐུ་དངོས་སུ་ཕེབས་ནས། གཏེར་སྦས་བསང་བཏང་སྟེ་བག་ཕབ་ནས་བཞུགས་སྤྲོ་བའི་ཚུལ་མཛད།
ཡང་རྗེ་ཉིད་དགུང་ལོ་ཞེ་ལྔ་བ་ལྕགས་ཁྱི་ལོར་ཡང་བསྐྱར་གྱིས་ཕེབས་ནས་ཞབས་ཀྱིས་བཅགས་ཤིང་བཞུགས་སྤྲོ་བའི་ཉམས་དང་བཅས་སྐུ་དབོན་ཆེན་པོ་ཨརྠ་བ་ལ། གཞི་འདིར་ནམ་ཞིག་ན་བསམ་གཏན་གྱི་སྤྱིལ་བུ་བསྒྲུབ་ཏེ་སྒྲུབ་པའི་བ་དན་བསྙལ་བ་མེད་པར་བསྒྲེང་བར་བྱའོ་ཞེས་གསུངས་འཕྲོས་ཀྱང་མཛད།
དེ་ནས་སྒྲུབ་སྡེ་འདི་ཉིད་གསར་བསྐྲུན་གྱི་འགོ་བརྩམ་པའི་ལོ་དངོས་ནི། ཁོང་ཉིད་དགུང་ལོ་ང་བདུན་པ་རབ་བྱུང་བཅོ་ལྔ་བའི་ཆུ་ཁྱི་ལོ་སྟེ། དེ་ལྟར་ལོ་སྐོར་གསུམ་གྱི་ངོ་མཐོང་བའི་བར་ལ་ཐུགས་ཀྱི་བཞེད་པ་ཡང་ཡང་བཏང་བའི་གནས་ནི་སྐྱ་འཚོང་བྲག་ཅེས་བྱ་བ་འདི་ཉིད་ཡིན་ཏེ། ཇི་སྐད་དུ། བདེ་གཤེགས་གཙུག་གི་མེ་ཏོག་གང་ཞབས་ལ།། རྣམ་པར་བཏུད་པ་ཁྲི་ཆེན་རྡོ་རྗེ་འཆང་།། རིང་ནས་ས་ཆེན་འདི་ལ་རབ་དགྱེས་པའི།། མདངས་འོད་ཀེ་ཀེ་རི་ཡི་ལང་ཚོ་འཛིན།། ཞེས་གསུངས་པ་ལྟར་རོ།། དེ་ཡང་སྔོན་ནས་ཆུ་དམར་ནག་གཉིས་ཀྱི་འདྲེས་མཚམས་སུ་ཆོས་སྡེ་བསྐྲུན་བྱས་ན་དུང་ཆ་འབུད་བྱེད་པ་འབྱུང་བའི་གཏམ་རྒྱུད་ཡོད་པ་དང་། རེབ་གོང་གི་ཆུའི་གོང་བ་ན་རང་ལུགས་གཙང་མ་འཛིན་པའི་སྒྲུབ་སྡེ་ཁྱད་འཕགས་ཞིག་ཡོད་ན་ལེགས་པར་དམ་པ་རྣམས་ཀྱི་གསུང་སྒྲོས་ལས་འབྱུང་བ་སོགས་ཀྱིས་རྒྱུ་བྱས་ཏེ། སྐུ་མདུན་ཞབས་དྲུང་མཛོད་པ་ཆོས་རྗེ་སྟག་གེ་སྤྲུལ་བའི་སྐུ་བློ་བཟང་བཀྲ་ཤིས་རྒྱ་མཚོར་འང་དེ་ལུགས་ཀྱི་དགོངས་གྲོས་མཛད་པར་ཁོང་བས་ཀྱང་དགྱེས་ཚོར་དང་བཅས་དང་དུ་བླངས་པ་ལྟར། བརྒྱད་པའི་ཉེར་ལྔ་མ་དང་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་གནས་འདིར་ཕྱགས་ཕེབས་ཏེ་བསང་དང་དཀར་གཏོར་བསྔོ་བ་དང་། དར་སེར་པོ་ཞིག་ལ་བསླུ་མེད་བླ་མ་མ་བྲིས་ཏེ་བྲག་ལ་འཛུགས་པར་མཛད་ཅིང་མཚན་ལྟས་སོགས་བཀྲ་ཤིས་པའི་ལེགས་ལམ་མང་དུ་བྱུང་། ལྗགས་བཀོད་ལྟར་གནས་འདིར་ལྔ་སྡེ་བཟང་བོའི་གྲངས་ལྡན་གཞི་བསྙེན་ཆེན་མོ་གཏོང་རྒྱུའི་ཉེར་བསྡོགས་ལ་གནས་པར། དགའ་ལྡན་ལྷ་བརྒྱ་མ། གནས་བཅུ། དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་རྣམས་ཀྱི་ལུང་སྩལ་ཏེ་ཐོག་མའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས། རྒྱབ་རིའི་བྲག་དཀར་ལ་གཟིགས་ནས་རྡོ་རྗེ་འཇིགས་བྱེད་འགྱིང་སྟབས་སུ་གནས་པའི་གཤམ་དུ་ཆོས་རྒྱལ་ཕྱི་ནང་གསང་གསུམ་བཀའ་སྲུང་གི་ཚུལ་དུ་འཁོད་པ་དང་འདྲ་བས་ཅི་ནས་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་གནས་ཁྱད་པར་བ་ཞིག་ཏུ་གདོན་མི་ཟ་པའི་ཚུལ་གྱི་གསུང་འཕྲོས་ཀྱང་མཛད་ལ། ཚུལ་དེ་ལྟར་སྨྲ་བའི་ཉི་མ་འཇིགས་མེད་པཎྚིཏས་ཀྱང་། འཇམ་དཔལ་ཁྲོས་པའི་མེས་པོ་གར་དགུའི་ཉམས།། ཟོལ་དུ་རྫོགས་པའི་དཀྱིལ་འཁོར་དངོས་ཉིད་དུ།། འདོམས་འདོད་སྙོམས་འཇུག་ལས་ལས་མ་བཞེངས་པའི།། དུས་དགྲའི་དབང་ཕྱུག་ས་འཛིན་ཟོལ་གྱིས་འགྱིང་།། ཞེས་དང་། བཀའ་སྡོད་ལས་གཤིན་ཕྱི་ནང་གསང་བ་ཡིས།། འཇམ་མགོན་སྒྲུབ་བསྟན་གང་གིས་ལུགས་གཞན་དང་།། བསྲེ་བསླད་མེད་པར་སྐྱོང་ལ་རབ་དགྱེས་པས།། རི་ཕྲན་ཚུལ་གྱིས་སྡེ་འདིའི་བྱ་ར་བྱེད།། ཅེས་གསུངས་པ་ལྟར་དང་། ཡོངས་འཛིན་འཇམ་པའི་དབྱངས་ལ་རྗེ་ཉིད་ནས་ལྷ་རྫས་དང་བཅས་དགོན་འདིར་མཚན་ཞིག་དགོས་ཞེས་བཀའ་ཕེབས་པར། རྗེ་དེས་ཀྱང་ཐུགས་བསམ་ཆེད་དུ་བཞེས་པ་ལ་མ་ལྟོས་པར་འཇིགས་མཛད་རྡོ་རྗེ་རྫོང་ཞེས་གསོལ་བས་ཀྱང་ཡི་དམ་འདི་ཉིད་ཀྱི་གནས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་གོར་མ་ཆག་ལ། ཕྱིས་པཎ་ཆེན་ངག་གི་དབང་བོ་བློ་བཟང་དཔལ་བ་གནས་འདིར་ཐོག་མར་ཕེབས་སྐབས་མཚན་རྨིས་དང་གཟིགས་སྣང་འགའ་ཞིག་ལ་བརྟེན་ནས། མདུན་རིའི་དགེ་འཕེལ་རི་བདེ་མཆོག་གི་གནས་སུ་ཡང་ལུང་བསྟན་ཏེ། གནས་བསྟོད་ལས། གང་དུ་ཁྲག་འཐུང་འཁོར་ལོའི་བཀོད་པ་དངོས།། རྣམ་བཀྲ་འཇམ་མགོན་དོན་གྱི་པཎྚཏའི།། ཡེ་ཤེས་སྒྲིབ་པ་དྭངས་པའི་མེ་ལོང་དུ།། ཤར་བའི་གསང་བ་བསམ་པའི་ཡུལ་ལས་འགོངས།། ཞེས་གསུངས་པ་དང་། གཞན་ཡང་རྒྱབ་རིའི་བྲག་ལ་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པ་དང་རྡོ་རྗེ་ཕག་མོ་སོགས་རང་བྱོན་མང་པོས་བྱུར་བར་གཏམས་སོ།།
ད་དུང་ཡུལ་མི་རྒན་གྲས་དག་གི་ངག་རྒྱུན་ལ། དགོན་པ་འདི་ཕྱག་མ་བཏབ་པའི་ཡར་སྔོན་གནས་འདིར་མཆོད་རྟེན་རྩ་ཞེས་འབོད་པར་གྲགས། དེའི་རྒྱུ་མཚན་ད་ལྟའི་སྒྲོལ་མ་ལྷ་ཁང་གི་རྒྱབ་ཟུར་དུ་ཡོད་པའི་སངས་རྒྱས་ཀྱི་གསུང་རབ་དང་གཟུངས་སྔགས་སྣ་ཚོགས་ལས་གྲུབ་པའི་རྡོ་རྩིག་འདི་ཉིད་མཆོད་རྟེན་གྱི་དབྱིབས་སུ་མ་གོད་པར་ཡོད་པས་དེ་ལྟར་བཏགས་པར་བཤད་ལ། དེ་ནི་རབ་བྱུང་བཅུ་གཅིག་པའི་སྨད་དམ་བཅུ་གཉིས་པའི་སྟོད་ལ། གྲུབ་པ་དུང་རྣ་བའམ་འབྲི་གུང་ཨོ་རྒྱན་བསྟན་འཛིན་པས་གནས་འདིར་སྒྲུབ་པ་མཛད་དེ་བརྩིགས་པས། གྲུབ་ཆེན་དེ་ཉིད་རྫུ་འཕྲུལ་གྱིས་དགེ་འཕེལ་རི་ནས་འཕུར་ཏེ་གཡག་གི་ཐང་ལ་བབས་པས་སར་རྡོ་ཕ་བོང་ཞིག་ལ་ཞབས་རྗེས་བཞག་པ་ད་ལྟ་ས་དེར་མཇལ་དུ་ཡོད་པ་འདི་ཉིད་ཡིན་པར་གྲགས་སོ།། དེར་མ་ཟད་གནས་འདི་ཉིད་གླིང་རྗེ་གེ་སར་རྒྱལ་བོའི་སྐབས་ཀྱི་དཔའ་རྟུལ་སུམ་ཅུ་ལས་དཔའ་ཡང་རྟུལ་དམ་པའི་མི་བདུན་གྱི་ནང་ཚན་གླིང་དར་འཕེན་དུག་གི་སྡོང་བོའི་རྫོང་མཁར་ཡིན་པར་བཤད་ཅིང་། དགོན་སྡེ་གསར་འདེབས་སྐབས། ལྕགས་སྒྲོག་དང་གོ་ཁྲབ་ཧ་ཅང་ཆེན་པོ་སོགས་ས་འོག་ནས་ཐོན་པ་ཡང་དཔའ་རྟུལ་དེ་ཉིད་ཀྱི་གོ་ཁྲབ་དང་རྟའི་ལྕགས་སྒྲོག་ཏུ་ངོས་འཛིན་གྱིས། དགོན་པའི་བཙན་ཁང་དུ་ཉར་ཚགས་དམ་པོ་བྱས་ནའང་། ཕྱིས་རིག་གསར་བཙན་དབང་གིས་དགོན་པ་གཏོར་བཤིག་སྐབས་ལོ་རྒྱུས་ཀྱི་བདེན་དཔང་བཙན་པོ་འདི་ཡང་མིང་གི་ལྷག་མར་བཏང་བས་འདི་ཙམ་གྱི་ན་ཟུག་ཀྱང་དཔྱོད་ལྡན་དག་གི་སྙིང་ལ་ཁུར་དུ་ལྕིའོ།།
ཕྱི་ལོའི་གཉིས་པའི་ཉེར་ལྔ་ནས་མགོན་ཤུལ་བན་བརྒྱ་དང་ལྷན་འཛོམས་ཀྱིས་ས་བརྟག་བསླང་སྦྱང་གི་བྱ་བ་མཛད་ཅིང་། དེ་ཡང་བརྒྱད་སྟོང་བ་གསུང་སྒྲོགས་དང་། ལྟོ་འཕྱེ་བརྟག་པ། སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་དང་སྨྲ་བའི་ཉི་མ་འཇིགས་མེད་པཎྚིཏ་རྣམ་གཉིས་ནས་གནས་བདག་ལ་དམ་བསྒྲགས་གནང་བ་སོགས་དར་ལ་དབུ་ཅན་དུ་བྲིས་ཏེ་བྲག་ལ་འཛུག་པ་དང་། དགེ་ལྡན་བསྟན་འབར་མ་གསུངས་ནས་ཚུལ་འདི་ལ་བརྟེན་ནས་རྗེ་བླ་མའི་བསྟན་པ་རིང་དུ་རྒྱས་པའི་བདེན་ཚིག་བརྗོད་པའི་ཚེ། ལོ་འདིའི་འབྲུག་གི་ཐོག་མ་གྲག་སྟེ་ཆར་ཅུང་ཟད་བབས་པ་སོགས་རྟེན་འབྲེལ་གྱི་ལེགས་ལམ་རྨད་དུ་བྱུང་། དེ་ནས་རྗེ་ཉིད་ཀྱི་ཞལ་ནས། ཡུལ་དེ་ཡི་ལྷོ་ཕྱོགས་སྟོད་ཀྱི་ཆར།། གནས་ཁྱད་འཕགས་བྲག་དཀར་རྡོ་རྗེ་རྫོང་།། དགོན་མདོ་སྔགས་ཐུབ་བསྟན་འཕེལ་རྒྱས་གླིང་།། མགོན་དམ་པས་བདེན་ཚིག་དབྱངས་ཀྱིས་བསྔགས།། ཞེས་བསྔགས་པ་ལྟར་གནས་ཀྱི་མཚན་ལ་སྔར་ཡོངས་འཛིན་ཐམས་ཅད་མཁྱེན་པས་གསོལ་བ་བཞིན་བྲག་དཀར་བདེ་ཆེན་འཇིགས་མཛད་རྡོ་རྗེ་རྫོང་ངམ་མདོ་སྔགས་ཐུབ་བསྟན་འཕེལ་རྒྱས་གླིང་ཞེས་བཏགས་ཏེ་སྒྲུབ་པའི་དགའ་ཚལ་སྔོན་མེད་པ་གསེར་ལྗོངས་ཡངས་པའི་དབེན་དགོན་ཆོས་ཀྱི་ཕོ་བྲང་གི་གཞི་གདིང་སླད། ལས་མི་མང་པོས་གཟིམས་ཁང་གི་ཐིག་བཏབ་ཅིང་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེར་བསྒྲུབ། སྔར་ནས་ཐུགས་བཀོད་ལྟར་གཉན་ཐོག་ལྷ་རིས་པ་ཆོས་ལྡན་ངོ་གཡོག་ནས་བཞེངས་པའི་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་བརྒྱ་དང་དགུ་བོ་གྲུབ་ནས་གཟིམ་ཁང་གི་རྟེན་གཙོར་སྤྱན་དྲངས། ཧོར་ཟླ་བཅུ་བའི་ཚེས་གསུམ་ནས་འཇིགས་མཛད་རྡོ་རྗེ་རྫོང་གི་ཨེ་ཝཾ་བདེ་བ་ཆེན་པོའི་དགའ་བ་གཡས་སུ་འཁྱིལ་བའི་ཆོས་ཀྱི་ཕོ་བྲང་ལྟ་ན་སྡུག་པ་ལེགས་པར་གྲུབ་པར་བླ་མ་རྡོ་རྗེ་འཆང་ཉིད་གཞི་ཕབ་ཏེ་དགྱེས་སྟོན་རྒྱ་ཆེར་བཏེག རྗེ་ཉིད་ནས་དགོན་པ་གསར་སྐྲུན་གྱི་རྐྱེན་སེལ་དུ། ཁྲོ་བཅུའི་ཟློག་པ་དང་། དྲུག་ཅུ་བ། རིགས་བྱེད་མའི་དབང་གི་སྦྱིན་སྲེག་རྣམས་ཀྱང་ཉམས་སུ་བསྟར། ཡོངས་འཛིན་ཆོས་ཀྱི་རྒྱལ་པོས་ལོ་དུ་མར་དབྱར་གྱི་རིང་ལ་བསྣམས་པའི་གཎྚི་ཚད་ལྡན་ཕུལ་བ་དགེ་འདུན་བསྡུ་བའི་ཕྱིར་བརྡུང་སྟེ་བསྟན་པའི་གཞི་མ་འདུལ་བའི་ལས་ཀྱི་རྟེན་འབྲེལ་བསྒྲིག་ཕྱིར་རབ་འབྱམས་པ་དགེ་འདུན་རྒྱལ་མཚན་མདོ་འདོན་པ་པོ་བྱས་ཤིང་། དེར་བཞུགས་དགེ་སློང་རྣམས་ལ་སོ་སོར་ཐར་བའི་ལས་ཉམས་སུ་མྱོང་དུ་བཅུག ཤིང་གླང་ཆོ་འཕྲུལ་སྨོན་ལམ་གསར་དུ་ཚུགས། ཁྲི་ཆེན་བླ་མ་མཆོག་གིས་ཕྱག་རྫས་དང་།མགོན་ཤུལ་སྡེ་བས་སྦྱིན་བདག་གི་ཁུར་བླངས།མཛོད་པ་ཆོས་རྗེས་གང་ཅིའི་ཐུགས་འགན་གྱི་གདུང་བསྣམས་ནས་ལོ་སྔ་ཕྱིར་རྩོལ་ཤད་ཀྱིས་བསྒྲུབས་ཏེ་དགེ་འདུན་འདུ་བའི་ཆོས་ཀྱི་ཀུན་དགའ་ར་བ་ཆེན་མོ་ལེགས་པར་གྲུབ་ཏེ་དཀར་དམར་གྱི་གྲུབ་སྟོན་རྒྱ་ཆེར་བྱས།དེར་ནང་རྟེན་གྱི་རིམ་པ་ཡང་།བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་།གུར་སྐུ་གསུང་འབྱོན་མ་སོགས་བླུག་སྐུ་དང་བྲིས་སྐུ་སྣ་ཚོགས་ཀྱིས་བྱུར་བུར་གཏམས།འཇམ་མགོན་ཁྲི་ཆེན་བླ་མ་མཆོག་དང་སྐུ་ཡི་འཕྲེང་བར་ཕན་ཚུན་འབྲེལ་བ་ལུ་གུ་རྒྱུད་དུ་ཆགས་པའི་སྐུ་དབོན་མེ་རྒན་ཆོས་རྗེ་སྤྲུལ་བའི་སྐུ་བློ་བཟང་མཁས་མཆོག་རྒྱ་མཚོ་དང་།སྐུ་མདུན་ཞབས་དྲུང་མཛོད་པ་སྟག་གེ་སྤྲུལ་བའི་སྐུ་བློ་བཟང་བཀྲ་ཤིས་རྒྱ་མཚོ་རྣམ་གཉིས་ཀྱི་གཙོས་གྲྭ་ཚོགས་བརྒྱ་ཕྲག་གཉིས་ལྷག་རྒྱས་ཏེ་གོང་གསལ་ཆོ་འཕྲུལ་སྨོན་ལམ་དང་།ནག་ཟླའི་དུས་འཁོར་སྒྲུབ་མཆོད།གཞན་ཡང་བཞི་བའི་སྨྱུང་གནས་དང་ལྔ་བའི་མཆོད་པ། བརྒྱད་པའི་མ་ཎི།བཅུ་བའི་ལྔ་མཆོད།དུས་མཆོད་ཆེན་མོ།བོད་ལོའི་སྐུ་རིམ་དང་གཅོད་ཀྱི་ཆོས་ཐོག།དབྱར་དགག་གསོ་གསུམ་སོགས་ཆོས་སྤྱོད་ཀྱི་བྱ་བའི་རིགས་མང་པོ་ཚུགས་ཡོད་ཅིང་།མཆོད་གཞིས་ཀྱང་མགོན་ཤུལ་ཚོ་ཆེན་བཅུ་སོགས་རྒྱ་ཆེའོ།།
གཞན་ཡང་གནས་འདིར་ཡབ་རྗེ་བླ་མ་དམ་པ་ཁྲི་ཆེན་དང་པོའི་སངས་རྒྱས་དེ་ཉིད་ཀྱི་སྐུ་སྔ་ཕྱི་གཙོ་བོར་གྱུར་བའི་འཇམ་དབྱངས་བླ་མ་བློ་བཟང་དཔལ་བ་དང་།འཇམ་མགོན་སྨྲ་བའི་ཉི་མ་འཇིགས་མེད་པཎྚི་ཏ།སྒྲུབ་བརྒྱད་བསྟན་པའི་མངའ་བདག་ཨ་རོལ་རྡོ་རྗེ་འཆང་།ལྔ་རིག་སྨྲ་བའི་པཎ་ཆེན་དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་སངས་རྒྱས་དངོས་དང་འདྲ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་ཆོས་འཆད་ཉན་གྱི་རིམ་པ་རྒྱ་ཆེར་སྤྲོས་ཏེ་ལེགས་བཤད་གསེར་གྱི་ཐང་མ་ས་ལ་བརྡལ་བའི་ཚུལ་སོགས་ཡབ་སྲས་སོ་སོའི་རྣམ་ཐར་ལས་ཤེས་དགོས་ཀྱི་འདིར་བྲིར་མི་ལང་ངོ་།།
དེ་ལྟར་ཆོས་སྲིད་གཉིས་ཆར་ནས་ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་རྫོགས་ལྡན་མི་ཟད་པའི་བཀོད་པ་ས་ལ་འཕོས་པ་ལྟ་བུའི་སྐབས་ཉིད་ན།འགྲོ་བའི་ལས་རླུང་དྲག་པོའི་ལྟོ་རུ་ཐིམ་སྟེ་རེ་ཞིག་མིང་གི་ལྷག་མར་གྱུར་ན་ཡང་། གངས་ལྗོངས་བསྟན་པ་ཡང་དར་གྱི་འཛུམ་ཞལ་ཐོག་མར་ཤར་བའི་སྐབས་སུ་ཆོས་སྡེ་འདི་ལ་ཡང་། རིམ་པ་གོང་མས་གཟིགས་སྐྱོང་འོག་ཆོས་སྒོ་ཕྱེས་ཏེ། འཇམ་མགོན་བསྟན་པའི་མངའ་བདག༧བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁྲི་ཆེན་འཇམ་དབྱངས་འཕྲིན་ལས་དབང་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་ན་བཞུགས་པས་ཀྱང་གསུང་འཕྲིན་གྱི་ལམ་ནས་ཐུགས་བཀོད་གནང་བ་ལྟར། རབ་རྒྱན་ལྕགས་བྱ་སྤྱི་ལོ༡༩༨༡ལོའི་ཧོར་ཟླ་ལྔ་བའི་ཚེས་བཞི་ནས་གདན་སར་གཞི་བཟུང་སྟེ་སྨན་འཚོང་སྤྲུལ་བའི་སྐུས་རོགས་ཏན་བགྱིས་འོག་མགོན་ཤུལ་སྒར་གྲོང་སྤྱིས་རང་འགན་གྱིས་གནས་སྐབས་སུ་དགེ་འདུན་འདུ་བའི་ཀུན་དགའ་ར་བ་དང་གཅིག་མཐུས་ཀྱི་ལྷ་ཁང་གྱན་གསུམ་མ་རྟེན་བརྟེན་པ་ལེགས་གྲུབ་བྱུང་། དབྱར་བླ་མ་རྡོ་རྗེ་འཆང་འཕགས་ཡུལ་ནས་ཆིབས་ཞལ་ཐོག་མར་བསྒྱུར་ཏེ་གཞི་བྱེས་ལྷན་འཛོམས་ཀྱི་སྤྲོ་སྟོན་རྒྱ་ཆེར་བཏེག རབ་རྒྱན་མེ་སྟག་ལོའི་དཔྱིད་ནས་ཁྲི་ཆེན་འཇམ་དབྱངས་བླ་མ་མཆོག་གི་ཕྱག་རྫས་ལ་གཞི་བྱས། མགོན་ཤུལ་སྡེ་སྤྱིས་དད་འབུལ་རྒྱ་ཆེར་བགྱིས་པ་ལ་བརྟེན་ནས་ལོ་ངོ་གསུམ་གྱི་རིང་འདུ་ཁང་བསྐྱར་བཞེངས་ཤིང་རིས་དང་བཅས་པ་རྟེན་བརྟེན་པ་ལེགས་པར་གྲུབ་སྟེ་སྡེ་གཞུང་ནས་དཀར་དམར་གྱི་སྤྲོ་སྟོན་གཟབ་རྒྱས་དང་། བླ་མ་རྡོ་རྗེ་འཆང་ཉིད་ནས་རབ་ཏུ་གནས་པའི་ཆོ་ག་ཡང་དག་པར་མཛད། དེར་བཞུགས་རྟེན་གསུམ་གྱི་རིམ་པ་ཡང་། ཁྲི་ཆེན་གོང་མའི་གདུང་རྟེན་བཟོ་བཀོད་ཕུན་སུམ་ཚོགས་ཤིང་རིན་ཆེན་སྣ་མང་གིས་ཕྲ་བཏབ་པའི་དངུལ་གྱི་མཆོད་རྟེན་གྱན་ཚད་མ་དང་། རྗེ་བླ་མའི་དབུ་ཐོད་ཀྱི་ཚལ་བ་གཟུངས་སུ་བཞུགས་པའི་འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི་སྐུ་བརྙན་ཐོག་ཚད། ཁྲི་ཆེན་བླ་མ་སྐུ་སྔ་ཕྱི་དང་རྡོ་རྗེ་འཇིགས་བྱེད། དུས་འཁོར་རྣམས་ཀྱི་སྐུ་བརྙན་མི་ཚད་སོགས་འབུར་སྐུ་དང་རྗེ་གཟིགས་པ་ལྔ་ལྡན་དང་ཡབ་རྗེ་འཁྲུངས་རབས་སོགས་འཁྲུང་རབས་རྣམ་ཐར་གྱི་སྐོར་དང་། དགེ་ལྡན་ཡི་དམ་རྣམ་ལྔ་དང་ཀུན་རིག་སོགས་ཡི་དམ། སྨན་བླ་དང་། ལྟུང་བཤགས། རིགས་གསུམ་མགོན་པོ། གནས་བཅུ་སོགས་སངས་རྒྱས་བྱང་སེམས། བདེ་བ་ཅན་དང་མངོན་དགའ་སོགས་ཞིང་བཀོད། གུར་མགོན་དང་མགོན་ཆོས་གསུམ་སོགས་ཆོས་སྐྱོང་། རྒྱལ་ཆེན་དང་ཞིང་སྐྱོང་གི་སྐོར་སོགས་གྱན་ཐང་སོ་ལྔ་དང་། གོས་སྐུ་ཆེན་མོའི་གཙོས་གོས་ཐང་ཆེ་ཆུང་སུམ་ཅུར་ཉེ་བ། བཀའ་བསྟན་དང་རྗེ་ཡབ་སྲས་ཀྱི་ལེགས་བཤད་སོགས་པོ་ཏི་བརྒྱ་ཕྲག་མང་པོ་དང་། གསེར་དངུལ་ལས་གྲུབ་པའི་མཆོད་རྟེན་སྣ་ཚོགས་བཅས་འབོར་ཆེན་བཞུགས། གཞན་ཡང་གོང་ཞུས་ལྷ་ཁང་ཆུང་བ་དེ་ད་ལྟ་ཐོག་ཁང་སུམ་རིམ་ཅན་གྱི་སྒྲོལ་མའི་ལྷ་ཁང་དུ་བསྒྱུར་བ་དང་། སྐྱབས་རྗེ་དམ་པ་ཁྲི་ཆེན་འཇམ་དབྱངས་བླ་མ་མཆོག་གི་ཆོས་ཀྱི་ཕོ་བྲང་ལྟ་ན་སྡུག་པ་ཨེ་ཝཾ་བདེ་ཆེན་དགའ་འཁྱིལ་དང་། སྟག་གེ་ནང་ཆེན། དགོན་མཐའི་མཆོད་རྟེན་ཆེན་མོ་དང་གྲྭ་ཤག་ལྔ་བཅུ་ལྷག་བཅས་དགོན་པའི་ཁོར་ཡུག་ལ་རྨི་གྲུ་བཞི་མ ༣༥༢༥༦དང་མཚོ་ངོས་ལས་མཐོ་ཚད་རྨི་༣༢༧༧གྱི་སར་ཡོད་པ་དང་། ཁྲི་ཆེན་འཇམ་དབྱངས་བླ་མ་རིན་པོ་ཆེའི་གཙོས་མ་ཎི་བ་ཐུབ་བསྟན་བསྟན་འཕེལ་དང་། སྟག་གེ་བསྟན་འཛིན་ཀླུ་སྒྲུབ་སོགས་བླ་གྲྭ་བརྒྱ་ཕྲག་གཉིས་ལ་ཉེ་བ་བཅས་བཞུགས་ཤིང་། ཁྲི་ཆེན་བླ་མ་དང་པོའི་མགོན་པོ་དེ་ཉིད་དང་། སྐྱབས་མགོན་བརྒྱད་པ་ཆེན་པོའི་ཐོག་མའི་ཆོས་ཀྱི་ས་མཁན་དམ་པ་འཇིགས་མེད་ཐེག་མཆོག བཅུ་ཕྲག་རིག་པའི་མཛོད་འཛིན་བྱ་བཏང་དགེ་རྒན་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་སོགས་ནས་སྔ་ཕྱིར་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་དང་། དབེན་ས་བ་བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཆོས་རྒྱན། ཡོངས་འཛིན་འཇམ་པའི་དབྱངས། མར་ནང་རྡོ་རྗེ་འཆང་རྣམས་ཀྱི་གསུང་འབུམ་སོགས་ཀྱི་བཀླག་ལུང་དང་། ལམ་སྔགས་གཉིས་དང་། དམར་ཁྲིད་མྱུར་ལམ་སོགས་ཀྱི་བཤད་ལུང་གི་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་ལེགས་པར་བཤད་པའི་ཆོས་ཆར་མི་ཟད་པའི་བདུད་རྩིས་བསྐྱངས་དང་སྐྱོང་བཞིན་པ་ཡིན་ལ། གཞན་ཡང་ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་ལུང་རྒྱུན་ཉག་ཕྲ་བར་གྱུར་པ་ལ་མཇམ་མགོན་སྨྲ་བའི་ཉི་མ་བསེ་ཁྲི་ཆེན་རྡོ་རྗེ་འཆང་ལ་ཞུས་ཏེ་ལུང་རྒྱུན་མཁའ་ཁྱབ་ཏུ་སྤེལ་བ་དང་། གསེར་ལྗོངས་ཡུལ་གྱི་སྐྱབས་མགོན་བླ་ན་མེད་པ་རོང་སྟོན་བརྒྱད་པ་ཆེན་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་ཞུས་ཏེ་སེར་སྐྱ་ཁྲི་ཕྲག་མང་པར་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ས་བོན་གྲུང་བོང་ཐེབས་པར་མཛད་པ་སོགས་ཆོས་སྤྱོད་རྣམ་དཀར་གྱི་མེ་ཏོག་འཐུ་བ་ལ་གཅིག་ཏུ་བརྩོན་པ་དང་། གོང་ཞུས་ཆོས་ཐོག་གི་རིམ་པ་མཐའ་དག་སོར་ཆུད་ངོས། བླ་མ་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་པཎ་ཆེན་བཅུ་བ་དང་། སྐྱབས་མགོན་བདུན་པ་སོགས་སྐྱེས་ཆེན་དམ་པ་མང་དག་ཅིག་གི་དུས་མཆོད་བསྟར་ཆགས་དང་། སྨོན་ལམ་གོས་སྐུ་དང་བྱམས་པ་གླིང་བསྐོར་སོགས་རྒྱས་པར་མཛད་པ་བཅས་ཆོས་སྤྱོད་ཀྱི་བྱ་བ་དང་། བསྒྲིགས་ཁྲིམས་ཀུན་སྤྱོད་ཀྱི་རིམ་པ་མཐའ་དག་གོང་དུ་སྤེལ། ༢༠༠༩ ལོར་ཁྲི་ཆེན་འཇམ་དཔལ་དབྱངས་དངོས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་ན་མགོན་ཤུལ་སྡེ་སྤྱིས་མཐུན་སྦྱོར་མཛད་དེ་སྐུ་གདུང་ལྷ་ཁང་རྟེན་བརྟེན་པ་གསར་བཞེངས་ལེགས་གྲུབ་དང་། ཁྲི་ཆེན་སྐུ་ཕྲེང་དྲུག་པ་རྗེ་བཙུན་འཇམ་དབྱངས་བསྟན་འཛིན་དཔལ་ལྡན་མཆོག་ཁྲི་འདོན་ངོས་བླ་གྲྭ་ཡོངས་ནས་ཆོས་འཆད་ཉན། ཐོས་བསམ་སྒོམ་གསུམ། སྒྲུབ་པ་ཉམས་བཞེས་ཀྱི་ཕྱོགས་ལ་ཧུར་ཐག་སྒོས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་མཐའ་དག་རྗེ་བཙུན་བླ་མ་མཆོག་གི་ཐུགས་རྗེའི་འོད་དཀར་ལ་བརྟེན་ནས། ཡར་ངོའི་ཟླ་བ་དང་། དབྱར་གྱི་ཆུ་གཏེར་བཞིན་འཕེལ་བའི་སྐབས་ལགས་སོ།།