ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

བོད་ཀྱི་མཚན་ཉིད་རིག་པའི་གཞུང་བཀའ་པོད་ལྔའི་ཡིག་ཆ་ཆེན་པོ་སྒོ་བློ་རྗེ་གསུམ་དུ་གྲགས་པ་མཚམས་སྦྱོར་མདོར་གསལ།

སྤེལ་དུས 2018-04-02 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཁྱུང་ཕྲུག་བློ་བཟང་དར་རྒྱས།
ནང་དོན་གནད་བསྡུས།   བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་རྩ་བའི་གཞུང་ལུགས་བཀའ་པོད་ལྔའི་ཁུངས་སྤྱི་དང་ཁྱད་པར་དུ་རི་བོ་དགེ་ལུགས་པའི་རྗེས་འབྲང་གི་མཚན་ཉིད་གྲྭ་ཚང་ཕལ་མོ་ཆེའི་ཡིག་ཆ་གཞུང་བཀའ་པོད་ལྔའི་མཐའ་དཔྱོད་སྒོ་བློ་རྗེ་གསུམ་རེ་རེ་མཚམས་སྦྱོར་གསལ་བོ་བྱས་ཡོད།  
གནད་འགག་མིང་བརྡ།  རྗེ་བཙུན་ཡིག་ཆ།  བསོད་གྲགས་ཡིག་ཆ།  སྒོ་མང་ཡིག་ཆ།
              དེ་ཡང་ནང་དོན་རིག་པ་གངས་ཅན་བོད་དུ་རྒྱ་ཆེར་དར་བ་ལ་བརྟེན་ནས་དེའི་རྒྱུན་བསྐྱངས་པ་དང་འཐུས་ཚང་དུ་གཏོང་མཁན་གྱི་མཁས་པའང་སའི་དྲེག་པའི་གྲངས་ལ་འཕྱ་བའི་ཚོད་དུ་བྱོན་པ་ཡིན། རིམ་བཞིན་མཁས་པ་དེ་དག་ནང་རིག་གི་དགོངས་པ་འགྲེལ་ཚུལ་ལ་མི་མཐུན་པ་བྱུང་སྟེ་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་མི་འདྲ་བའང་དེ་ལུགས་བཞིན་དར་པར་གྱུར།  དེ་དག་ལས་དགེ་ལྡན་པ་ནི་གྲུབ་མཐའ་ཕལ་མོ་ཆེའི་རྗེས་སུ་རྗེ་ཙོང་ཁ་པ་རང་གིས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་དག་གི་ཞབས་ལ་གཏུགས་ཏེ་ནང་བའི་གཞུང་ལུགས་ལ་ནང་བྱན་ཆུབ་པ་སྦྱངས་ཤིང་གྲུབ་མཐའ་གཞན་རྣམས་ཀྱི་ལེགས་པའི་ཆ་ཀུན་སྙིང་བོར་བསྡུས་ཏེ་གསར་དུ་ཕྱེ།  ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལུགས་ལ་བཀའ་པོད་ལྔ་ལ་གཞི་བྱས་ཏེ་འཆད་མཉན་གནང་བ་མ་ཟད། རྩོམ་པའང་རྒྱ་ཆེན་མཛད།  དེ་ལས་དབུ་ཕར་གཉིས་ནི་ནང་རིག་གི་སྙིང་བོ་དང་གཞུང་ཤིང་ཡིན་པས་དེའི་དགོངས་འགྲེལ་དུ་ཕར་ཕྱིན་ལ《ལེགས་བཤད་གསེར་ཕྲེང》དང   《བྱང་ཆུབ་ལམ་རིམ་ཆེ་ཆུང》གཉིས། དབུ་མ་ལ《རྣམ་བཤད་དགོངས་པ་རབ་གསལ》《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》《དྲང་ངེས་ལེགས་བཤད་སྙིང་བོ》རྣམས་རྗེ་ཙོང་ཁ་པ་རང་ཉིད་ཀྱིས་དངོས་སུ་བརྩམས། རྗེ་རང་གིས་འཆད་ཁྲིད་དང་དོགས་གཅོད་གནང་བ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཟིན་བྲིས་མཛད་པ《ཕར་ཕྱིན་རྣམ་བཤད་སྙིང་བོའི་རྒྱན》དང་།  མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཟིན་བྲིས་མཛད་པ།  《དབུ་མའི་སྟོང་ཐུན་སྐལ་བཟང་མིག་འབྱེད》བཅས་ཡོད།   ཚད་མ་ལ་རྗེ་རང་གིས་སྡེ་བདུན་གྱི་སྙིང་བོ་གཅིག་ཏུ་དྲིལ་ཏེ《སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ》    ཞེས་པ་དངོས་སུ་བརྩམས་ཤིང་། ཁོང་གིས་ཚད་གཞུང་ལ་འཆད་ཁྲིད་དང་དོགས་གཅོད་མཛད་པ་སྙིང་བོར་བྱས་ནས་བརྩམས་པའི་རྒྱལ་ཚབ་རྗེའི་《རྣམ་བཤད་ཐར་ལམ་གསལ་བྱེད》《  རྣམ་ངེས་ཊཱིཀ་ཆེན》《རིགས་ཐིགས་དར་ཊཱིཀ》       བཅས་དང་།  མཁས་གྲུབ་རྗེའི《རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》《སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》《མངོན་སུམ་ལེའུའི་ཊཱི་ཀ》བཅས་ཡོད། རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི《རྣམ་འགྲེལ་ཊཱིཀ་ཆུང》《ཚད་མའི་སྤྱི་དོན་རིགས་པའི་རྒྱན་》རྣམས་ཀྱང་རྗེ་ཙོང་ཁ་པའི་དགོངས་པ་ལྟར་བརྩམས་པ་བསྟན་བཅོས་དེ་དག་གི་རང་གཞུང་དང་མཇུག་བྱང་ན་གསལ་ལོ༎མངོན་པ་མཛོད་ལ་རྗེ་ཙོང་ཁ་པས་མཛད་པའི་བརྩམས་ཆོས་དངོས་སུ་མེད་ཀྱང་ཁོང་གིས   《མཆིམས་མཛོད་མངོན་པའི་རྒྱན》གྱི་སྟེང་ནས་འཆད་ཁྲིད་མཛད་པར་དངོས་སློབ་དགེ་འདུན་གྲུབ་པ་དཔལ་བཟང་བོས་ཟིན་བྲིས་སུ་བཀོད་པ《མཛོད་འགྲེལ་ཐར་ལམ་གསལ་བྱེད》ཅེས་པ་བཞུགས།  འདུལ་བ་ལ་རྗེ་ཙོང་ཁ་པ་རང་ཉིད་ཀྱིས་དངོས་སུ་མཛད་པ《འདུལ་བ་རྒྱ་མཚོའི་སྙིང་བོ》ཞེས་པ་དང་།  ཟིན་བྲིས་དགེ་ཚུལ་སློང་གི《བསླབ་བྱ་གནམ་རྩེད་ལྡང་མ》གཉིས་བཞུགས།  ཁོང་གིས་གཅེས་པར་འཛིན་པ་ཀུན་མཁྱེན་མཚོ་སྣ་པ་ཤེས་རབ་བཟང་བོས་(༡༣༡༠---   ༡༣༥༠)མཛད་པའི་《འདུལ་ཊཱིཀ་ལེགས་བཤད་ཉི་མའི་འོད་ཟེར》དང《མདོ་རྩའི་མཆན》གཉིས་གཞི་བྱས་ན་ འཆད་ཁྲིད་གནང་བ་རྗེའི་དངོས་སློབ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཁོང་གི་དགོངས་པ་བཞིན་དུ་བརྩམས་པ《འདུལ་ཊཱིཀ་རིན་ཆེན་ཕྲེང་བ》རུ་གྲགས་པ་བཅས་ལ་ཁུངས་དང་གཞི་རྟེན་བྱས་ནས་རྗེ་ཙོང་ཁ་པའི་རིང་ལུགས་ཀྱི་གཞུང་འགྲེལ་ཡིག་ཆ་དུ་མ་ཞིག་བྱུང་བ་དཔེར་ན།   གུང་རུ་རྒྱལ་མཚན་བཟང་བོའི་སེར་སྨད་ཡིག་ཆ་རྙིང་བ། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་བློ་གླིང་ཡིག་ཆ་རྙིང་བ།  གུང་རུ་ཆོས་འབྱུང་གི་སྒོ་མང་ཡིག་ཆ་རྙིང་བ།  ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་སེར་བྱེས་ཡིག་ཆ།  ཀུན་མཁྱེན་ཆོས་འབྱུང་དཔལ་བཟང་བོའི་བཀྲས་ལྷུན་ཐོས་བསམ་གླིང་གི་ཡིག་ཆ།  ཤཱན་ཏི་བ་བློ་གྲོས་རྒྱལ་མཚན་གྱི་བཀྲས་ལྷུན་དཀྱིལ་ཁང་ཡིག་ཆ། རྒྱལ་དབང་ལྔ་བའི་ཡིག་ཆ།  མཁས་གྲུབ་བསྟན་དར་བའི་ཡིག་ཆ།  ཅོ་ནེ་གྲགས་ས་པ་བཤད་སྒྲུབ་ཀྱི་ཡིག་ཆ་སོགས་དང་།  ཁྱད་པར་དུ་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་སྟེ་རྗེ་བཙུན་ཡིག་ཆར་གྲགས་པ།  པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་བློ་གསལ་གླིང་གི་ཡིག་ཆ།   ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས་པའི་ཀུན་མཁྱེན་ཡིག་ཆའམ་སྒོ་མང་ཡིག་ཆ་གསར་བར་གྲགས་པ་གསུམ་བྱུང་བ་ལ་སྒོ་བློ་རྗེ་གསུམ་གྱི་ཡིག་ཆ་ཞེས་རྗེ་ཙོང་ཁ་པའི་རྗེས་འབྲང་གི་བློ་གསལ་ལྟ་ཅི།  དེང་གི་སློབ་གྲྭ་ཆེན་མོ་དག་ན་ཡང་གཞུང་ལུགས་དེ་དག་ལ་ཞིབ་འཇུག་དཔྱད་འཇོག་དང་སློབ་ཁྲིད་བགྱིད་བཞིན་པ་མཆིས་སོ་ཅོག་གི་བསླབ་རྟེན་བླ་ན་མེད་པར་འགྱུར་བར་དམིགས་ཏེ་ཡིག་ཆ་ཆེན་པོ་དེ་གསུམ་མཚམས་སྦྱོར་མདོ་ཙམ་ཞུ་བ་ལ།

དང་པོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་དེའི་ཡིག་ཆ།
ཀ   རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་གཞུང་ལུགས་ལ་སྦྱངས་ཚུལ།
              དེ་ཡང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་ནི།  རྗེ་ཙོང་ཁ་པས་དགའ་ལྡན་བཏབ་ནས་ལོ་རེ་གཅིག་སོང་བ་རབ་བྱུང་བརྒྱད་པའི་བགྲང་བྱ་ཉེར་གསུམ་པ་ས་མོ་གླང་གི་ལོ་སྟེ་སྤྱི་ལོ༡༤༧༩ལ་རྒྱལ་ཚབ་དར་མ་རིན་ཆེན་གྱི་འཁྲུངས་ཡུལ་གཙང་ཉང་སྟོད་རི་ནང་གི་ས་ཆ་ཁྱེའུ་བྱ་བར་ཡབ་ནང་སོ་བསོད་ནམས་འཕེལ་དང་།  ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་།  གདུང་རུས་ནི་རྔོག་ཡེ་ཤེས་ཀྱི་རྒྱུད་ལ་གཏོགས།  དགུང་ལོ་དྲུག་བཞེས་པའི་ཚེ་རྗེ་དགེ་འདུན་གྲུབ་ལས་བཀའ་ཆོས་དུ་མ་གསན།  ལོ་བདུན་པའི་ཚེ་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་ཀྱིས་དབེན་གསན་སྨན་ཆུར་དགེ་བསྙེན་གྱི་སྡོམ་པ་ཕུལ།  དེ་དུས་ཡུམ་གྱིས་བ་སོ་བས་ལུང་བསྟན་ཚུལ་ཞུས་པས་གནས་རྙིང་པས་ངའི་བླ་མ་བ་སོ་བ་དུས་གསུམ་མཁྱེན་པ་ཡིན་པས་མིང་སྤོ་མི་ནུས་གསུངས་ནས།  ཆོས་ཀྱི་རྒྱལ་མཚན་ལ་དཔལ་བཟང་བོ་བསྣན་ཏེ་མཚན་གསོལ།  དེ་ནས་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་ལ་བསྡུས་གྲྭ་དང་རྟགས་རིགས་སོགས་གསན་པས་རིག་པའི་སྒོ་ཐོགས་མེད་དུ་ཕྱེ།  དེ་ནས་ཚད་མ་རྣམ་འགྲེལ་གཙོ་བོ་དང་།  ཀུན་བཏུས་སྡེ་བདུན་ལྷག་མ་རྣམས་ཞར་བྱུང་དུ་བྱས་ནས་སྤྱི་དོན་རིགས་རྒྱན།  ཐར་ལམ་གསལ་བྱེད་སོགས་ལ་ལེགས་པར་སྦྱངས།   པཎ་ཆེན་ལུང་རིགས་པའི་མདུན་ནས་རྣམ་འགྲེལ་གྱི་ཊཱིཀྐཱ་དང་།  དཔེ་ཆོས་རིན་ཆེན་སྤུངས་པ།  བེའུ་བུམ་སྔོན་པོ་སོགས་གསན། དེ་ནས་ཀུན་མཁྱེན་ཆོས་འབྱོར་པའི་མདུན་དུ་མངོན་པ་ཀུན་བཏུས།  མངོན་པ་མཛོད།  དབུ་མ་ཕར་ཕྱིན་རྣམས་ལ་ཞིབ་ཏུ་གསན།  དགུང་ལོ་བཅུ་དྲུག་པ་ལ་པཎ་ཆེན་ཡེ་ཤེས་རྩེ་མོ་ལས་འདུལ་མཛོད།  བཀའ་གདམས་གླེགས་བམ།  ཚད་མ།  ལམ་རིམ་ཆེ་ཆུང་། ཇོ་བོའི་རྣམ་ཐར།  རྗེའི་བཀའ་འབུམ།  རྒྱལ་སྲས་བཀའ་འབུམ།  མཁས་གྲུབ་བཀའ་འབུམ་སོགས་གསན།  དགུང་ལོ་བཅོ་བརྒྱད་ཀྱི་དུས་ཕར་ཚད་དབུ་གསུམ་དང་འདུལ་མཛོད་བཅས་ལ་མཁས་པའི་གྲགས་ས་པས་ས་སྟེང་ཁྱབ་པ་བྱུང་སྟེ་གངས་རིའི་ཁྲོད་ཀྱི་རིགས་པ་སྨྲ་པ་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར།  དགུང་ལོ་ཉེར་གསུམ་པ་ལ་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད།  དགུང་ལོ་སོ་གཉིས་པ་ལ་བཀྲ་ཤིས་ལྷུན་པོ་སོགས་སུ་བློ་གསལ་དོན་གཉེར་ཅན་དག་ལ་ལུང་རིགས་ཀྱི་འཆད་ཁྲིད་ཡིད་བཞིན་བསྐངས་ཤིང་།  གཞུང་ཆེན་པོའི་དཀའ་གནད་རྣམ་ལ་ཞིབ་བཤད་ཀྱི་འབྲུ་སྣོན་རེ་དང་སྦྲགས་པའི་དམ་བཅའ་མཛད་པ་སུས་ཀྱང་བགྲོ་གླེང་འགྲོ་བ་མ་བྱུང་ཞིང་ཕར་ལ་ཐལ་འགྱུར་རེ་གཉིས་ཙམ་གནང་བས་རྒོལ་བ་རྣམས་སྤ་བཀོང་སྟེ་ཕམ་པར་མཛད་པས་ཐམས་ཅད་ཞལ་མཐུན་པར་"དེང་སང་ས་དགེ་གང་གི་ཁྲོད་ནའང་གཞུང་ལུགས་ཀྱི་གོ་རྒྱ་དང་སྟོན་པ་བཟང་བ་གཉིས་ཀ་འཛོམས་པ་འདི་ལྟ་བུ་རེ་གཉིས་ཙམ་ཡང་དཀོན་པར་འདུག"ཟེར་ནས་བསྔགས་པའི་ཡུལ་དུ་གྱུར།  གསུང་ལས་སྐྱེས་པའི་སློབ་མ་དཀའ་བཅུ་རབ་འབྱམས་པ་མང་པོ་བྱོན་ཅིང་།  ཁྱད་པར་དུ་རྗེ་བཙུན་རང་ལས་མཁས་པའི་སློབ་མ་བཞི་སྟེ།  ཚད་མ་རང་ལས་མཁས་པ་རྟ་ནག་པ་དགེ་འདུན་བློ་བཟང་།  ཕར་ཕྱིན་རང་ལས་མཁས་པ་ཁྱུང་ཕྲུག་པ་བྱམས་པ་བཀྲ་ཤིས།  མངོན་པ་རང་ལས་མཁས་པ་སློབ་དཔོན་དངོས་གྲུབ་རྒྱ་མཚོ།  འདུལ་བ་རང་ལས་མཁས་པ་པཎ་ཆེན་བདེ་ལེགས་ཉི་མ་རྣམས་ཀྱིས་རྗེ་བཙུན་རང་ཉིད་ཀྱི་དྲི་མ་མེད་པའི་ལུང་རིགས་ཀྱི་རྒྱན་བསྐྱངས་ཤིང་ཡིག་ཆའི་ཟུར་རྒྱན་དང་ཁ་སྐོང་སོགས་བརྩམས་ཆོས་དུ་མ་མཛད། རྗེ་བཙུན་རང་ཉིད་ཀྱིས་མཛད་པའི་བརྩམས་ཆོས་ལ།  ཀར་ལན་ཀླུ་སྒྲུབ་དགོངས་རྒྱན།  ས་སྐྱ་ཤཱཀྱ་མཆོག་ལྡན་གྱི་ལན།  གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་ལན།  ཕར་ཕྱིན་གྱི་མཐའ་དཔྱོད་ཟུར་བཀོད་བཞི་དང་བཅས་པ་ཆ་ཚང་།  སྤྱི་དོན་སྐབས་དང་པོ་ཅུང་ཟད་མ་ཚང་བ་གཅིག  དབུ་མའི་སྤྱི་མ་ཐལ་ཆ་ཚང་།  དྲང་ངེས་རྣམ་འབྱེད་སེམས་ཙམ་ཡན་གྱི་ཊཱིཀ  ཚད་མའི་སྤྱི་དོན།  མཐའ་དཔྱོད་ལེའུ་གཉིས་པ་ཅུང་ཟད་མ་ཚང་བ་གཅིག  མཛོད་ཀྱི་སྤྱི་དོན་བརྩི་བཞག་ཏུ་གནང་བ་རྗེ་བདེ་ལེགས་ཉི་མས་ཟིན་བྲིས་སུ་མཛད་པ།  འབུམ་གྱི་དཀར་ཆག་གཞན་ཡང་ཕར་ཚད་དབུ་གསུམ་གྱི་བརྩི་བཞག་ཞལ་སློབ་རྣམས་ཀྱིས་ཟིན་བྲིས་སུ་བྱས་པ་སོགས་ཡོད་པར་སྒྲུབ་པའི་ཤིང་རྟ་པ་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་གསུངས་པ་ལྟར་བྲིས།  དེ་ནས་དགུང་ལོ་དོན་དྲུག་བཞེས་པ་ཤིང་འབྲུག་སྟེ་སྤྱི་ལོ༡༥༤༤ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ལ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ།   དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །  རྗེ་འདིའི་རྣམ་ཐར་རྒྱས་པ་ཤེས་འདོད་ན་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་མཛད་པའི་རྣམ་ཐར་སོགས་ལ་མཇལ་བར་བྱའོ༎
ཁ   རྗེ་བཙུན་པའི་ཡིག་ཆ།
              སྤྱིར་རྗེ་ཙོང་ཁ་པའི་སྐུ་རིང་ལ་གཞུང་ཆེན་མོར་སྦྱང་པའི་མགོ་ཕར་ཕྱིན་ནས་བརྩམས་ཏེ་རིམ་བཞིན་ཚད་མ།   དབུ་མ།  མངོན་པ་གོང་འོག  འདུལ་བ་ལ་གསན་སྦྱོང་དང་འཆད་མཉན་མཛད་པ་ཡིན།  རྗེས་སུ་མཁས་པ་རྣམས་ཀྱི་ཉམས་མྱོང་དང་ལག་ལེན་བརྒྱུད་ཚད་མ་སྔུན་ལ་སྦྱོང་བའི་སྲོལ་ཚུགས།  དེ་ཡང་ཐད་ཀར་ཚད་མ་སྡེ་བདུན་མདོ་དང་བཅས་པའི་གཞུང་ཐོག་ནས་དང་པོར་སྦྱངས་ན་ཆེས་རྟོགས་དཀའ་བར་དགོངས་ཏེ།  དེའི་སྔོན་འགྲོ་ལ་བསྡུས་གྲྭ་ཞེས་པ་སྟེ་རིགས་པའི་སྤྱི་འགྲོ་ཙམ་གོ་སླ་ཞིང་འཇུག་བདེ་བའི་བསྡུས་ཚན་ཉེར་ལྔར་ལོང་བ་མཛད་ནས་སྦྱང་སྲོལ་བཙུགས།  འདི་ལ་རྗེ་བཙུན་རང་ཉིད་ཀྱིས་མཛད་པའི་བསྡུས་གྲྭའི་ཡིག་ཆ་མི་འདུག་ནའང་དེ་ཉིད་ཀྱི་སློབ་རྒྱུན་རྗེ་ཕུར་ལྕོག་བྱམས་པ་རིན་པོ་ཆེས་མཛད་པའི་《རིགས་ལམ་འཕྲུལ་ལྡེ》མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད་པའི《བསྡུས་གཞུང་ལུང་རིགས་ཉི་མ》སོགས་ལ་སྦྱངས་ནས་རྣམ་འགྲེལ་ལ་འཇུག   དེ་ལ་རྗེ་བཙུན་གྱིས་མཛད་པའི《རྣམ་འགྲེལ་བློ་གསལ་མགུལ་རྒྱན》དང་ཁོང་གི་དངོས་སློབ་རྗེ་རྟ་ནག་པ་དགེ་འདུན་བློ་བཟང་གིས་མཛད་པའི《རྣམ་འགྲེལ་མཐའ་དཔྱོད》   བཅས་ཡིག་ཆ་བྱས་ཏེ་སྦྱོང་ངོ་།།
              ཕར་ཕྱིན་ལ་རྗེ་བཙུན་རང་ཉིད་ཀྱིས་མཛད་པའི་སྤྱི་མཐའ་དཔྱོད་དེ《རྒྱན་འགྲེལ་སྤྱི་དོན་རོལ་མཚོ》ནི་ཁོང་གི་བརྩམས་ཆོས་དངོས་མིན་པར་བཤད་ཚོད་ཡོད།  དེ་ཉིད་ཀྱི་མཆོད་བརྗོད་དུ་རང་ཉིད་དང་ཁོང་གི་སློབ་མའི་མཚན་ཡང་སྣང་།  ཡིན་ནའང་ཡིག་ཆ་འདིའི་རྗེས་འབྲངས་མཁས་པ་རྣམས་ཀྱི་གསུང་རྒྱུན་ལ《རོལ་མཚོ》འདི་རྗེ་བཙུན་རང་གི་དངོས་སློབ་དག་གིས་ཁོང་གི་མདུན་ནས་ཕར་ཕྱིན་གསན་སྐབས་ཟིན་བྲིས་སུ་མཛད་པ་ལ་ཕྱིས་སུ་མཆོད་བརྗོད་དང་མཇུག་རྩོམ་བསྣན་ཏེ་བསྟན་བཅོས་ལུགས་སུ་བྱས་པ་ཡིན་པས་རྗེ་རང་གི་གསུང་ཡིན་པ་མི་འགལ་བ་དང་།  དེ་ལྟར་ན་ཡིག་ཆ་ཁས་ལེན་གྱི་རྒྱུན་དུའང་སྤྱི་མཐའ་དཔྱོད་གཉིས་ལས་སྤྱི་དོན་གཙོ་བོར་འཛིན་པར་བཤད།  《རོལ་མཚོ》འདི་ཉིད་ཚིག་ཟིན་ཙམ་ཡང་མི་དཀྱོག་པར་རྗེ་ཡབ་སྲས་ཀྱི་གསེར་ཕྲེང་།  རྣམ་བཤད།  རྟོགས་སྣང་གསུམ་གྱི་དགོངས་པར་མཐའ་གཅིག་ཏུ་མཐུན་པར་བལྟ།  ཞར་ལ་མཐའ་དཔྱོད་དང་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི《ཕར་ཕྱིན་མཐའ་དཔྱོད》གཉིས་ཕལ་ཆེར་ཚིག་དོན་གཉིས་ཆར་མཐུན་པ་ཡིན་པས་བསླབ་སྦྱང་གི་གཞི་རུ་འཛིན།  དབུ་མ་ལ་རྗེ་བཙུན་རང་ཉིད་ཀྱིས་མཛད་པའི་《དབུ་མའི་མཐའ་དཔྱོད》ཀྱང་རྗེ་རང་གི་བཤད་རྒྱུན་བསྐྱངས་པ་ཡིན་ཙ་ན།  དེ་ཡང་ཕལ་ཆེར་གྱིས་རྗེ་བཙུན་པའི་ཡིག་ཆ་རུ་འཛིན།  གཞན་ཡང་རྗེ་བཙུན་རང་གིས་མཛད་པའི་དབུ་མ་འཇུག་པའི་ཊཱི་ཀ་ཆེན་མོ་བྲིས་མ་ཤོག་ངོས་ལྔ་བརྒྱ་ཅན་ཞིག་ཡོད་པ་ད་ལྟའི་སེ་རའི་དགེ་བཤེས་ཟླ་གྲགས་ལགས་ཀྱི་ཕྱག་ན་བཞུགས་པར་བཤེས་གཉེན་ཆེན་པོ་སེར་བྱེས་མདོ་སྨད་པ་བློ་བཟང་བསྟན་འཛིན་གྱིས་བཤད།  ཡིན་ནའང་དཔེ་དེའི་ཕྲིན་ལས་ཀྱི་རྒྱུན་ཆེར་རྒྱས་མེད་པ་འདྲ།  གྲུབ་མཐའ་གཞན་གྱི་བརྒལ་ལན་དབུ་མའི་སྐོར།  ཀར་ལན་ཤཱཀ་ལན་གོ་ལན་རྣམས་ནི་ཡིག་ཆ་འདིའི་དབུ་མའི་ཡིག་ཆ་ཡིན་པ་མ་ཟད།  རི་བོ་དགེ་ལུགས་པ་སྤྱིའི་དབུ་མའི་ཡིག་ཆ་རུ་འཛིན་པར་དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་བསམ་གཏན་གྱིས་གསུངས།   མཛོད་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས《ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལེགས་བཤད་ནོར་བུའི་བང་མཛོད》  ཅེས་པ་ལས《མཐའ་དཔྱོད》ཀྱི་ཡིག་ཆ་མི་སྣང་།  དེ་ཡང་རྗེ་ཙོང་ཁ་པའི་མངོན་པ་མཛོད་གསན་སྦྱངས་མཛད་སྐབས་གཙོ་བོ་མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་《མངོན་པའི་རྒྱན》གྱི་སྟེང་ནས་སྦྱངས་ཏེ་མཐར་རྗེ་རང་གི་ཐུགས་འདུན་ལ་མཛོད་འགྲེལ་འདི་ལས་ལྷག་པ་ཞིག་མེད་པར་གསུངས་ཏེ་རྗེས་འཇུག་རྣམ་ལ་འདི་ཉིད་ཁོ་ནའི་སྟེང་ནས་འཆད་མཉན་གྱིས་འཐུས་པར་བྱས་པའི་རྐྱེན་གྱིས་ཡིན་སྙམ་ཞིང་།  དེ་བས་ཡིག་ཆ་འདིའི་ལུགས་ལ《མཆིམས་མཛོད》གཙོ་བོ་འཛིན་ཅིང་།  ཞར་ལ་རྗེ་བཙུན་རང་གི་དངོས་སློབ་དངོས་གྲུབ་རྒྱ་མཚོ་ལགས་ཀྱིས་མཛད་པའི་《མཛོད་མཐའ་དཔྱོད》ནི་རྗེ་བཙུན་རང་གི་གསུང་རྒྱུན་ལྟར་བརྩམས་པ་ཡིན་པས་འདི་ཡང་རྗེ་བཙུན་པའི་ཡིག་ཆ་རུ་འཛིན་འོས་པ་ལགས་སོ།།
              འདུལ་བ་རྗེ་བཙུན་རང་ཉིད་ཀྱིས་མཛད་པའི《འདུལ་བ་སྤྱི་དོན་བློ་གསལ་ཐེམ་སྐས་མུ་ཏིག་ཕྲེང་བ》ཞེས་པ་ལས《མཐའ་དཔྱོད་》ཀྱི་ཡིག་ཆ་མེད་ཀྱང་།  ཀུན་མཁྱེན་མཚོ་སྣ་པས་མཛད་པའི《འདུལ་ཊཱིཀ་ཉི་མའི་འོད་ཟེར》དང་།  རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི《འདུལ་ཊཱིཀ་རིན་ཆེན་ཕྲེང་བ》དང་རྗེ་བཙུན་རང་ཉིད་ཀྱི་དངོས་སློབ་པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི《འདུལ་བ་བདེ་ལེགས་ཉི་མ》རྣམས་ཡིག་ཆར་བྱས་ཏེ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འཇུག་གོ།

གཉིས་པ།  པཎ་ཆེན་བསོད་གྲགས་དང་དེའི་ཡིག་ཆ།
ཀ  པཎ་ཆེན་བསོད་གྲགས་ཀྱིས་གཞུང་ལུགས་ལ་སྦྱངས་ཚུལ།
              དེ་ཡང་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་གྲངས་ལྔ་བཅུ་ང་དགུ་འདས་པ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་སྟེ་སྤྱི་ལོ༡༤༧༨ལ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་དགའ་ལྡན་ཁྲི་ཐོག་བཅོ་ལྔ་བ་རྗེ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེ་ནི་དཔལ་གྱི་རྩེ་ཐང་དུ་ནང་བར་ལམ་པའི་སྲས་སུ་སྐུ་འཁྲུངས།  སྐུ་གཞོན་ནུའི་དུས་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པའི་དཔལ་ཞེས་གསོལ། རྩེ་ཐང་ཆོས་གྲྭར་ཞུགས་ཏེ་གཞུང་ལུགས་ཆེན་མོ་ལ་ཐོས་བསམ་བྱས།  ཚད་མའི་དོགས་གཅོད་ཞུ་བ་དང་སྦྲགས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རབ་འབྱམས་པ་སོགས་བསྟེན་ནས་ལོ་ཤས་རིང་ནང་དོན་རིག་པའི་གཞུང་དང་ཐ་སྙད་གཙུག་ལག་ལ་གསན་སྦྱོང་མཛད།  དགུང་ལོ་བཅུ་དྲུག་པ་ལ་སེ་རར་ཕེབས་ཏེ་མཁས་དབང་དོན་ཡོད་དཔལ་ལྡན་བསྟེན་ནས་དགུང་ལོ་ཉེར་བདུན་བར་གཞུང་ལུགས་རབ་འབྱམས་ལ་ཐུགས་གཉེར་གནང་།  འོད་སྣེའི་ཆོས་རྗེ་སངས་རྒྱས་བཟང་བོ་ལས་དགེ་ཚུལ་དང་བསྙེན་རྫོགས་མཛད་ཅིང་།  དགུང་ལོ་སུམ་ཅུའི་སྟེང་རྩེ་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་སྐོར་མཛད།  དགུང་ལོ་ཞེ་བདུན་ལ་འབྲས་སྤུངས་བློ་གསལ་གླིང་གི་བླ་མར་ཕེབས་དགོས་པར་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་བཀའ་ཤོག་དང་།  མི་སྣའི་གསོལ་འདེབས་ཡང་ཡང་ནན་ཆེ་བ་ལ་ཞལ་བཞེས་མངོན་པ་ཙམ་ན་ཡང་།  རྗེ་དེ་ཉིད་ཀྱི་བཀའ་ཤོག་ཏུ།  དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་བཞིན།།  གྲགས་པ་སྙིང་ལ་ཡི་དམ་ཉིད་དུ་བགྱིད།།  དེ་དག་སྒྲུབ་པའི་ཐབས་ལ་མཁས་པ་ཡང་།།  སྨོས་པར་ཅི་འཚལ་ཚུལ་བཞིན་མཛད་དུ་གསོལ།།  ཞེས་ཕེབས་པ་ཁུར་དུ་ལྕི་བར་གྱུར་ཏེ་རྒྱུད་པའི་ཁྲི་བཤོལ་ནས་བློ་གསལ་གླིང་གི་ཁྲི་བ་མཛད་དེ་ལོ་དྲུག་གི་རིང་གཞུང་བཤད་ཤིན་ཏུ་མང་བ་གནང་བས་འཆད་མཉན་དབྱར་མཚོ་བཞིན་འཕེལ་བར་གྱུར།  དགུང་ལོ་ང་གཉིས་སྟེང་དགའ་ལྡན་གསེར་ཁྲིར་ཕེབས་ཏེ།  ཆོས་ཀྱི་རྒྱལ་པོ་ཙོང་ཁ་བའི།། ཆོས་ཚུལ་རྣམ་པར་རྒྱས་པ་དང་།། འགལ་རྐྱེན་མཚན་མ་ཞི་བ་དང་།།   མཐུན་རྐྱེན་མ་ལུས་ཚང་བར་ཤོག།  ཅེས་བསྟན་པ་རྒྱས་པའི་ཐུགས་སྨོན་ཚིགས་བཅད་མཛད། དགུང་ལོ་ང་བརྒྱད་བར་ཁྲི་བསྐྱངས།  དགུང་ལོ་རེ་དྲུག་པར་འབྲས་སྤུངས་ཀྱི་ཁྲི་བ་མཛད།  དེ་ནས་སེ་ར་དང་སྐྱོར་མོ་ལུང་གི་ཁྲིར་ཡང་བཞུགས།  དགུང་ལོ་དོན་གསུམ་པར་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་རྒྱལ་བ་བསོད་ནམས་རྒྱ་མཚོ་ངོས་འཛིན་གནང་ཞིང་གཙུག་ཕུད་བཞེས་ཏེ་བཀའ་ཆོས་ཀྱང་ཕུལ་ཏོ།། གསུང་སྐྱེས་ཀྱི་སློབ་མ།  རྒྱལ་བ་བསོད་ནམས་རྒྱ་མཚོ་གཙོས་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་།  ཁྲི་ཆོས་སྐྱོང་རྒྱ་མཚོ།   རྡོ་རྗེ་འཛིན་པ་ཉི་མ་བཟང་བོ།  དཔལ་ངག་དབང་ཆོས་གྲགས་པ།  རྒྱུད་པ་ནམ་མཁའ་གྲགས་པ།   བྱ་བྲལ་ལྷ་དབང་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོ་བྱོན།  དགུང་ལོ་དོན་བདུན་བཞེས་པ་ཤིང་ཕོ་སྟག་སྟེ་སྤྱི་ལོ༡༥༥༤ལོའི་མགོ་ཟླ་བའི་ཚེས་བཅུ་བཞིའི་ཐོ་རེངས་ཙམ་དུ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས།  སྐུ་གདུང་བྱིངས་དངུལ་གྱི་མཆོད་རྟེན་དུ་བཞུགས་པ་འབྲས་སྤུངས་ཚོགས་ཆེན་འདུ་ཁང་དུ་བཞུགས་སོ༎
ཁ  བློ་གསལ་གླིང་ངམ་བསོད་གྲགས་ཡིག་ཆ།
              འདིའི་ལུགས་ཀྱི་རྗེས་འབྲང་གི་ཚད་མའི་སྔོན་འགྲོ་བསྡུས་གྲྭ་རྗེ་པཎ་ཆེན་བསོད་གྲགས་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་མེད་པས།  ཡིག་ཆ་ལ་གསེར་ཁང་པ་དམ་ཆོས་རྣམ་རྒྱལ་གྱིས་བརྩམས་པའི་སྟག་ཚང་རྭ་བ་སྟོད་པའི་ཡིག་ཆ《རྭ་སྟོད་བསྡུས་གྲྭ》《རྭ་སྟོད་བློ་རྟགས》བྱས་ནས་སྦྱོང་ཞིང་དེ་ནས་ཚད་མའི་གཞུང་ལུགས་དངོས་ལ《ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་དཀའ་འགྲེལ་དགོངས་པ་རབ་གསལ》གཞི་བྱས་ནས་ཚད་མ་འཆད་མཉན་བྱའོ༎   ཕར་ཕྱིན་གྱི་ཡིག་ཆ《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་སྙིང་བོ་རྒྱན་གྱི་དོན་ལེགས་པར་བཤད་པ་ཡུམ་དོན་གསལ་བའི་སྒྲོན་མེ》གཞི་བྱས་ནས་འཆད་རྩོད་བགྱི་ཞིང་།  ཞར་ལ་དཔལ་ལྡན་ཆོས་རྗེས་མཛད་པའི་《ཕར་ཕྱིན་ཟུར་མཆན》ལ་བལྟའོ༎ དབུ་མ་ལ་པཎ་ཆེན་བསོད་ནམས་གྲགས་པ་རང་ཉིད་ཀྱིས་མཛད་པའི《དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ》གཙོ་བོ་འཛིན་ཅིང་།《དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ》དང《ལྟ་བའི་ཁྲིད་ཡིག་བསྡུས་པ་འཇམ་དཔལ་ཞལ་ལུང》དང《ལྟ་བའི་ཁྲིད་ཡིག་དེ་ཉིད་གསལ་བྱེད》སོགས་ལ་ཡིག་ཆ་བྱས་ནས་གཞུང་འདི་ལ་རྐང་ཚུགས་པར་བྱས་སོ༎
              མངོན་པ་མཛོད་ལ་པཎ་ཆེན་ཉིད་ཀྱིས་མཛད་པའི《ཆོས་མངོན་པ་མཛོད་ཀྱི་དགོངས་པ་ལེགས་པར་བཤད་པ་ཤེས་བྱ་རབ་གསལ》དང《ཆོས་མངོན་པ་ཀུན་བཏུས་ཀྱི་དཀའ་བའི་གནད་གྲོལ་བའི་དཀའ་འགྲེལ་མཁས་པའི་ཡིད་འཕྲོག》ཅེས་པའི་སྟེང་ནས་འཆད་རྩོད་རྡོ་རུས་ཐུག་པ་བྱ། འདུལ་བ་ལ་པཎ་ཆེན་རང་གིས་མཛད་པའི《སོ་ཐར་ཚུལ་ཁྲིམས་པད་ཚལ་རྒྱས་བྱེད་འདུལ་བའི་ལེགས་བཤད་ལུང་རིགས་ཀྱི་ཉི་མ》ལས་རབ་བྱུང་གི་གཞི་དང་རྣམ་འབྱེད་ཀྱི་འགྲེལ་བ་དང《ཞུ་བ་སྤྱིར་བསྟན་གྱི་འགྲེལ་བ》《གཞི་བཅུ་དྲུག་གི་འགྲེལ་བ》རྣམས་ཡིག་ཆ་བྱས་ཏེ་དམ་པའི་ཆོས་འདུལ་བ་རྒྱ་མཚོ་ལ་ཐོས་བསམ་སྒོམ་གསུམ་མཛད།  ཡང་སྔགས་ཀྱི་འཆད་མཉན་ཇི་ལྟར་བགྱི་ཚུལ་སོགས་བྲི་བར་བྱ་བ་མང་ཡང་སྐབས་སུ་མ་བབ་པས་མ་བྲིས།

གསུམ།  ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་དེའི་ཡིག་ཆ།
ཀ   ཀུན་མཁྱེན་འཇམ་དབྱངས་བཞད་པས་གཞུང་ལུགས་ལ་སྦྱངས་ཚུལ།
              དེ་ཡང་པཎ་ཆེན་བསོད་གྲགས་པ་སྐུ་མྱ་ངན་ལས་འདས་ནས་ལོ་གྲངས་དགུ་བཅུ་གོ་ལྔ་འདས་པ་རབ་བྱུང་བཅུ་གཅིག་པའི་ཀུན་འཛིན་ཅེས་པ་ས་ཕོ་བྱི་སྟེ་སྤྱི་ལོ༡༦༤༨ལོ་ལ།  སྲིད་གསུམ་མཁས་པའི་གཙུག་རྒྱན་གྲུབ་པའི་དབང་ཕྱུག་ཆེན་པོ་སྒོ་མང་བླ་མ་འཇམ་དབྱངས་བཞད་པ་རྡོ་རྗེ་ངག་དབང་བརྩོན་འགྲུས་མདོ་སྨད་ཝ་ཤུལ་དུ་སྐུ་འཁྲུངས།   དགུང་ལོ་ལྔའི་སྟེང་གོང་ས་རྒྱལ་དབང་ལྔ་བར་མཇལ་ཞིང་།  བཅུ་གསུམ་ལ་བུད་ཚེ་འདུལ་འཛིན་ཡེ་ཤེས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས།  ཉེར་གཅིག་པར་དབུས་སུ་བྱོན་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་བསྟེན་ནས་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ་དགུང་ལོ་ཉེར་དྲུག་པ་ཆུ་གླང་ལ་གསང་ཕུར་རབ་འབྱམས་པའི་གྲྭ་སྐོར་མཛད།  ཉེར་བདུན་པར་གོང་ས་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་ཕོ་བྲང་པོ་ཏ་ལར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  ཉེར་དགུ་བ་མེ་འབྲུག་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བྱོན་ཏེ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོ་བསྟེན་ནས་གསང་ཆེན་ཆོས་ཀྱི་གན་མཛོད་བདག་གིར་བཞེས།   དགུང་ལོ་སོ་གསུམ་བཞེས་པ་ན་འབྲས་སྤུངས་རྒྱབ་རི་དགེ་འཕེལ་རི་ཁྲོད་དུ་སྒྲུབ་པ་མཛད་ཚེ་བླ་མ་ལྷག་པའི་ལྷ་མང་བོའི་བསྙེན་པ་མཛད་དེ་མངོན་པར་རྟོགས་པའི་ཀློང་བརྡོལ།  སྒོ་མང་གི་ཡིག་ཆ་ཕལ་ཆེར་དང་སྙན་ངག་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན།  འཇིགས་བྱེད་ཆོས་འབྱུང་སོགས་སྔ་རྟིང་དུ་བརྩམས།  དགུང་ལོ་ང་གསུམ་ཐོག་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞལ་ནས།  ད་ལམ་ཁྱེད་སྒོ་མང་བླ་མ་ཅིས་ཀྱང་གནང་དགོས་ཞེས་གསུངས་པ་ཟློག་མ་ནུས་པས་ཞལ་གྱིས་བཞེས་ཏེ་བཀྲ་ཤིས་སྒོ་མང་གི་ཆོས་ཀྱི་ཁྲི་ལ་ཕེབས་ནས་འཆད་མཉན་གྱི་གདུགས་དཀར་སྲིད་པའི་རྩེ་མོར་བསྒྲེངས།  དེ་ནས་དགུང་ལོ་རེ་གཉིས་པ་ས་གླང་ལོར་ཨེར་ཏི་ནི་ཇུ་ནང་གིས་གདན་དྲངས་ཏེ་མདོ་སྨད་དུ་ཕེབས་པའི་ཕྱི་ལོ་སྟེ་སྤྱི་ལོ༡༧༠༩ལོར་བཤད་སྒྲུབ་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་དེ་འདེབས་པར་མཛད།  གསུང་སྐྱེས་ཀྱི་སློབ་མའང་གུང་ཐང་རིན་པོ་ཆེའི་སྐུ་ཕྲེང་ཐོག་མ་ཁྲི་ཆེན་དགེ་འདུན་ཕུན་ཚོགས།  ཁྲི་ཆེན་ངག་དབང་མཆོག་ལྡན།  འཇམ་དབྱངས་བདེ་བའི་རྡོ་རྗེ།  བསེ་ངག་དབང་བཀྲ་ཤིས། ཞོག་དོན་ཡོད་མཁས་གྲུབ་སོགས་ཤིན་ཏུ་མང་།  དེ་ནས་དགུང་ལོ་དོན་བཞི་བཞེས་པ་ལྕགས་གླང་སྟེ་སྤྱི་ལོ༡༧༢༡ལོའི་ཧོར་ཟླ་གཉིས་པའི་ཚེས་ལྔ་ལ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ།  སྐུ་གདུང་རིལ་བོ་ད་ལྟ་བཀྲ་ཤིས་འཁྱིལ་གྱི་རྟེན་གཙོར་བཞུགས།
ཁ   སྒོ་མང་ཡིག་ཆ།
              དེ་ཡང་ཐོག་མར་ཚད་མ་ལ་རྗེ་འཇམ་དབྱངས་བཞད་པ་རང་ཉིད་ཀྱིས་མཛད་པའི་བསྡུས་གཞུང《ཁ་དོག་དཀར་དམར》དང《བསྡུས་གྲྭའི་རྣམ་གཞག་ལེགས་བཤད》《ཐལ་འགྱུར་ཆེ་བའི་རྣམ་གཞག་མདོར་བསྡུས》《རྣམ་འགྲེལ་ལེའུ་གཉིས་པའི་ཚད་མའི་དཀའ་གནད་ཀྱི་ཟུར་བཀོད་མདོར་བསྡུས》《བསྡུས་གྲྭའི་མཐའ་དཔྱོད》《བསྡུས་སྦྱོར་གྱི་རྩ་ཚིག》སོགས་ཤིན་ཏུ་མང་ཡང་ཆ་མི་ཚང་བ་དང་ཐལ་ཕྲེང་གི་ལུགས་སུ་མི་བཞུགས་པ་སོགས་ཀྱི་རྐྱེན་ལས་ཞར་ལ་བལྟ་བ་ལས་ཡིག་ཆ་མི་བྱའོ༎ བསྡུས་གྲྭའི་ཡིག་ཆ་ལ་ཁོང་གི་ཐུགས་སྲས་ཁྲི་ཆེན་བསེ་ངག་དབང་བཀྲ་ཤིས་པས་མཛད་པའི《ཚད་མ་རྣམ་འགྲེལ་གྱི་དོན་ཕྱོགས་གཅིག་ཏུ་དྲིལ་བ་བློ་རབ་འབྲིང་ཐ་གསུམ་ལ་སྟོན་པ་སྐལ་བཟང་རེ་བ་ཀུན་སྐོང་ཞེས་བྱ་བ》གཙོ་བོ་བྱས་ནས་་འཆད་མཉན་བྱ་ཞིང་བརྩི་བཞག་ཏུ་འཛིན།  དེ་ནས་ཀུན་མཁྱེན་རང་གིས་མཛད་པའི《རྟགས་རིགས་མཐའ་དཔྱོད》《བློ་རིག་མཐའ་དཔྱོད》གཉིས་ཡིག་ཆ་བྱས་ཏེ་སྦྱང་ངོ་༎ དེ་ནས་རྣམ་འགྲེལ་ལ་ཀུན་མཁྱེན་རང་གིས་མཛད་པའི《རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ》ལས་ལེའུ་དང་པོ་དང་གཉིས་པ་གསུམ་པའི་མཐའ་དཔྱོད་《བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་》ཞེས་པའི་སྟེང་ནས་བརྒལ་བརྟག་བྱའོ༎དབུ་ཕར་ལ་སྤྱི་དོན་གྱི་ཚུལ་དུ་ཀུན་མཁྱེན་རང་གིས་མཛད་པའི་བསྟན་བཅོས་དངོས་སུ་མེད་ཀྱང་།  དེའི་ཚབ་ཏུ་རྗེའི《ལེགས་བཤད་གསེར་ཕྲེང》དང་《གྲུབ་མཐའི་རྣམ་བཞག་ཀུན་བཟང་ཞིང་གི་ཉི་མ》ཞེས་པ་གཉིས་ཡིན་པར་ཀུན་མཁྱེན་རང་གི《ཆབ་ཤོག》ན་གསལ། 《སྐབས་དང་པོ་ནས་བརྒྱད་པའི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུ》རྣམས་ཡིག་ཆ་ཉག་གཅིག་ཏུ་བྱ།  གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེས་མཛད་པའི    《སྐབས་བཞི་བའི་སྡོམ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གནང་བ》དང《ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ》དང་།  རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་མཐའ་དཔྱོད་དང་མཆན་རྣམས་བློ་གསལ་དོན་གཉེར་ཅན་ལ་གཞན་འགྲན་མེད་པའི་ལེགས་བཤད་དུ་གྱུར་པས་ཚུལ་འདི་ལ་འཇུག་པ་དག་གིས་ངེས་པར་མཇལ་བ་ཉིད་དོ༎
              དབུ་མ་ལ་ཀུན་མཁྱེན་རང་གིས་མཛད་པའི《དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཀུན་གསལ་སྐལ་བཟང་འཇུག་ངོགས》ཞེས་པ་སྔོན་སྒོ་མང་པ་ཀུན་གྱིས་ཡིག་ཆར་བྱ་ཞིང་།  ཕྱིས་སུ་བཀྲ་ཤིས་འཁྱིལ་་དུ་ཡིག་ཆ་དེ་ཉིད་ལེགས་བཤད་མི་ཟད་པའི་གཏེར་དུ་འདུག་མོད།  ཚིག་གི་སྤྲོས་པ་རྒྱས་དྲགས་པས་འཆད་མཉན་དང་འཛིན་སྐྱོང་རྔོ་མ་ཐོགས་ཙ་ན་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོས《བསྟན་བཅོས་ཆེན་མོ་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ》ཞེས་པ་བརྩམས་ཏེ་མཐའ་དབུས་ཀུན་ཏུ་ཁྱབ་པར་བྱས། ལེགས་བཤད་འདི་ལ་མཁས་གྲུབ་ཆེན་པོ་ཀློང་རྡོལ་བླ་མས།  བསྟན་བཅོས་འདི་དབུ་མའི་ཡིག་ཆ་ཀུན་ལས་ཐལ་ཕྲེང་དང་བཅས་ཏེ་རྒྱས་བསྡུས་འཚམ་པས་མཆོག་ཏུ་བསྔགས་ཡོད་ཕྱིར་རང་ཅག་རྣམས་ཀྱིས་གཅེས་སུ་འཛིན་པར་འོས་པ་ཉིད་དོ༎
              མཛོད་ལ་ཀུན་མཁྱེན་རང་གིས་མཛད་པའི《དམ་ཆོས་མངོན་པ་མཛོད་ཀྱི་དགོངས་འགྲེལ་ཐུབ་བསྟན་ནོར་བུའི་གཏེར་མཛོད་དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ》ཞེས་བྱ་བའི་སྟེང་ནས་འཆད་རྩོད་གཅིག་འཐུས་བྱ་ཞིང་།  ཞར་ལ་གུང་ཐང་བསྟན་པའི་སྒྲོན་མེ་ཡིས་མཛད་པའི《མངོན་པ་མཛོད་ཀྱི་བསྡུས་དོན》འཛིན་སྐྱོང་དང་ཁྱབ་མཐའ་མུ་བཞིའི་རིགས་པ་རྒྱ་དཀར་ནག་གང་དུའང་མ་བྱུང་བའི་འཕྲུལ་གྱིས་བརྒལ་བརྟག་བྱ།  འདུལ་བ་ལ་ཀུན་མཁྱེན་རང་གིས་མཛད་པའི《འདུལ་བའི་དཀའ་གནད་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་ཙིནྡ་མ་ཎིའི་ཕྲེང་མཛེས་སྐལ་བཟང་རེ་བ་ཀུན་སྐོང》ཞེས་པ་གཞི་བྱས་ནས་སྦྱོང་ཞིང་།  ཞར་ལ་རྗེ་གུང་ཐང་པ་བསྟན་པའི་སྒྲོན་མེས་མཛད་པའི《འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ》ཞེས་པ་འཛིན་སྐྱོང་དང་འཆད་མཉན་རྐང་ཚུགས་པར་བྱའོ༎ མདོར་ན་རྨད་བྱུང་ཡིག་ཆ་འདི་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་།  དུས་ཕྱིས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་རྒྱ་གར་གྱི་འཛམ་གླིང་རྒྱན་རྣམས་དང་མཚུངས་པའི་མཁས་གྲུབ་ཆེན་པོ་དེས་མདོ་སྔགས་ཐམས་ཅད་དང་།  ཁྱད་པར་དུ་པོ་ཏི་ལྔ་ག་ལ་མཐའ་དཔྱོད་ཀྱི་ཡིག་ཆ་སྔོན་མེད་ལེགས་བཤད་ཀྱི་གཏེར་དུ་གྱུར་པ་མཛད་པས་དེང་སང་སྒོ་མང་གི་འཛིན་ཆོས་ཀྱང་འཇམ་དབྱངས་བཞད་པའི་ཡིག་ཆ་ཁོ་ན་བྱེད་ལ།  སྒོ་མང་བར་མ་ཟད་མཐའ་དབུས་ཀྱི་རིགས་པ་སྨྲ་བ་མཐའ་དག་གི་ཐོས་བསམ་གྱི་གཞིར་བྱེད་པར་བརྟེན།  ཡིག་ཆ་གཞན་ཕལ་ཆེར་ངལ་གསོ་མཛད་པར་སྣང་ངོ་ཞེས་བསྔགས་པ་ནི་རང་བཞིན་བརྗོད་པའི་གཏམ་དུ་གསལ་བ་ཁོ་ནར་གོ་དགོས་པ་ཉིད་དོ།།
              དཔྱད་གཞིའི་ཡིག་ཆ།
              ཐུའུ་བཀན་གྲུབ་མཐའ་ཤེལ་གྱི་མེ་ལོང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
              ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།  བླ་བྲང་དགོན་པའི་ཤིང་པར།
              ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ།  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།
              དགེ་རྒན་བཀའ་དྲིན་ཅན་ཀུན་མཁྱེན་ཡོངས་འཛིན་བསམ་གཏན་རྒྱ་མཚོ་རིན་པོ་ཆེའི་གསུང་སྒྲོས།
              དགེ་རྒན་བཀའ་དྲིན་ཅན་ཡབ་རྗེའི་ཡོངས་འཛིན་དགེ་འདུན་བསྟན་འཛིན་རིན་པོ་ཆེའི་གསུང་སྒྲོས།