ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

ཀློང་ཆེན་རབ་འབྱམས་པ།(རྙིང་མ་པ)

སྤེལ་དུས 2017-08-22 ཡོང་ཁུངས། 《བོད་སྤྱི་བཤད་》ལས་བཏུས། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྲིགས།
ཀློང་ཆེན་རབ་འབྱམས་པ།
          ཁོང་﹙༡༣༠༨--༡༣༦༣﹚ནི་སྔ་འགྱུར་བསྟན་པའི་སྒྲོན་མེ་ཆེན་པོ་འགྲན་ཟླ་བྲལ་བ་ཞིག་སྟེ། གཡོ་རུ་གྲྭའི་ཆ་སྟོད་གྲོང་﹙ད་ལྟའི་འཕྱོང་རྒྱས﹚དུ་ཡབ་སྔགས་འཆང་བསྟན་པ་སྲུང་དང་། ཡུམ་འབྲོམ་བཟང་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། མཚན་གཞན་དྲི་མེད་འོད་ཟེར་དང་ཚུལ་ཁྲིམས་བློ་གྲོས་ཏེ་ཀུན་མཁྱེན་ཚུལ་བློ་ཡང་གསོལ། དགུང་ལོ་ལྔ་ལ་ཕེབས་ཚེ་ཡི་གེ་འབྲི་ཀློག་རྣམས་བརྡ་སྤྲད་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་ལ་ཡབ་སྔགས་འཆང་གི་དྲུང་ནས་བཀའ་བརྒྱད་བདེ་འདུས། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་སོགས་བཞེས། སྨན་དང་རྩིས་ལ་སོགས་པ་གསན་ནས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་གྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་གཉིས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། གཞན་ཡང་སློབ་དཔོན་བཙན་དགོན་པ་དང་གཞོན་ནུ་རིན་ཆེན་གཉིས་ཀྱི་དྲུང་ནས་ཕར་ཕྱིན་དང་ཚད་མ། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ། དཔང་ལོ་ཆེན་པོ་ལས་མངོན་པ་དང་ཟབ་མོ་མདོ་ལྔའི་བཤད་པ་བཅས་གསན་ནས་གྲྭ་ས་ཆེན་པོའི་སྡེ་ཕལ་ཆེ་བར་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱིས་ཁྱབ། སློབ་དཔོན་གཞོན་ནུ་དོན་གྲུབ་ལས་མདོ་སྒྱུ་སེམས་གསུམ་གྱི་གདམས་པ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་སྐོར་དང་། ཞི་བྱེད། རྫོགས་ཆེན་གྱི་མན་ངག་སོགས་གསན་ཅིང་། གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེ་དང་། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ། བླ་མ་འཇམ་དབྱངས་པ་སོགས་བླ་མ་བཅུ་ཕྲག་ལྷག་ཙམ་ལ་བསྟེན་ནས་གངས་ལྗོངས་སུ་དར་བའི་མདོ་སྔགས་ཀྱི་ཆོས་བརྒྱུད་ཡོངས་སུ་གསན་གཞེས་གནང་། ལྷག་པར་དུ་རིག་འཛིན་ཀུ་མཱ་རཱ་ཛའི་དྲུང་ནས་གསང་སྔགས་སྔ་འགྱུར་གྱི་གདམས་པ་མཐའ་དག་ཉམས་ཁྲིད་དུ་གསན་ནས་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་མཛད་པ་ལས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གངས་རི་ཐོད་དཀར་དུ་བཞུགས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་ལ་སྙིང་ཐིག་གི་ཆོས་རྒྱ་ཆེར་གསུངས་ཤིང་། ཡང་ཏིག་སྐོར་གསུམ། རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ། མཛོད་བདུན་གྱི་ཕལ་ཆེ་བ་སོགས་གནས་འདི་རུ་བརྩམས་པར་མཛད་ཅིང་། དགོན་གནས་བཏབ་པའི་མིང་ལ་ཨོ་རྒྱན་རྫོང་གནས་ཞེས་བཏགས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགོང་ལོ་ལྔ་བཅུ་ང་དྲུག་ཐོག་བསམ་ཡས་མཆིམས་ཕུ་རུ་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་ལ་ཕུལ་བས﹙སྤྱིན་སྲེག﹚ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པ་དང་རིང་བསྲེལ་གྲངས་མེད་བྱོན། དེ་དག་ནང་རྟེན་དུ་བྱས་ནས་འདྲ་སྐུ་རིན་པོ་ཆེ་ཞིག་བཞེངས་ཤིང་། དེ་གཟུངས་གཞུག་ཏུ་བྱས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཞིག་ཀྱང་གནས་དེ་རུ་བཞེངས་ཡོད། ཞིབ་ཏུ《གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད》ཅེས་པར་གསལ།

          ཁོང་གིས་སྐུ་ཚེ་གང་ལ《མཛོད་བདུན》《ངལ་གསོ་སྐོར་གསུམ》《རང་གྲོལ་སྐོར་གསུམ》《མུན་སེལ་སྐོར་གསུམ》《སྙིང་ཐིག་སྐོར་གསུམ》《ཡང་ཏིག་སྐོར་གསུམ》སོགས་མང་དུ་བརྩམས་པ་དེ་དག་ད་ལྟ་སྡེ་དགེ་པར་ཁང་ཆེན་མོར་བཞུགས། གཞན་ཡང་། ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི《ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན》ཞེས་པའི་ནང་དུ་གསུངས་པ་ལྟར་ན། ཀུན་མཁྱེན་མཆོག་གི་གསུང་རྩོམ་གྲས་སུ་ཕྱིའི་རིག་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ་དང་ནང་གི་རིག་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་བརྒྱ་དང་ཉེར་བརྒྱད། གསང་བའི་རིག་གནས་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ། ཁྱོན་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད་པར་གསུངས།

          ཀུན་མཁྱེན་འདིའི་མཚན་གྱི་རྣམ་གྲངས་ལ་ཀློང་ཆེན་རབ་འབྱམས་དང་། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་པོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ་སོགས་ཡོད། གཞན་ཡང་ཀུན་མཁྱེན་འཇིགས་མེད་དབང་པོའི་གསོལ་འདེབས་སུ་མདོ་ཁམས་པ་འཇིགས་མེད་འཕྲིན་ལས་འོད་ཟེར། རྒྱལ་བའི་མྱུ་གུ། མཁྱེན་བརྩེའི་ལྷ་སོགས་སུའང་འབོད་དོ། །