ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

ཧུང་ཡོན་ཚ་ལུང་དགོན།

སྤེལ་དུས 2020-06-03 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
         དགོན་སྡེ་འདི་ནི་མེ་ཕོ་རྟའི་ལོ་སྟེ་སྤྱི་ལོ1186ལོར་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་སྣང་ཞིག་གྲུབ་པའི་དབང་ཕྱུག་ཉི་མ་འཛིན་གྱིས་ཕྱག་འདེབས་བྱས་པ་དང་། འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མ་མེད་པའི་རྒྱུད་འཛིན་པའི་སྒྲུབ་སྡེ་ཞིག་ཡིན། ཚ་ལུང་དགོན་ནི་རྫོང་མཁར་ནས་སྤྱི་ལེ100ཙམ་གྱི་འབར་ཁམས་སྟོད་ཀྱི་ནགས་ཁུལ་སྟག་ལུང་ཐང་དུ་ཡོད་པ་དང་། མཚན་ལ་སྟག་ལུང་གཡུང་དྲུང་རྣམ་རྒྱལ་གླིང་ཟེར་ཞིང་། རྒྱུན་དུས་སུ་ཚ་ལུང་དགོན་ཞེས་འབོད།
         མིང་གཞན། སྟག་ལུང་གཡང་དྲུང་རྣམ་རྒྱལ་གླིང་།
         1​ངོ་སྤྲོད།
         ཚ་ལུང་དགོན་ནི་རྫོང་མཁར་ནས་སྤྱི་ལེ100ཙམ་གྱི་འབར་ཁམས་སྟོད་ཀྱི་ནགས་ཁུལ་སྟག་ལུང་ཐང་དུ་ཡོད་པ་དང་། དགོན་སྡེ་འདི་ནི་འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མེད་པའི་རྒྱུད་འཛིན་པའི་སྒྲུབ་སྡེ་ཞིག་ཡིན། སྤྱི་ལོ2005ལོར་དགོན་པར་གྲྭ་བ29ཡོད། དགོན་སྡེ་འདི་ནི་རབ་བྱུང3པའི་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་སྟེ་སྤྱི་ལོ1186ལོ་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་སྣང་ཞིག་གྲུབ་པའི་དབང་ཕྱུག་ཉི་མ་འཛིན་གྱིས་ཕྱག་འདེབས་བྱས་པ་དང་། དགོན་སྡེ་འདི་ལའང་རིག་གནས་གསར་བརྗེའི་སྐབས་ཉམས་ཞིག་ཆེན་པོ་བྱུང་ཡོད། ཕྱིས་སུ་སྤྱི་ལོ1982ལོར་ཧུང་ཡོན་སྲིད་གཞུང་གིས་བོན་སྒོ་གསར་དུ་ཕྱེས་པའི་ཆོག་མཆན་བཀོད་དེ། དགོན་སྡེ་བསྐྱར་བཞེངས་དང་སླར་གསོ་བྱས་པ་དང་། དགོན་སྡེ་འདིའི་ལྷ་འབངས་གཙོ་བོ་ཚ་ལུང་མི་ཁྱིམ་ཁག་ལྔ་བཅུ་ལྷག་ཡོད། 
         2 ཕྱི་ནང་སྣོད་ཀྱི་བཀོད་པ། 
         སྤྱི་ལོ2008ལོའི་བར་དགོན་པའི་སྤྱིའི་རྒྱ་ཁྱོན་མུའུ200ལྷག་ཡོད། དེའི་ནང་འདུ་ཁང་དང་ཆོས་ཁང་ལ་སོགས་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ800ལྷག་དང་གྲྭ་ཤག་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1000ལྷག་ཟིན་ཡོད། དགོན་སྡེ་འདིའི་རྒྱ་ཁྱོན་ལ་སྤྱི་ཆིང14ཡོད། དགོན་པའི་ནང་དུ་དུས་གསུམ་སྟོན་པ་དང་། མཉམ་མེད་ཡབ་སྲས། བདེར་གཤེགས་སྟོང་གི་སྐུ་འདྲ། མཛད་བཅུའི་ཞལ་ཐང་། བཀའ་སྐྱོང་ཀུན་འདུས་ཀྱི་ཐང་ག་བཅས་དང་། སྟོང་འཁོར། འཁོར་ཕྲེང་། བཀའ་འགྱུར་ཆ་གཉིས། མཆོད་རྟེན་བཅས་བཞུགས་སོ།།
         3 ཉམས་གསོའི་ལོ་རྒྱུས།
         བཅོས་སྒྱུར་སྐབས་གྲྭ་གྲངས80ལྷག་དང་ད་ལྟ་ཞལ་བཞུགས་པའི་གྲྭ་བ30ཙམ་ལས་མེད། དགོན་སྡེ་འདི་ཡང་རིག་གསར་གྱི་སྐབས་ཉམས་ཞིག་ཆེན་པོ་བྱུང་། ཕྱིས་སུ་སྤྱི་ལོ1982ལོར་ཧུང་ཡོན་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བོན་སྒོ་གསར་དུ་ཕྱེས། སྤྱི་ལོ1985ལོར་སྔར་གྱི་གནས་ཡུལ་དུ་བསྐྱར་བཞེངས་དང་སླར་གསོ་བྱས། 
         4 མཁན་པོ་རིམ་བྱོན།
         1.སྣང་ཞིག་གྲུབ་དབང་ཉི་མ་འཛིན། 
         2.རིན་ཆེན་བློ་གྲོས། 
         3.སྨིན་གྲོལ་རྒྱལ་མཚན། 
         4.བསླབ་གསུམ་རྒྱལ་མཚན། 
         5.བསླབ་གསུམ་ཚུལ་ཁྲིམས། 
         6.མཁས་བཙུན་ཀུན་བཟང་། 
         7.རྣམ་གྲོལ་རིན་ཆེན། 
         8.བསྟན་འཛིན། 
         9.ལྷུན་གྲུབ། 
         10.བསྟན་འཛིན་འོད་ཟེར། 
         11.ཇ་རོང་ཉི་མ་བསྟན་འཛིན། 
         12.ཕེན་ཅི་གཡུང་དྲུང་དར་རྒྱས། 
         13.རིན་ཆེན་ལྷུན་གྲུབ། 
         14.ཛ་རོང་ནམ་མཁའ་རིན་ཆེན། 
         5 ཆོས་ལུགས་ཀྱི་བྱེད་སྒོ།
         ཟླ་བ་དང་བོའི་ཚེས་བཞི་ནས་ཚེས་བཅོ་ལྔའི་བར་སྨོན་ལམ། 
         ཟླ་བ་བཞི་བའི་ཚེས་བཞི་ནས་ཚེས་བརྒྱད་ཀྱི་བར་སྟོང་མཆོད། 
         ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་ཚེས་ཉི་ཤུ་རྩ་གསུམ་གྱི་བར་དབྱར་གནས། 
         ཟླ་བ་དགུ་བའི་ཚེས་གཉིས་ནས་ཚེས་བརྒྱད་ཀྱི་བར་སྟོན་ཆོས། 
         ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་ཉི་ཤུ་རྩ་དགུའི་བར་དགུ་གཏོར། 
         དེ་མ་ཟད་ཟླ་བ་རེའི་ཚེས་བཅུ་བཞི་དང་། བཅོ་ལྔ། ཉི་ཤུ་རྩ་དགུ། སུམ་བཅུ་བཅས་ལ་སྐུ་རིམ་དང་གསོ་སྦྱོང་ཡོད།