ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

ཚད་མ་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ།

སྤེལ་དུས 2018-03-09 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། འཇམ་དཔལ་བློ་ཤེས།

           ནང་དོན་གནད་བསྡུས།
           ཚད་མ་རིག་པའི་འབྱུང་ཁུངས་དང་ད་ལྟའི་བར་དུ་འཆད་ཉན་གྱི་འཕེལ་རིམ། བོད་རང་གི་ཐུན་མིན་གྱི་རྟགས་གསལ་གྱི་རིགས་ལམ་འདིའི་ཐོག་ནས་གཞུང་ལུགས་འཆད་ཉན་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ། སྤྱིར་ཚད་མ་རིག་པའི་གཞུང་གི་གྲུབ་ཆ་དང་ཚད་མ་རིག་པའམ་གཏན་ཚིགས་རིག་པ་འདིའི་ཁྱད་ཆོས། ཚད་མ་རིག་པ་འདི་ཉིད་ནང་བསྟན་ཆོས་ལུགས་ཙམ་དུ་མ་ཟད། ཆབ་དཔལ་རིག་གསུམ་བཅས་ཕྱོགས་གང་གི་ཆ་ནས་ཀྱང་གལ་ཆེ་བའི་རང་བཞིན་དང་། འཛམ་གླིང་གི་མི་རིགས་གཞན་དང་སྐད་ཡིག་གཞན་གྱི་ནང་དུ་མེད་པའི་ཁྱད་ཆོས་འབུར་ཐོན་གྱི་རིག་པའི་གཞུང་ལུགས་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ཚུལ་བཅས་སོ། །
           དང་པོ། སྤྱིར་ཚད་མ་རིག་པ་བྱུང་བའི་དུས།
           སྤྱིར་ཚད་མ་རིག་པ་འདི་ལ་འབྱུང་ཁུངས་སམ་དར་ཚུལ་ལ་ཚོད་དཔག་རགས་པ་ཞིག་བྱེད་ཐུབ་པ་ནི། གནའ་སྔ་མོའི་རྒྱ་གར་གྱི་གནའ་བོའི་གྲུབ་མཐའ་སྨྲ་བ་ཕྱི་རོལ་གྲངས་ཅན་པ་སོགས་ཀྱི་ཚད་མ་རིག་པའམ་རྟོག་གེའི་རིག་པ་ནི་ཚད་མ་རིག་པའི་རྣམ་གཞག་སྔ་ཤོས་ཤིག་ཏུ་བརྩི་ཆོག དེ་ཡང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་ནི་དཔྱད་བརྗོད་པ་ཕལ་ཆེ་བས་བརྒྱུད་རིམ་གསུམ་བྱུང་བ་སྟེ། བརྒྱུད་རིམ་དང་པོ་(Greek)གི་ལྟ་གྲུབ་སྨྲ་བ་(Plato)དང་(Aristotle)གཉིས་ཀྱི་དུས་ནས་བྱུང་བར་ངོས་འཛིན་བྱེད་བཞིན་འདུག ཁོང་གཉིས་ནི་སྤྱི་ལོ་སྔོན་གྱི་ལོ་༤༢༠རྗེས་ནས་བྱུང་བ་ཞིག་ཡིན། ནང་བསྟན་མཚན་ཉིད་རིག་པ་སྨྲ་བའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ནི། ཡོངས་གྲགས་ལྟར་ན་གནས་བརྟན་སྡེ་བའི་ལུགས་ཀྱི་རྩིས་ཚུལ་ལྟར་བྱས་ན་ཡང་། སྤྱི་ལོའི་སྔོན་གྱི་ལོ་༦༢༤ལོར་འཁྲུངས་ནས་ལོ་༥༤༥ལོར་སྐུ་མྱ་ངན་ལས་འདས་ཚུལ་བསྟན་པ་ལ་གཞིག་ན། ནང་བསྟན་མཚན་ཉིད་རིག་པ་དར་ནས་ལོ་ཉིས་བརྒྱའི་རྗེས་སུ་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བྱུང་བར་ཚོད་དཔག་བྱེད་ཐུབ། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་དུས་སུ་ནང་བསྟན་ཚད་མ་རིག་པའི་སྐོར་གྱི་གཞུང་ལུགས་ཟུར་པ་ཙམ་ལས་ཆ་ཚང་བ་ཞིག་ཡོད་པ་མ་ཐོས་ཀྱང་། སྟོན་པའི་བཀའ་འཁོར་ལོ་ཐ་མ་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་[1]ལས། མགོ་གཅིག་དང་།རྣམ་པར་དབྱེ་བ་དང་། དྲིས་ཏེ་ལན་གདབ་པ་རྣམ་པར་གཞག་པའམ། གཞག་པ་རྣམ་པར་གཞག་པའམ། ཞེས་སོགས་ལན་གདབ་པའི་ཚུལ་དང་། ཡང་དེ་ཉིད་ལས། རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་།འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། ། ཞེས་རིགས་པ་བཞི་གསུངས་པ་དང་། དེའི་འཐད་སྒྲུབ་ཀྱི་རིགས་པ་བཤད་པའི་སྐབས་སུ་དེ་ཉིད་ལས། དེ་ལྟར་འཐད་པའི་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ། །ཞེས་སོགས་ཚད་མ་གཉིས་ཀྱི་ཐ་སྙད་དང་བཅས་པ་གསལ་བོར་གསུངས་པ་དང་། གཞན་ཡང་དུས་འཁོར་གྱི་རྒྱུད་སོགས་ལས་ཀྱང་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མའི་ཐ་སྙད་མང་དུ་གསུངས་པ་སོགས་གསུང་རབ་དགོངས་འགྲེལ་ཀུན་ལས།གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་ཚེ་ཚད་མ་རིག་པའི་རིགས་ལམ་གྱིས་གཏན་ལ་འབེབས་པར་མཛད་དེ། དཔེར་ན། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལས། སྟོང་ཉིད་ཀྱི་རྣམ་གཞག་གསུང་པའི་སྐབས་ཀུན་ཏུ་ཆོས་གང་ཞིག་ཡིན་མིན་གྱི་ཁྱད་པར་འབྱེད་པའི་སྐབས་སུ། དེའི་ཅི་ཕྱིར་ཞེ་ན། ཞེས་པའི་མཇུག་ཏུ་རྒྱུ་མཚན་རེ་རེ་བཞིན་བཀོད་ནས་སྒྲུབ་ཡོད་པ་ཤ་སྟག་ཏུ་ཡོད་པ་ད་ལྟའི་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་རྣམས་ལ་ཞིབ་ཏུ་གཟིགས་ན་གསལ། [2]དེ་དག་ཐམས་ཅད་ཚད་མ་རིག་པའི་རིགས་འགྲོས་ཀྱིས་དཔྱད་པ་གནང་ལུགས་དང་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་ལུགས་ཡིན་ཞིང་། དེ་དག་ལས་ཚད་མ་རིག་པའི་འགྲོས་མང་པོ་ཞིག་སྔོན་གྱི་གྲངས་ཅན་སོགས་ཀྱི་རྟོག་གེའི་རིག་པ་ལ་གཞིར་བྱས་ནས་བྱུང་བ་ཞིག་ཡིན་པར་སེམས།
           སྟོན་པ་སྐུ་གཤེགས་པའི་ཚུལ་བསྟན་པའི་རྗེས་ནས་ཏེ། སྤྱི་ལོ་དུས་རབས་དང་པོའི་ནང་ལ་རིགས་པ་ཅན་པའི་སྟོན་པ་དྲང་སྲོང་རྐང་མིག་གིས་བརྩམས་པའི་རིགས་པའི་མདོ་ཞེས་པ་རྟོག་གེ་ཚིག་དོན་བཅུ་དྲུག་བརྗོད་བྱར་བྱས་པར་གྲགས་ཤིང་།[3]དེ་ནི་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་གཞུང་ཐོག་མ་དེ་ཡིན་པ་དང་། སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཏན་ཚིགས་རིག་པའི་གཞུང་རྣམས་ཀྱང་དེ་ལ་བརྟེན་ནས་བྱུང་བར་བཤད་སྲོལ་ཡོད་མོད། འོན་ཀྱང་རྟོག་གེ་ཚིག་དོན་བཅུ་དྲུག་ནི་ཕྱི་རོལ་བ་རྣམས་ཀྱིས་ཁས་ལེན་པའི་དོན་ཁོ་ན་ཞིག་མིན་ཏེ།ནང་པ་སངས་རྒྱས་པའི་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་སོགས་ཀྱིས་དངོས་པོ་བདེན་གྲུབ་ཏུ་འདོད་པའི་སྒྲུབ་བྱེད་དུ་བཀོད་པ་དང་། སྒྲུབ་བྱེད་དེ་དག་དམིགས་ཀྱིས་འགོག་པའི་གཞུང་མགོན་པོ་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་མཛད་ཡོད་པ་དང་། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་སོགས་ཀྱི་གྲུབ་མཐའི་སྲོལ་ནི་སྟོན་པ་ཞལ་བཞུགས་པའི་དུས་ནས་ཡོད་པ་མདོ་དང་རྒྱུད་སྡེ་མང་པོ་ལས་གསུངས་ཤིང་། གྲུབ་མཐའ་བཞིའི་ཐ་སྙད་དེ་དག་ཀྱང་མདོ་རྒྱུད་ཀྱི་ནང་དུ་ཡོད་པས། རྟོག་གེ་ཚིག་དོན་བཅུ་དྲུག་གི་རྣམ་གཞག་དེ་དག་ཕྱི་རོལ་པས་དང་པོར་བྱས་སམ་ནང་པ་སངས་རྒྱས་པས་བྱས་དཔྱད་དགོས་པ་ཞིག་གོ །སྟོན་པ་སངས་རྒྱས་བྱོན་ནས་ལོ་ངོ་བཞི་བརྒྱ་ལོན་པ་ན་[4]དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཟབ་རྒྱས་མདོ་སྔགས་ཀྱི་གཞུང་མང་པོ་མཛད་ཅིང་། ཐེག་པ་ཆེན་པོའི་བསྟན་པ་ཤིན་ཏུ་རྒྱས་པར་མཛད། དེ་ཡི་སྐབས་སུ་ཐབས་ཀྱི་སྙིང་པོའི་བསྟན་བཅོས་ཞེས་པ་ཚད་མ་རིག་པའི་རྣམ་གཞག་སྟོན་པའི་གཞུང་བསྡུས་པ་ཞིག་མཛད་ཟེར་ཞིང་རྒྱ་ཡིག་ཏུ་བསྒྱུར་འདུག་མོད། བོད་དཔེ་ལ་མེད་ཅིང་ཀླུ་སྒྲུབ་ཀྱི་ལོ་རྒྱུས་དང་བོད་གཞུང་གང་དུ་ཡང་ལུང་འདྲེན་བྱས་པ་སོགས་ཀྱང་མཐོང་དཀོན་པ་དང་། ལྷག་པར་ཁོང་གི་དངོས་སློབ་འཕགས་པ་ལྷ་སོགས་ཀྱི་གཞུང་དུ་ཚིག་ཟུར་ཙམ་ཡང་མ་བྱུང་བས་དཔྱད་གཞིར་སྣང་།
           དེ་ནས་དུས་རབས་ལྔ་པའི་ནང་དུ་ཕེབས་པའི་རྒྱ་གར་གྱི་ཚད་མ་རིག་པའི་སློབ་དཔོན་ཆེན་པོ། ཚད་མའི་སྟོན་པ་ཞེས་གྲགས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས། [5]དང་པོར་ཚད་མ་རིག་པའི་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་ལྷག་བརྩམས་པ་དེ་དག་གི་དོན་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚད་མ་ཀུན་བཏུས་རྩ་འགྲེལ་མཛད་ཅིང་། ནང་བསྟན་ཚད་མ་རིག་པའི་གཞུང་ལུགས་ཆ་ཚང་བའི་བཤད་སྲོལ་གསར་གཏོད་གནང་བས། ནང་བསྟན་ཚད་མ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཕྱི་མོར་གྱུར།འོན་ཀྱང་ཚད་མ་མདོའི་རིགས་ལམ་གྱི་འགྲོས་ཤིན་ཏུ་རྟོགས་དཀའ་བ་མང་བས། ནལེནྜའི་མཁས་པའི་དབུས་སུ་བཀྲམ་སྟེ།བསྟན་བཅོས་ཀྱི་ཚིག་དོན་ལ་བརྟག་དཔྱད་མཛད་པ་ན། དེར་འདུས་ཀྱི་སྐྱེ་བོ་ཕལ་བ་རྣམས་ལྟ་ཅི་སྨོས། མཁས་པའི་མིང་ཐོབ་ཡོད་པའི་པཎྜི་ཏ་མང་པོས་ཀྱང་ལེགས་པར་མ་རྟོགས། དོན་རྟོགས་ནུས་པ་འགའ་ཞིག་གིས་ཕྲག་དོག་གིས་སྡང་སྟེ་བསྟན་བཅོས་འདི་མི་ལེགས་ཞེས་སྨོད་པ་ཡང་བྱས།དེ་ནས་སྐབས་དེ་དུས་ཀྱི་ལུགས་སྲོལ་ལྟར། བསྟན་བཅོས་རྩོམ་པ་པོ་ལ་སྨོད་པ་དང་། གཞུང་དཔེ་ཁྱིའི་འཇུག་མར་བཏགས་ཏེ་གྲོང་ཁྱེར་དུ་གཏོང་བ་སོགས་བྱས་པའི་ལོ་རྒྱུས་ཡོད། སློབ་དཔོན་ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེས་ཀྱང་སློབ་དཔོན་གྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་མ་ནུས་པར་མུ་སྟེགས་པ་དང་རྩོད་པའི་སྐབས་སུ་ཁས་ལེན་གྱི་འཛིན་མཚམས་མ་ཤེས་པས་ཚུལ་དྲུག་རྟགས་ཡང་དག་གི་མཚན་ཉིད་དུ་ཁས་ལེན་དགོས་པ་སོགས་བྱུང་། དེ་ནས་དབང་ཕྱུག་སྡེའི་སློབ་མ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཁོང་གིས་རྟོག་གེའི་རིགས་ལམ་ཤིན་ཏུ་སྦྱངས་པ་མཛད་མཐར་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་གསན། ཚར་འགའ་གསན་པ་ན་དབང་ཕྱུག་སྡེས་སློབ་དཔོན་ཕྱོགས་གླང་གི་དགོངས་པ་ཇི་ལྟ་བ་བཞིན་མ་རྟོགས་པར་གཟིགས་པ་ན། དབང་ཕྱུག་སྡེས་ཀྱང་རང་གི་གྲུབ་མཐའ་ནོར་བ་ཤེས་ཤིང་། ཁོང་གི་ཁས་ལེན་ཕྱོགས་སྔ་བཟུང་ལ་གྲུབ་མཐའ་ནོར་བ་དང་ལོག་བཤད་རྣམས་འཆོས་ལ་སུན་དབྱུང་དགོས་པའི་ཞལ་ཏ་མཛད་པ་ལྟར། སློབ་དཔོན་ཕྱོགས་གླང་ལ་རྟོག་གེ་མི་ཤེས་པ་སྨོད་པ་དང་། ཕྲག་དོག་གི་སྡང་བ་དོར་བའི་ཆེད་དང་། [6]དབང་ཕྱུག་སྡེས་བཀའི་གནང་བ་སྩལ་བ་སོགས་ལ་བརྟེན་ནས། ཚད་མ་རྣམ་འགྲེལ་ཞེས་པ་ས་གསུམ་ན་རྙེད་པར་དཀའ་བའི་བསྟན་བཅོས་ཆེན་པོ་འཕྲོས་དོན་ཡན་ལག་བཅས་པ་མཛད་དེ་ནང་བསྟན་ཚད་མ་རིག་པའི་གཞུང་ལུགས་ཀྱི་གཏིང་ཚུགས་པར་བྱས་སོ། །
           གཉིས་པ། རྒྱ་གར་ནས་བོད་དུ་དར་ཏེ་འཕེལ་རྒྱས་བྱུང་ཚུལ།
           བོད་དུ་ཚད་མ་རིག་པ་བྱུང་ཚུལ་ནི། སྤྱིར་གནའ་བོའི་བོན་ཆོས་ཀྱི་ཕྱོགས་སུ་གཏོགས་པ་རྣམས་ལས་གཞན་ད་ལྟ་བོད་དུ་ཡོངས་སུ་གྲགས་པའི་མཉམ་མེད་ཤཱཀྱ་སེང་གེའི་ཆོས་བརྒྱུད་དུ་གཏོགས་པའི་ནང་བསྟན་ཆོས་ལུགས་དང་བཅུ་ཕྲག་རིག་པའི་གཞུང་ལུགས་ཕལ་མོ་ཆེ་དངོས་དང་བརྒྱུད་པའི་སྒོ་ནས་རྒྱ་གར་ནས་ཚུར་དར་བ་ཡིན་པ་དང་། དེའི་ནང་ནས་ཚད་མ་རིག་པའི་སྐོར་འདི་དག་ཀྱང་གནས་ལུགས་དེ་ལས་མ་འདས་པར་དང་པོར་རྒྱ་གར་ནས་ཚུར་བརྒྱུད་པ་དང་། དེ་ཡང་བསྟན་པ་སྔར་དར་གྱི་སྐབས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གདན་ཞུས་མཛད་པའི་རང་རྒྱུད་ཤར་གསུམ་གྱི་མཁས་པའི་ནང་ཚན་མཁན་ཆེན་ཞི་བ་འཚོས་དབུ་ཚད་སེངྒེའི་འཇིང་གནོན་གྱི་མཛད་པ་བསྐྱངས། ཚད་མ་རིག་པའི་རྣམ་གཞག་གལ་ཆེན་དུ་མཛད་དེ། ལེའུ་སུམ་ཅུའི་བདག་ཉིད་ཅན་གྱི་ཚད་ཆེན་རྩ་བ་བརྩམས། དེའི་སྲས་ཀྱི་ཐུ་བོ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་ཚད་ཆེན་དཀའ་འགྲེལ་བམ་པོ་དྲུག་ཅུ་ཅན་སྲིད་ན་རྙེད་པར་དཀའ་བའི་བསྟན་བཅོས་དག་མཛད་པ་དང་། ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་བསྒྱུར་བའི་ཚད་མའི་བསྟན་བཅོས་[7]མང་པོ་ཡོད་པ་དང་། བོད་རང་གི་ཚད་མ་རིག་པའི་གཞུང་གི་ཐོག་མ་ལྟ་བུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ཞེས་པ་ལེའུ་བཅུ་བཞིའི་བདག་ཉིད་ཅན་མཛད་པ་དེ་དག་ལ་དཔག་ན།སྐབས་དེ་དུས་ནས་ཚད་མ་རིག་པའི་གཞུང་ལུགས་ལ་འཆད་ཉན་གྱི་གཞི་ཞིག་ཚུགས་རྒྱུའི་འཆར་གཞི་བཏིང་བ་མ་ཟད།འཆད་ཉན་གྱི་ཆ་ཤས་ཤིག་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ། འོན་ཀྱང་བོད་འདི་རྨོངས་དད་ཀྱིས་དབང་དང་བྱིན་རླབས་ཞེས་པའི་མིང་པོ་ཆེ་དག་ལ་དགའ།རིག་པ་དང་རྣམ་དཔྱོད་ཀྱིས་འཆད་ཉན་ཐོས་བསམ་ལ་དེ་ཙམ་མི་དགྱེས་པ་སོགས་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱིས།དེ་ནས་བཟུང་མི་ལོ་སུམ་བརྒྱ་ཡན་མས་ཞིག་ལ་སྤྱིར་ནང་ཆོས་ལ་དར་རྒུད་སྣ་ཚོགས་བྱུང་ཤིང་ལྷག་པར་ཚད་མ་རིག་པའི་འཆད་ཉན་ཉམས་པ་ལྟ་བུར་གྱུར།
           དུས་རབས་བཅུ་པའི་སྟོད་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ནས།བཀའ་གདམས་པའི་བསྟན་པའི་སྲོལ་གཏོད། ཁུ་རྔོག་འབྲོམ་གསུམ་གྱིས་རྒྱས་པར་མཛད། སྐབས་དེ་ཙམ་ནས་ཚད་མ་རིག་པའི་གཞུང་ལ་འཆད་ཉན་གྱི་རྐང་ཚུགས་པར་མཛད་མཁན་ནི།རྔོག་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཡིན་ལ། ཁོང་ནི་དབུ་ཕར་འདུལ་མཛོད་ཚད་མ་སོགས་ཀྱི་མདོ་སྔགས་ཀྱི་གཞུང་གི་ཐད་ནས་སྒྱུར་རྩོམ་ཆེས་མང་ཤོས་ཀྱི་ལོ་ཙཱ་བ་དེ་ཡིན་པ་དང་། ཆོས་གསུངས་པ་ཤིན་ཏུ་མཁས་པས་གསུང་ཆོས་གནང་སའི་ཆོས་ཐུན་རེ་རེ་ལ་ཡང་སློབ་མ་ཁྲི་ཕྲག་རེ་འཛོམས་པ་དང་། ཉུང་མཐར་ཡང་སྟོང་ཕྲག་ཁ་ཤས་འཛོམས་ཡོད་པར་གྲགས་ཤིང་། སྐབས་དེར་གསང་ཕུར་འཆད་ཉན་བྱེད་ཐུབ་པའི་སློབ་མ་ཆིག་སྟོང་བརྒྱད་བརྒྱ་ཙམ་རེ་ཡོད་པར་བཤད།ཁོང་གིས་ཚད་མ་རྣམ་ངེས་ཀྱི་བཤད་པ་མང་པོ་མཛད་པར་མ་ཟད། ཚད་མ་རྣམ་ངེས་ཀྱི་དཀའ་གནས་རྣམ་པར་བཤད་པ་ཞེས་པའི་འགྲེལ་ཆེན་ཞིག་ཀྱང་མཛད། འདི་ནི་བོད་རང་གི་མཁས་པས་མཛད་པའི་ཚད་མ་རིག་པའི་དགོངས་འགྲེལ་ཐོག་མ་དེ་ཡིན་པར་གྲགས། དེ་ནས་ཁོང་གི་སློབ་མ་གསུང་རབ་ཀུན་ལ་མཁས་པར་གྲགས་པ་གྲོ་ལུང་པ་ཆེན་པོ་ནི་གཞུང་ལུགས་འཆད་ཉན་སོགས་ཀྱི་མཛད་རྗེས་ཤིན་ཏུ་ཆེ།དེའི་སློབ་མ་ཆ་པ་ཆོས་ཀྱི་སེང་གེས་གསང་ཕུ་དགོན་པའི་གདན་ས་ལོ་བཅོ་བརྒྱད་ལ་བསྐྱངས་ཤིང་།གཞུང་ལུགས་སྤྱི་དང་། ཁྱད་པར་དུ་ཚད་མ་རིག་པའི་འཆད་ཉན་ཤིན་ཏུ་དར་བར་མཛད་ཅིང་། བློ་གསལ་གཞོན་ནུ་རྣམས་ཀྱིས་ཚད་མ་རིག་པ་ལ་དང་པོར་སློབ་པའི་སྐབས་ཀྱི་དགོས་མཁོ་ལ་གཞིག་པའི་བློ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་པའི་རིགས་ལམ་ཆུང་འབྲིང་ཆེ་གསུམ་དང་།རིགས་ལམ་ཆེ་བ་བློ་རྟགས་གཉིས་བཅས་སུ་ནང་གསེས་བསྡུས་ཚན་བཅོ་བརྒྱད་ཅན་གསར་བསྒྲིགས་མཛད་པ་དང་།བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་མཐུན་པའི་རྟགས་གསལ་གཏོང་ལུགས་དང་། ལན་རྒྱག་ལུགས།ལུས་ཀྱི་རྣམ་འགྱུར་དང་གཟན་སྐེད་པར་བཀྲིས་ཏེ་ལག་པས་ཐལ་མོ་བརྡབ་ལུགས་སོགས་གསར་གཏོད་མཛད་པ་ལས།སྐབས་དེར་ཚད་མ་རིག་པའི་འཆད་ཉན་དར་རྒྱས་བླ་ན་མེད་པ་ཞིག་བྱུང་བར་དཔོག་ཐུབ། ཆ་པ་ཆོས་སེང་གི་རྗེས་ཙམ་དུ།ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཞེས་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་ཕེབས་པ་ཁོང་གིས་ཚད་མ་རིག་གཏེར་རྩ་འགྲེལ་མཛད་པ་དང་།ཁོང་གི་སློབ་མ་འུ་ཡུག་པ་རིག་པའི་སེང་གེས་རྣམ་འགྲེལ་རིག་མཛོད་མཛད་པ་སོགས་ལས་སྐབས་དེར་དཔལ་ས་སྐྱ་པའི་ནང་དུའང་ཚད་མ་རིག་པའི་འཆད་ཉན་དར་སྲོལ་ཆེ་ཙམ་བྱུང་ཚོད་འདུག་མོད།དེའི་རྗེས་ནས་ཚད་མ་རིག་པ་འདི་ཡུལ་ལ་བལྟོས་ཏེ་དགོས་པ་མེད་པ་དང། བརྗོད་བྱ་ལ་བལྟོས་ཏེ་དགོས་པ་མེད་པ་དང་།དགོས་པ་ཡོད་ཀྱང་དམན་པར་སྨྲ་བ་སོགས་ཀྱིས་འཆད་ཉན་ལ་སྤྲོ་བ་ཉམས་ཏེ། བོད་ཀྱི་གྲུབ་མཐའ་ཕར་ཆེ་བར་ཚད་མ་རིག་པའི་འཆད་ཉན་ནི་ཤིན་ཏུ་ཉམ་ཐག་པར་གྱུར།
           དེ་ནས་རབ་བྱུང་དྲུག་པའི་སྟོད་ལ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་གཉིས་པར་གྲགས་པ། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་ཕེབས་ཏེ་དཔྱད་གསུམ་རྣམ་པར་དག་པས་བསྟན་པ་རིན་པོ་ཆེར་དག་ཐེར་ལེགས་པར་མཛད་ཅིང་། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གནས་བཅས་པས། གྲུབ་མཐའི་མཚན་ལ་ཡང་དགེ་ལྡན་པ་ཞེས་པའི་མཚན་ཐོགབཀའ་གདམས་གཞུང་པ་བའི་ཕྱག་བཞེས་གཙོ་བོར་བསྐྱངས་ཤིང་། མདོ་སྔགས་གཞུང་ལུགས་ཀུན་ལ་ཐོས་བསམ་སྒོམ་པས་དཔྱད་འཇོག་ཡ་མ་བྲལ་བར་མཛད་དེ། བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། ལྷག་པར་དུ་མདོ་སྔགས་གང་གི་སྐབས་སུ་ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་དང་། ལྷག་པར་ཟབ་མོ་ལྟ་བའི་རྣམ་གཞག་ནི་དངོས་པོའི་གནས་ལུགས་ལ་གནས་ལུགས་སུ་ངོ་ཤེས་ནས་ཆོས་རྣམས་ཀྱི་དེ་ཁོ་ཉིད་རྟོགས་ཏེ་གང་ཟག་དང་ཆོས་ཀྱི་བདག་འཛིན་གྱི་མ་རིག་པ་བག་ཆགས་དང་བཅས་པ་རྩད་ནས་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པས།ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་རིགས་པ་ཡང་དག་གིས་གཏན་ལ་ཕབ་ཅིང་གྲུབ་དོན་ཚད་མ་རྙེད་པ་ཞིག་ཤིན་ཏུ་གལ་ཆེ་བར་གཟིགས་ཏེ། ཚད་མའི་རིགས་ལམ་དང་དབུ་མའི་ལྟ་བ་ཟུང་དུ་འབྲེལ་བའི་འཆད་ཉན་གྱི་གཞི་ཚུགས་པར་མཛད་ཅིང་། དེ་ཡང་དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལས་འབྱུང་བའི་རིགས་ལམ་རྣམས་ནི་གཞུང་ལུགས་ཆེན་པོ་དག་ལ་འཇུག་པ་ལ་མེད་དུ་མི་རུང་བའི་ཐབས་ལམ་ཟབ་མོ་ཞིག་ཡིན་པས། ཚད་མ་རྣམ་འགྲེལ་གྱི་ནང་དོན་དག་བསྡུས་ཚན་དུ་བཟོས་པའི་བསྡུས་གྲྭའི་རྣམ་གཞག་དག་ནི་གཞུང་ལུགས་ཆེན་པོ་རྣམས་ལ་འཇུག་པའི་ཐོག་མའི་སྒོ་འབྱེད་ལྟ་བུར་མེད་དུ་མི་རུང་བ་གྱུར། དུས་ད་ལྟའང་རི་བོ་དགེ་ལྡན་པའི་དགོན་སྡེ་ཆེ་ཁག་ཕལ་མོ་ཆེས་སློབ་གཉེར་གྱི་གོ་རིམ་འདི་ཁོ་ན་ལྟར་མཛད་པ་ཡིན། དེ་ལྟར་ཚད་མའི་རིགས་ལམ་དང་དབུ་ཕར་འདུལ་མཛོད་ཀྱི་གཞུང་དོན་ཟུང་དུ་འབྲེལ་དེ་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པར་མཛད་པའི་ཕྱག་སྲོལ་ལས། དེང་སྐབས་སུ་ཡང་ཚད་མ་རིག་པའི་གཞུང་ལུགས་ལ་འཆད་ཉན་དང་རྩོད་རིག  ནང་དོན་རིགས་ལམ་ལ་བྱང་ཆ་དང་། བཀའ་པོད་གཞན་རྣམས་ཀྱང་གཏན་ཚིགས་ཀྱི་རྣམ་གཞག་ལ་བརྟེན་ནས་དཔྱིས་ཕྱིན་པར་གོ་རིག་ཟུང་འབྲེལ་གྱིས་གཏན་ལ་ཕབ་ལུགས་སོགས་དང་། ལྷག་པར་ཚད་མའི་རིགས་ལམ་ལ་མཁས་པའི་བོད་ཀྱི་རིགས་ལམ་པ་དེ་དག་ལས་ལྷག་པ་ཚད་མ་བ་ནི་འཛམ་གླིང་ན་མེད་ཅེས་ཕལ་ཆེར་ཁ་ཚོན་གཅོད་ཐུབ་པ་ལྟ་བུ་ཡིན་ནོ། །
           གསུམ་པ། ཚད་མ་རིག་པའི་གྲུབ་ཆ།
           བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་གཞུང་ལུགས་ཕལ་ཆེ་བའི་བརྗོད་བྱའི་ལུས་ནི། རྟོག་གེ་ཚིག་དོན་བརྒྱད་པོ་གཙོ་བོར་བྱས་ནས་གྲུབ་པ་ཞིག་ཡིན། དེ་ཡང་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་རྩ་བ་དང་ཆ་ཚང་བའི་མ་ལག་ལྟ་བུར་གྱུར་པའི་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ལ་རང་དོན་རྗེས་དཔག་གི་ལེའུ། ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ་བཅས་བཞི་ཡོད་པ་དང་། ལེའུ་དང་པོའིི་བརྗོད་བྱ་ནི་རང་དོན་རྗེས་དཔག་དང་དེའི་རྟེན་གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རྣམ་གཞག་དང་། རྟགས་ཡང་དག་གི་དབྱེ་བ་དང་མཚན་གཞི། དེའི་སྒྲུབ་བྱེད་ཀྱི་ཚད་མ་བཤད་པ་རྣམས་ཡིན་ལ། དེ་དག་གི་འཕྲོས་དོན་སྒྲ་རྟོག་དང་གཞན་སེལ་གྱི་རྣམ་གཞག་དང་།རྟོག་པའི་ཡུལ་གྱི་རྣམ་གཞག་དང་། རྟོག་པ་དེ་ལ་འཇུག་ཚུལ་དང་། སྒྲ་རྟོག་གིས་བརྡ་སྦྱོར་ཚུལ་དང་། ཕྱི་རོལ་བྱེ་བྲག་པ་སོགས་ཀྱི་སྤྱི་དོན་གཞན་དང་། གྲངས་ཅན་གྱིས་སྤྱི་གཙོ་བོ་འགོག་ཚུལ་སོགས་ཞིབ་པར་གཏན་ལ་ཕབ་ཅིང་གཏན་ཚིགས་རིག་པའི་རིགས་ལམ་གྱི་རྐང་འཛུགས་པ་མཛད་དེ།རྟོག་གེ་ཚིག་དོན་བརྒྱད་ལས་རྗེས་དཔག་ཡང་དག་དང་རྗེས་དཔག་ལྟར་སྣང་གི་རྣམ་གཞག་ཞིབ་ཏུ་བསྟན་ཏོ།། ལེའུ་གཉིས་པས། ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་གྱི་དོན་འགྲེལ་བར་མཛད་པ་ཡིན་ལ། དེ་ཡང་ལུགས་འབྱུང་གི་སྐབས་སུ་ཚད་མའི་མཚན་ཉིད་དང་མཚན་ཉིད་དེ་ལྡན་གྱི་སྟོན་པ་བཅོམ་ལྡན་འདས་ཁྱད་གཞིར་བྱས་ཏེ། སྙིང་རྗེ་ཆེན་པོ་ལས་བདག་མེད་རྟོགས་པའི་ཤེས་རབ། དེ་ལས་སྤངས་པ་བདེ་གཤེགས། དེ་ལས་སྐྱོབ་པ་ཕུན་ཚོགས་གྲུབ་པའི་བར་གྱིས་ཐེག་པ་ཆེན་པོའི་ལམ་བགྲོད་པའི་རིམ་པ་དངོས་སུ་བསྟན་ཏེ།ལུགས་འབྱུང་གི་རིགས་པ་བཞིའི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་ལམ་གང་ནས་ཕེབས་པའི་ཚུལ་དང་།དེ་དག་གི་འཕྲོས་དོན་ཀུན་གྱི་བྱེད་པ་པོ་དབང་ཕྱུག་ཡིན་པ་འགོག་པ་དང་། སྐྱེ་བ་སྔ་ཕྱིར་སྒྲུབ་པའི་རིགས་པ་ཞིབ་ཅིང་རྒྱས་པར་བསྟན་པ་དང་།རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པ་དཔེ་དོན་སྣ་ཚོགས་ཀྱི་སྒོ་ནས་གསུངས་སོ། ། ལུགས་ལྡོག་གི་སྐབས་སུ་སྐྱོབ་པ་ཕུན་སུམ་ཚོགས་པ་དེ་རྟོགས་པ་བདེ་གཤེགས་ལས་དང་།རྟོགས་པ་བདེ་གཤེགས་དེ་བདག་མེད་རྟོགས་པའི་ཤེས་རབ་ལས་དང་། བདག་མེད་རྟོགས་པའི་ཤེས་རབ་དེ་སྙིང་རྗེ་ཆེན་པོ་ལས་འཁྲུངས་པའི་ཚུལ་བསྟན་པ་བཅས་ལུགས་ལས་ལྡོག་པའི་རིགས་པ་བཞིའི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་ཅིང་།སྐྱོབ་པའི་རང་བཞིན་སྒྲུབ་པ་ལས། བདེན་པ་བཞི་དང་ཁྱད་ཆོས་བཅུ་དྲུག་སོགས་རིགས་པའི་ལམ་ནས་དྲངས་ཏེ་གཏན་ལ་ཕབ་པས་ཐེག་པ་དམན་པའི་ལམ་བགྲོད་པའི་རིམ་པ་གསལ་བོར་བསྟན་པས་འདི་དག་ནི།ནང་བསྟན་ཆོས་ལུགས་ཀྱི་སྙིང་པོའི་དོན་གྱི་བཤད་པ་དག་ཡིན། འདི་འདྲའི་ལྟ་སྒོམ་སྤྱོད་གསུམ་སོགས་རིགས་པའི་ལམ་ནས་དྲངས་ཏེ་གཏན་ལ་ཕབ་པའི་རྐྱེན་གྱིས།ཕྱོགས་གླང་ཡབ་སྲས་ནས་བརྒྱུད་པའི་གཏན་ཚིགས་རིག་པ་འདི་ནི་ནང་བསྟན་ཆོས་ལུགས་ལ་རྒོལ་བའི་ཕྱི་རོལ་བ་དང་ཆོས་ཁས་མི་ལེན་པ་དག་གིས་རྩོད་པའི་རྒོལ་བ་ཟློག་པར་བྱེད་པའི་ཕྱིའི་ལྕགས་རི་ལྟ་བུ་ཡིན་ལ།སྟོན་པ་དང་དེའི་གསུངས་པའི་བདེན་བཞི་སོགས་རིགས་པའི་ལམ་ནས་དྲངས་ཏེ་གཏན་ལ་ཕབ་པས་ནང་གི་ནོར་བུ་དངོས་དེ་ཡིན།
           ཚད་མ་རྣམ་འགྲེལ་གྱི་བསྒྲུབ་བྱ་དངོས་ནི།[8]ལེའུ་གཉིས་པའི་བསྟན་བྱ་གཙོ་བོ་དེ་ཡིན་ཞེས་གསུངས་པའི་རྟོགས་བྱའམ་བསྒྲུབ་བྱ་ནི་ཐབས་བརྩེ་བ་སྙིང་རྗེ་ཆེན་པོས་མཚོན་པའི་སྤྱོད་པ་འཚེ་བ་མེད་པ་དང་། ཤེས་རབ་བདེན་བཞི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་གཉིས་ལ་བྱ་དགོས་སོ། ། ལེའུ་གསུམ་པའི་བརྗོད་བྱ་ནི།ལེའུ་གཉིས་པར་ཚད་མ་སྤྱིའི་མཚན་ཉིད་བཤད་པའི་འཕྲོས་ཏེ། ཚད་མའི་དབྱེ་བ་དང་གྲངས་ངེས་བསྟན་པ་ཡིན་ལ།དེ་ཡང་ཚད་མའི་གྲངས་ལ་ལོག་རྟོག། ཚད་མའི་ངོ་བོ་ལ་ལོག་རྟོག། ཚད་མའི་སྤྱོད་ཡུལ་ལ་ལོག་རྟོག། ཚད་མའི་འབྲས་བུ་ལ་ལོག་རྟོག་བཅས་ལོག་རྟོག་བཞི་བསལ་བའི་ཆེད་དུ་ལེའུ་གསུམ་པ་རྩོམ་པ་ཡིན་ཞིང་།གཙོ་བོ་མངོན་སུམ་ཡང་དག་ལྟར་སྣང་གཉིས་ཀྱི་ངོ་བོ་དབྱེ་བ་ཚད་འབྲས་བཅས་པ་བསྟན་པས། རྟོག་གེ་ཚིག་དོན་བརྒྱད་ལས་མངོན་སུམ་ཡང་དག་ལྟར་སྣང་གཉིས་རྒྱས་པར་བསྟན་དོ།། ལེའུ་བཞི་པའི་བརྗོད་བྱ་ནི། སྒྲུབ་ངག་ཡང་དག་དང་ལྟར་སྣང་གཉིས་དང་། གཙོ་བོ་བསྒྲུབ་བྱ་དང་རྟགས་སྦྱོར་གྱི་ཁྱད་ཆོས་དང་ཇི་ལྟར་འགོད་ཚུལ།ཐལ་འགྱུར་གྱི་རྣམ་གཞག་སོགས་གཞན་རྗེས་སུ་འཛིན་པའི་ཐབས་སུ་གྱུར་པའི་རྟོག་གེ་ཚིག་དོན་ཕྱི་མ་བཞི་གཙོ་བོར་བསྟན་ཏོ།། མདོར་ན་རྟོག་གེ་ཚིག་དོན་བརྒྱད་ཀྱི་དོན་ཆ་ཚང་བ་ཞིག་བྱུང་ན་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་གཞུང་གི་གྲུབ་ཆ་ཡོངས་སུ་རྫོགས་པ་ཡིན་ལ།དེ་མ་བྱུང་བའི་གཏན་ཚིགས་རིག་པའི་གཞུང་རྣམས་ནི་གཏན་ཚིགས་རིག་པའི་ཆ་ཤས་དང་ཕྱོགས་རེ་བའི་གཞུང་ལ་བགྲང་དགོས་པ་ཡིན།
           དོན་དེ་དག་རང་ཅག་ལས་དང་པོ་པའི་བློ་ལ་འཇུག་བདེ་བ་དང་རིགས་ལམ་ལ་བྱང་བའི་ཆེད་དུ་བློ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ནས།བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་སོགས་མཛད་པ་ནི། ཚད་མ་རྣམ་འགྲེལ་གྱི་གཞུང་གི་དོན་ཡོངས་རྫོགས་བསྡུས་པས་བསྡུས་གྲྭ་ཞེས་བརྗོད་པ་ཡིན། དཔེར་ན། ལེའུ་དང་པོའི་ཚུལ་གསུམ་དང་རྟགས་ཀྱི་རྣམ་གཞག་ཀུན་རྟགས་རིགས་སུ་བསྡུས་པ་དང་།དེའི་སྐབས་ཀྱི་གཞན་སེལ་དགག་སྒྲུབ་སོགས་བསྡུས་འབྲིང་གི་འགལ་འབྲེལ་དང་བསྡུས་ཆེན་གྱི་གཞན་སེལ་སོགས་སུ་འདུས།ལེའུ་གཉིས་པའི་བརྗོད་བྱའི་སྐོར་རྣམས་དབུ་ཕར་སོགས་སུ་གཏན་ལ་ཕབ་པས་བསྡུས་གྲྭ་ཕལ་ཆེ་བར་རྒྱས་པ་མ་མཛད།ལེའུ་གསུམ་པའི་མངོན་སུམ་ཡང་དག་དང་ལྟར་སྣང་། ཚད་འབྲས་དང་བཅས་པ་བློ་རིག་ཏུ་འདུས། ལེའུ་བཞི་པའི་བསྒྲུབ་བྱ་དང་སྒྲུབ་ངག་སུན་འབྱིན་སོགས་ཐལ་འགྱུར་ཆེ་ཆུང་དང་རྟགས་རིགས་སོགས་སུ་འདུས་པས།བསྡུས་གྲྭ་འདི་ནི་ཚད་མ་རྣམ་འགྲེལ་ལ་འཇུག་པའི་འཇུག་སྒོ་བླ་ན་མེད་པ་དེ་ཡིན་པར་མ་ཟད། གཞུང་ཆེན་གཞན་གང་ལ་འཇུག་ཀྱང་གོ་བ་སྤྱི་བམ་ཙམ་མིན་པར་དཔྱིས་ཕྱིན་པ་དང་གཏིང་ཚུགས་པའི་གཞུང་དོན་ཞིག་རྟོགས་དགོས་ཚེ།བསྡུས་གྲྭ་དང་ཚད་མའི་རིགས་ལམ་འདི་མེད་ཐབས་མེད་པ་ཞིག་ཡིན། རྒྱུ་མཚན་དེས་ན། རི་བོ་དགེ་ལྡན་པའི་ནང་དུ།རྗེ་ཡབ་སྲས་ནས་བཟུང་སྟེ་མཁས་པས་གྲུབ་པ་མ་བཅོམ། གྲུབ་པས་བཙུན་པ་མ་བཅོམ། རིགས་པས་ཉམས་ལེན་མ་བཤིག། ཉམས་སུ་ལེན་སྐབས་རིགས་ལམ་འདོར་མི་དགོས་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་དམ་པ་གསེར་གྱི་ལྷུན་པོ་བསྒྲིགས་པ་ལྟ་བུ་ཕེབས་པ་དག་ཀྱང་།སློབ་གཉེར་གྱི་གཞི་རྐང་བསྡུས་གྲྭ་ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་རིམ་བགྲོད་ཀྱིས་གསང་སྔགས་ལ་འཇུག་པའི་བར་གྱི་སློབ་གཉེར་གྱི་གོ་རིམ་དང་སྒྲིག་འཛུགས་སོགས་སྤུས་ཀ་ལྡན་པ་ཞིག་ཡོད་པ་འདི་ཡིན་པས།དགོན་སྡེ་ཆེ་ཆུང་གང་ཡིན་ཡང་སློབ་གཉེར་ཞིག་འཛུགས་པའི་ཚེ།  ཐོག་མར་བསྡུས་གྲྭ་ནས་སློབ་བཞིན་པ་འདི་ཡང་གདན་ས་ཆེན་པོ་ཁག་གི་ཕྱག་བཞེས་དང་།གནད་ལ་ཁེལ་བའི་སློབ་གཉེར་གྱི་བརྒྱུད་རིམ་ཞིག་ལག་ལེན་བྱས་པ་ཡིན་ནོ། །
           བཞི་པ། ཚད་མ་རིག་པའི་ཁྱད་ཆོས།
           ཆོས་ལུགས་གཞན་དང་སྟོན་པ་གཞན་སུ་ལ་ཡང་ཡོངས་གྲགས་སུ་མེད་པའི་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་ཁྱད་ཆོས་གཅིག་ནི།སྟོན་པ་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། སྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སྟོན་པའི་བཀའ་ལ་ཡང་བརྟགས་ཤིང་དཔྱད་དེ་ཁས་ལེན་པ་མ་གཏོགས།མ་བརྟག་མ་དཔྱད་པར་ཁས་ལེན་མི་རུང་བར་གསུངས་པ་དེ་གཞལ་བྱའི་གནས་གསུམ་སོ་སོ་ལ་ཚད་མ་སོ་སོས་བརྟགས་ཤིང་དཔྱད་དགོས་པའི་དོན་ཡིན་པས།ཚད་མ་རིག་པའི་ལམ་ནས་དཔྱད་ཚུལ་འདི་མེད་ན་སངས་རྒྱས་ཀྱི་གསུང་རབ་ལ་དཔྱད་པ་བྱེད་ལུགས་ཤིག་མེད་པས། ཚད་མ་རིག་པའི་འཆད་ཉན་དང་རིག་ལམ་གྱི་བྱང་ཆ་འདི་ནི་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་ཁྱད་ཆོས་མཚོན་བྱེད་གལ་ཆེན་ཞིག་ཡིན། ལང་ཀར་གཤེགས་པའི་མདོ་ལས། དེས་ན་ཁྱོད་ཀྱིས་དོན་གྱི་རྗེས་སུ་འབྲང་བར་བྱ་ཡི་བརྗོད་པ་ལ་ཆགས་པར་མི་བྱའོ། ། ཞེས་སོགས་ཀྱིས་སངས་རྒྱས་ཀྱི་གསུང་རབ་ལ་ཡང་དྲང་དོན་ངེས་དོན་སྣ་ཚོགས་ཤིག་ཡོད་པར་གོ་ཐུབ་ལ།མ་ཟད་ནང་པ་སངས་རྒྱས་པ་རྣམས་ཀྱིས་སྟོན་པས་གསུངས་པ་དེ་ཙམ་ལ་ཆ་མ་བཞག་པར་རྣམ་དཔྱོད་ལ་བརྟེན་ནས་ཐག་གཅོད་དགོས་པའི་དན་རྟགས་དངོས་དེ་གསུངས་པ་ཡིན། སྟོན་པའི་རྗེས་འབྲང་ལ་གྲུབ་མཐའ་སྨྲ་བ་བཞི་སོགས་ཡོང་ཆོག་པ་དང་དེ་དག་གི་སྟོན་པའི་དགོངས་པ་འགྲེལ་ལུགས་མི་མཐུན་པ་ཡོང་ཆོག་པ་དེ་ཡང་གནད་འདི་ལ་ཐུག་པ་ཡིན། མིང་གྲགས་ཅན་གྱི་ཚན་རིག་པ་དང་དངོས་ཁམས་རིག་པ་སྨྲ་བ་སོགས་མང་པོ་ཞིག་གིས་ནང་པའི་ཆོས་ལུགས་འདི་ལ་དགའ་མོས་དང་གདེང་འཇོག་ཐོབ་པ་ནི།ཆོས་ལུགས་འདི་ལ་གདུལ་བྱ་རང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་གི་བློ་གྲོས་ཀྱིས་དཔྱད་པའི་ངེས་པ་རྙེད་ཚེ་དེ་ལྟར་ཐག་གཅོད་ཆོག་པས་སྟོན་པས་གསུངས་པ་དེ་ཙམ་ལ་མཁྲེགས་འཛིན་བྱེད་མི་དགོས་ཤིང་།རྒྱུ་མཚན་དང་གཏན་ཚིགས་ཀྱིས་གཏན་ལ་འབེབས་པར་བྱེད་ཆོག་པ་འདི་ལ། འཛམ་གླིང་གི་གཟུར་གནས་མང་པོ་ཞིག་གིས་དགའ་མོས་ཐོབ་པ་ཡིན།
           དེ་ཡང་ལྟོས་གྲུབ་ཀྱི་རིག་པ་སྨྲ་བའི་ཚན་རིག་པ་གྲགས་ཅན་ཨ་ཡིན་སུ་ཐན་གྱིས། གལ་ཏེ་ཚན་རིག་ལ་ཁ་ལན་དང་དགོས་མཁོ་སྐོང་ཐུབ་མཁན་ཞིག་དང་། ཚན་རིག་དང་ཕན་ཚུན་བརྟེན་རེས་དང་མཉམ་གནས་བྱེད་པའི་ཆོས་ལུགས་ཤིག་ཡོད་ན། དེ་ནི་སངས་རྒྱས་ཆོས་ལུགས་ངེས་ཅན་ཡིན། ཞེས་བཤད་པ་ཡང་དེང་རབས་ཚན་རིག་པས་དཔྱད་དོན་གཏན་ལ་ཕབ་པ་ལྟར་གཙོ་བོ་གཞི་དངོས་པོའི་གནས་ལུགས་རྣམས་རིགས་པའི་སྒོ་ནས་གཏན་ལ་ཕབ་སྟེ་ཁས་ལེན་པ་ལས། སྟོན་པས་གསུངས་པའི་ཕྱིར་ཞེས་པའི་རྟགས་ཙམ་གྱིས་འཁོར་འདས་ཀྱི་རྣམ་གཞག་མི་བྱེད་པའི་གནད་ཀྱིས་ཡིན། ལྷག་པར་ལྷ་ཡི་དབང་པོས་བཟོས་པ་དང་དབང་ཕྱུག་སོགས་ཀྱི་བློའི་གཡོ་བ་ལས་བྱུང་བ་ཙམ་མིན་པར་རང་རང་གི་ལས་དང་དེའི་འབྲས་བུའི་འབྲེལ་བ་དང་།རྒྱུ་དང་འབྲས་བུའི་འབྲེལ་བ་ལས་བྱུང་བའི་འཇིག་རྟེན་གྱི་སྣོད་བཅུད་ཀྱི་རྣམ་གཞག་བྱེད་པ་འདི་དངོས་པོའི་གནས་ལུགས་གལ་ཆེ་བ་ཞིག་དང་།དེ་འདྲའི་ལས་འབྲས་ཀྱི་རྣམ་གཞག་གཏན་ལ་འབེབས་པར་བྱེད་པ་ལ། བློ་རིག་གི་རྣམ་གཞག་གལ་ཆེ་ཞིང་དེ་གཏན་ལ་འབེབས་པའི་རིགས་ལམ་ཡག་ཤོས་དང་ཁ་གསལ་ཤོས་དེ་ཚད་མ་རིག་པའི་གཞུང་ཁག་དང་།དེའི་རྣམ་གཞག་ཞིབ་ཅིང་ཕྲ་བ་གསང་སྔགས་ཀྱི་སྐབས་ནས་ཡོང་བ་ཞིག་ཡིན་ལ། འཛམ་གླིང་གི་ཐོག་ཏུ་རྣམ་ཤེས་དང་སེམས་སེམས་བྱུང་གི་སྐོར་སོགས་ཀྱི་བཤད་པ་ནང་ཆོས་ལས་ལྷག་པ་ཞིག་གཏན་ནས་མེད་པ་ཡིན།ང་ལྟ་བུས་བཤད་པ་ཙམ་མིན་པར། ཚན་རིག་པ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ་ཞེས་པའི་རྩོམ་ཡིག་ཏུ།ནུབ་གླིང་གི་ཚན་རིག་པའི་བེམ་དངོས་ཞིབ་འཇུག་ཕྱོགས་ཀྱི་གྲུབ་འབྲས་ཤིན་ཏུ་ཆེ་ཡང་། སེམས་ཁམས་ཕྱོགས་ཀྱི་ཞིབ་འཇུག་ནང་པ་སངས་རྒྱས་པ་ལ་འགྲན་ཐུབ་ས་མི་འདུག། སངས་རྒྱས་པའི་གཞུང་ན་སེམས་སེམས་བྱུང་གི་སྐོར་ཤིན་ཏུ་ཕྲ་ཞིང་ཞིབ་པ་ཞིག་འདུག  ། སེམས་ཁམས་ཞིབ་འཇུག་བྱེད་མཁན་ལ་དེ་ཡིས་བློ་སྐྱེད་ཆེན་པོ་སྟེར་ཐུབ།ཅེས་བཤད་པ་ལྟར་དངོས་ཡོད་ཀྱི་ལམ་ནས་སེམས་དང་སེམས་བྱུང་སོགས་ཤེས་པའི་སྐོར་འདི་ལ་ནང་པ་སངས་རྒྱས་པའི་གཞུང་ལུགས་རྣམས་ལས་ལྷག་པའི་འགྲེལ་བཤད་བྱེད་ཐུབ་མཁན་ཞིག་ད་སྔར་འཛམ་གླིང་ན་ཕལ་ཆེར་བྱུང་མེད་པ་ཞིག་རེད། ཆོས་ལུགས་གྲུབ་མཐའ་ལ་ལས་སྣོད་བཅུད་ཐམས་ཅད་ལྷ་ཡི་དབང་པོས་བཟོས་པར་འདོད་པ་དང་། སྟོན་པའི་གསུང་གི་ཚིག་ཟུར་ཙམ་ཡང་འདའ་མི་ཆོག་པ་དང་།དྲང་ངེས་སོགས་ཀྱི་ཁྱད་པར་འབྱེད་མི་ཆོག་པའི་ལུགས་རྣམས་དང་། ལྟ་གྲུབ་མེད་པའི་ཆོས་ལུགས་ཁག་ལ་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་རྣམ་གཞག་འདི་དག་གཏན་ནས་མི་འཐད་པ་ཡིན།
           སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་གཏན་ཚིགས་རིག་པའི་སྒོ་ནས་སྟོང་པ་ཉིད་དང་རྟེན་འབྲེལ་གྱི་རྣམ་གཞག་གཏན་ལ་འབེབས་པར་མཛད་པ་ནི།རྩ་ཤེས་སོགས་རིགས་ཚོགས་རྣམས་ལ་ཅུང་ཟད་རེ་བལྟས་པས་ཀྱང་ཤེས་ཐུབ་མོད། རྒྱ་གར་དུ་ཚད་མ་རིག་པའི་གཞུང་ལུགས་ཆ་ཚང་བ་ནི།ཚད་མའི་སྟོན་པ་ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་ཀྱི་གྲགས་པ་གཉིས་ཀྱིས་མཛད་པའི་ཚད་མ་མདོ་དང་སྡེ་བདུན་ཆ་ལག་དང་བཅས་པ་ནི།ཆེས་འཐུས་སྒོ་ཚང་བའི་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་གཞུང་ལུགས་དག་ཡིན། དེ་དག་འཆད་ཉན་དང་རྩོད་པའི་སྒོ་ནས་ཡུན་རིང་རྒྱུན་འཛིན་བྱུང་ཡང་།བར་སྐབས་ཤིག་ནས་ཆོས་ལུགས་དང་ཕྱོགས་འགལ་གྱི་ཕྱི་ནང་གི་འགལ་རྐྱེན་མང་པོའི་དབང་གིས། རྒྱ་གར་རང་གི་ས་གནས་སུ་དེ་དག་གི་འཆད་ཉན་ཕལ་ཆེར་ཉམས་ཟིན་མོད།བོད་ཀྱི་མཁས་པ་མང་པོ་ཞིག་གིས་རྒྱུ་ཚེགས་གང་ལའང་མ་འཛེམས་པར་དཀའ་བ་དཔག་མེད་ཀྱིས་ཚད་མ་རིག་པའི་གཞུང་ལུགས་ཆ་ལག་ཆ་ཚང་བ་ཞིག་བོད་སྐད་དུ་བསྒྱུར་ཅིང་།བཤད་པ་སོགས་འཆད་ཉན་གྱི་སྒོ་ནས་རྒྱུན་འཛིན་དར་སྤེལ་མཛད་ལུགས་རགས་ཙམ་ཞིག་གོང་དུ་སོང་ཟིན་ཏོ།།
           ལྔ་པ། ཚད་མ་རིག་པའི་དགོས་མཁོ།
           སྤྱིར་ཚད་མ་རིག་པ་འདི་ནི།དཔེར་ན། དེང་སྐབས་སྒྲ་འཇུག་གི་འཕྲུལ་ཆས་ལྟ་བུ་ཞིག་ཡིན། སྒྲ་འཇུག་འཕྲུལ་ཆས་འདི་ནི་གསར་འགོད་པ་རྣམས་ཀྱིས་གསར་འགྱུར་སྒྲ་ལེན་སོགས་ལ་བེད་སྤྱོད་བྱེད་ལ། གླུ་ལེན་མཁན་ཚོས་གླུ་གཞས་ཀྱི་སྒྲ་ལེན་པ་ལ་བེད་སྤྱོད་བྱེད། དེང་སྐབས་སློབ་མ་ཚོས་སློབ་སྦྱོང་གི་འཆད་ཁྲིད་སོགས་ལ་བེད་སྤྱོད་བྱེད། དཔེ་དེ་བཞིན་དུ། ཚད་མ་རིག་པ་འདི་ཕྱི་རོལ་བ་ཚོས་རང་རང་གི་ལྟ་གྲུབ་གཏན་ལ་འབེབས་པ་དང་རིགས་ལམ་གྱིས་དཔྱོད་པར་བྱེད་པ་ལ་བེད་སྤྱོད།ནང་པ་ཚོས་རང་རང་གི་གཞི་ལམ་འབྲས་གསུམ་གཏན་ལ་འབེབས་པ་སོགས་ལ་བེད་སྤྱོད་བྱེད། བོད་ཀྱི་མཁས་པ་སྔ་མ་མང་པོ་ཞིག་གིས་ཚད་མ་རིག་པ་འདི་ནང་དོན་རིག་པའི་ཁོངས་གཏོགས་མ་ཡིན་པར་བཞེད་པ་བྱུང་ཡོད་པ་ཡང་གཙོ་བོ་གནད་དོན་དེ་འདྲ་ལ་བརྟེན་ནས་བྱུང་བ་ཡིན་པར་སེམས།འོན་ཀྱང་ཚད་མའི་སྟོན་པ་ཕྱོགས་ཀྱི་གླང་པོས། ཚད་མ་རིག་པའི་རིགས་ལམ་དེས་ནང་དོན་རིག་པའི་བརྗོད་བྱ་སྣ་ཚོགས་ཤིག་གཏན་ལ་འབེབས་པར་མཛད་དེ།ཚད་མ་མདོ་མཛད། དཔལ་ལྡན་ཆོས་གྲགས་ཀྱིས་དེའི་འགྲེལ་བ་རྣམ་འགྲེལ་མཛད་དེ། ནང་པའི་སྟོན་པ་དང་དེས་བསྟན་པའི་ལུང་རྟོགས་ཀྱི་བསྟན་པ་ཀུན་རིགས་པའི་ལམ་ནས་རྣམ་པར་དག་པར་སྒྲུབ་པར་མཛད་དེ།ཇི་སྐད་དུ་འཇམ་མགོན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པས། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།། ཚད་མ་གྲུབ་པ་ལུགས་འབྱུང་ལུགས་ལྡོག་གིས། ། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།། ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། ། བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། ། ངེས་པར་གཏིང་ནས་རྙེད་པའི་ཐེག་གཉིས་ཀྱི།། ལམ་གྱི་གནད་ཀུན་སྒྲིལ་བར་རིགས་ལམ་ནས། ། ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། ། ཅེས་གསུངས་པ་ལྟར་རོ།། དེང་རབས་ཚན་རིག་པ་ཨ་ཡིན་སི་ཐན་གྱིས། ཚན་རིག་དང་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་མཁན་གྱི་ཆོས་ལུགས་ཤིག་ཡོད་ན།ནང་བསྟན་ཆོས་ལུགས་རེད་ཅེས་པ་དེ་ཡང་གཙོ་བོ་གཏན་ཚིགས་རིག་པའི་གཞུང་གི་རིགས་པའི་ལམ་ནས་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་པར་མཛད་པ་འདིའི་དབང་གིས་ཡིན་པ་རེད་བསམ་བཞིན་ཡོད།དེའི་དབང་གིས་འཛམ་གླིང་གི་ཤེས་རིག་ཡར་ངོའི་ཟླ་བ་བཞིན་ཟླ་རེ་དང་ལོ་རེ་བཞིན་གོང་དུ་འཕྱུར་བཞིན་པའི་དུས་རབས་ཉེར་གཅིག་པའི་མགོར་འདི་ལ།འཛམ་གླིང་ན་སྙན་གྲགས་ཆེ་བའི་ཚན་རིག་པ་དང་ཆེད་མཁས་པ་མང་པོས་སླར་ཡང་ནང་ཆོས་ལ་གཙེས་སུ་བཟུང་ནས།སེམས་ཀྱི་ཚན་རིག་ཅེས་པའི་བསྔགས་བརྗོད་བྱེད་བཞིན་པར་མ་ཟད། དེ་ཡང་པེ་ཅིན་སློབ་ཆེན་གྱི་དངོས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཧང་ནེན་ཙོས།སངས་རྒྱས་ཆོས་ལུགས་ནི་ཆོས་ལུགས་ཡིན་ཡང་ཆོས་ལུགས་ལས་བརྒལ་བ་དང་། མཚན་ཉིད་རིག་པ་ཡིན་ཡང་མཚན་ཉིད་རིག་པ་ལས་བརྒལ་བ་དང་།ཚན་རིག་ཡིན་ཡང་ཚན་རིག་ལས་བརྒལ་ཏོ། ། ཞེས་དོན་ལྡན་དྲང་ཚུགས་ཅན་གྱི་བསྟོད་བསྔགས་མཛད་འདུག། འདི་འདྲ་བ་ཤིན་ཏུ་མང་ཡང་རེ་ཞིག་བཞག་གོ། མདོར་ན་རིགས་ལམ་ནི་རྣམ་དཔྱོད་གོང་འཕེལ་དུ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་དང་།འཛམ་གླིང་འདིའི་སྟེང་དུ་ཆབ་དཔལ་རིག་གསུམ་གང་གི་སྐབས་སུ། རྣམ་དཔྱོད་ཀྱི་ཤེས་རབ་ལས་ལྷག་པའི་ཡིད་བཞིན་གྱི་ནོར་བུ་ཞིག་གཏན་ནས་མེད་པས།སྐྱ་སེར་དང་ཕོ་མོ་རིགས་རུས་ཀྱི་དབྱེ་བ་གང་ཡང་མེད་པར་འདི་ལྟ་བུའི་རིགས་པའི་ལམ་ཆེན་པོ་འདི་ལ་སློབ་དགོས་ལ་སློབ་འོས་ཞེས་པ་དེ་ཡིན།
           མཇུག་སྡོམ།
           ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གིས་གཙོ་སྐྱོང་ཐོག་(སྐབས་དྲུག་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ཐེངས་གཉིས་པ།)འདི་ལྟ་བུའི་རིགས་པའི་གཞུང་ལུགས་སྤྱི་དང་། ལྷག་པར་ད་ལོར་དེའི་ནང་དོན་ཚད་མ་རིག་པའི་སྐོར་ནས་བགྲོ་གླེང་གནང་བ་ནི། ཧ་ཅང་གི་གཟི་བརྗིད་དང་དོན་སྙིང་ལྡན་པའི་བྱ་འགུལ་ཞིག་རེད། དེས་ན་འདིའི་འབྲེལ་ཡོད་ལས་བྱེད་ཐམས་ཅད་ལ་ཁ་ཙམ་ཚིག་ཙམ་མིན་པའི་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།རྒྱུ་མཚན་ནི། འདི་འདྲའི་རིགས་པའི་གཞུང་དང་རིགས་པའི་ལམ་རྒྱུན་འཛིན་བྱེད་པ་གལ་ཆེན་དུ་བཟུང་དགོས་པ་ནི། སྤྱིར་འཛམ་གླིང་གི་ས་གནས་མང་པོར་ཆབ་དཔལ་རིག་གསུམ་གང་ཐད་ནས་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར། བོད་རྒྱ་མི་རིགས་གཉིས་ཀའི་གནའ་བོའི་རིག་གཞུང་ཕུལ་དུ་ཕྱིན་པའི་ཁྱད་ཆོས་ཅན་གྱི་ནང་བསྟན་ཆོས་ལུགས་འདི་ཡང་ཡར་རྒྱས་དང་རྒྱུན་གནས་ཡོང་དགོས་ཤིང་། ནང་བསྟན་ཆོས་ལུགས་ཀྱི་ནང་གསེས་རིགས་པའི་གཞུང་ལུགས་ཀྱི་ཆ་ཤས་གལ་ཆེ་བ་ཚད་མ་རིག་པའི་གཞུང་ལུགས་འདི་དག་ནི་རྒྱ་བརྒྱུད་ནང་བསྟན་གྱི་ནང་ལ་ཤིན་ཏུ་རྒྱས་པ་ཞིག་དང་འཐུས་སྒོ་ཚང་བའི་འཆད་ཉན་མེད་པ་ལྟ་བུར་སྣང་ཡང་། བོད་བརྒྱུད་ནང་བསྟན་གྱི་ནང་དུ་ད་ལྟར་ཡང་འཆད་ཉན་དང་ཉམས་བཞེས་རིགས་ལམ་གྱི་བྱང་ཆ་སོགས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བའི་རིགས་པའི་ལམ་གསོན་པོ་ཞིག་གནས་ཡོད་པའི་རྒྱུ་མཚན་གྱིས་གལ་ཆེན་དུ་བཤད་པ་ཡིན། དུས་ད་ལྟར་ཡང་ཚད་མ་རིག་པའི་སྐོར་ལ་འཛམ་གླིང་གི་མཁས་པ་སུ་ལ་ཡང་མེད་པའི་རྩོད་གྲྭའི་རིགས་ལམ་དང་རྩོད་པ་བྱེད་ལུགས།རིགས་པའི་འགྲོས་ཀྱི་ཐོག་ནས་དོན་གྱི་འགང་ལེན་པར་བྱེད་པའི་ཐབས་ལམ་ས་གསུམ་ན་འགྲན་ཟླ་བྲལ་བའི་རིགས་པའི་ལམ་ཆེན་པོ་ཞིག་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་ནི། བོད་ཙམ་མ་ཡིན་པར་རྒྱལ་ཁབ་འདིའི་ནང་གི་ནང་བསྟན་ཆོས་ལུགས་པ་ཡོངས་ལ་འགན་འཁྲི་ཡོད་པ་ཞིག་དང་། ཉམས་ཆག་སོང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐེར་འབུམ་མང་པོ་ཞིག་བོར་བརླག་ཤོར་བ་ལས་ཀྱང་ཕངས་སེམས་སྐྱེས་དགོས་པའི་གནད་དོན་ཞིག་རེད།མདོར་ན། རིགས་པའི་ལམ་ཆེན་པོ་འདི་ནི་ཆོས་ཁས་ལེན་མི་ལེན་དང་སྐྱ་སེར་དང་ཕོ་མོའི་དབྱེ་བ་གཏན་ནས་མེད་པར་སུ་ཞིག་གིས་ཤེས་ན་གཟི་བརྗིད་དང་། སུ་ཞིག་གིས་རྩོད་ན་ཆེ་བ་ཡོད་པར་མ་ཟད། རིགས་ལམ་ནི་རིགས་ལམ་རང་ཡིན་པས་སྲིད་འབྱོར་རིག་གསུམ་གང་དུ་བཀོལ་སྤྱོད་བྱས་ན་ཡང་ཆོག་པའི་ཡོངས་སུ་རྫོགས་པའི་རིག་གཞུང་གི་མ་ལག་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་རྒྱུན་འཛིན་དར་སྤེལ་གནང་འོས་སོ། །
           སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། སྐབས་དྲུག་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ཐེངས་གཉིས་པའི་དཔྱད་རྩོམ་དུ།ཕྱི་ལོ་༢༠༡༦ལོའི་ཟླ་༥ཚེས་༡༩ཉིན་བྲིས་པ་དགེའོ། །
མཆན་འགྲེལ།
[1]སྡེ་དགེའི་བཀའ་འགྱུར།མདོ་སྡེ་པོད་ཅ་པ། འཕགས་པ་དགོངས་པ་ངེས་འགྲེལ་གྱི་མདོ་ལེའུ་བཅུ་པ། ཤོག་ལྷེ་༥༡ན་གསལ།
[2]དཔེར་ན། སྡེ་དགེའི་བཀའ་འགྱུར་པར་མ།ཤེར་ཕྱིན་གྱི་མདོ་པོད་ཆ་པ་ལས། སའི་ཁམས་མྱི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག།དེ་ཅི་ཕྱིར་ཞེ་ན། སའི་ཁམས་ནི་རང་བཞིན་གྱིས་སྟོང་སྟེ། སའི་ཁམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མྱེད་པའོ།། ཞེས་སོགས་དང་།
[3]མཁས་གྲུབ་རྗེའི་གསུང་།རྒྱུད་སྡེ་སྤྱི་རྣམ་ལས། སྔ་མ་ནི་ཕྱི་རོལ་བའི་སྟོན་པ་དྲང་སྲོང་གླིང་སྐྱེས་ཀྱི་བྱས་པའི་རྟོག་གེའི་བསྟན་བཅོས་དང་།བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བརྒྱད་སྟོན་པའི་བསྟན་བཅོས་ལྟ་བུའོ།། ཞེས་གསུངས་འདུག
[4]རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་སྐུ་འབུམ་པར་མ། པོད་བ་པ། ཤོག་གྲངས་༤པ་ནས་གསལ་ཞིང་། ཐུའུ་བཀྭན་གྲུབ་མཐའ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས།ཕྱི་ལོ་༢༠༠༥ལོར་དཔར་བ་དེའི་ཤོག་གྲངས་༢༢ནས་གསལ།
[5]བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུའང་བཞུགས་པར་གྲགས་ཞེས་སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་གསུང་ཚད་མའི་དགོངས་རྒྱན་དང་།དུང་དཀར་ཚིག་མཛོད་ན་ཡང་གསལ།
[6]ཝཱ་ན་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་གིས།ཕྱི་ལོ་༡༩༨༦པར་བ་དེའི་ཤོག་གྲངས་༩ནས་གསལ།
[7]ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ནི།ཚད་མ་རིགས་ཐིགས་དང་། འབྲེལ་བ་བརྟག་པའི་རང་འགྲེལ། རྒྱུད་གཞན་སྒྲུབ་པ་སོགས་ཡོད།
[8]རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོ།ཝཱ་ན་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་གིས། ཕྱི་ལོ་༡༩༨༦པར་བ་དེའི་ཤོག་གྲངས་༡༠ན། ངེས་བྱ་ཐར་པ་དང་ཐམས་ཅད་མཁྱེན་པ་དང་དེར་བགྲོད་པའི་ལམ་བཤད་པ།ཞེས་ལེའུ་གཉིས་པའི་ས་བཅད་མཛད་པ་དེའོ། །