ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་འཇམ་མགོན་འཛུམ་པའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །

སྤེལ་དུས 2023-10-19 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ། སྙན་དགོན་སྤྲུལ་སྐུ་གསུང་རབ།
  ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། རྒྱལ་བ་མ་ལུས་བསྐྱེད་པའི་ཡབ་གཅིག་པུ། །ཤེས་བྱ་མ་ལུས་མཁྱེན་པའི་ཡེ་ཤེས་གཏེར། །རྒྱལ་སྲས་ཐུ་བོར་ཤར་བའི་འཇམ་མགོན་ལྷ། །བློ་བཟང་རྒྱལ་བའི་ཞབས་པད་གཙུག་གིས་མཆོད། །རིང་ནས་སྲིད་པར་ངལ་བའི་སེམས་ཀྱི་རྒྱུན། །ཀུན་རྟོག་རླུང་གིས་དབང་མེད་འཁྱེར་བ་ནི། །དེང་འདིར་ཁྱོད་ཀྱི་ཞབས་སྐྱེས་ཞི་བའི་ཕྲེང་། །རབ་ཏུ་གསལ་བའི་ངོགས་སུ་ངལ་བསོ་སྨོན། །གང་གང་རྒྱལ་བ་རྣམས་ཀྱི་ཡོན་ཏན་གཏེར། །དེ་དེ་ཁྱོད་ཉིད་ཁོ་ནས་ལྷུར་བཞེས་བཞིན། །ཕུལ་བྱུང་ཡོན་ཏན་རྒྱ་མཚོར་དབང་འབྱོར་བའི། །གསང་གསུམ་རྡོ་རྗེའི་བདག་ཉིད་ཙོང་ཁ་པ། །ཉེས་བྲལ་ཚུལ་ཁྲིམས་མུ་ཁྱུད་ཟླུམ་པོའི་དབུས། །ཏིང་འཛིན་ནོར་བུའི་ལྟེ་བ་ལྷུན་ཆགས་ཤིང་། །ཀུན་རྨོང་མཐར་བྱེད་བློ་གྲོས་རྩིབས་སྟོང་འབར། །བསླབ་གསུམ་འཁོར་ལོའི་དགེ་མཚན་བདག་ལ་སྩོལ། །འཇམ་དབྱངས་ཞལ་གྱི་པདྨོ་ལས་འོངས་བའི། །མདོ་སྔགས་བསྟན་པའི་ཆུ་ཀླུང་བྱེ་བ་བརྒྱ། །ཁྱོད་ཐུགས་ཟེའུ་འབྲུར་གསར་དུ་སིམ་པའི་ཚུལ། །སྟོན་མཛད་མཁྱེན་པའི་གཏེར་ཆེན་ཙོང་ཁ་པ། །མཐའ་ཡས་མ་གྱུར་འགྲོ་བ་རྒྱ་མཚོ་ལ། །གནས་མཐར་ཕན་བདེའི་ལེགས་ ཚོགས་སྦྱིན་པའི་གཉེན། །ཐེག་མཆོག་བསྟན་པའི་འོད་ཟེར་འབུམ་སྤྲོ་བའི། །བྱང་ཆུབ་སེམས་ཀྱི་ནོར་བུ་བདག་ལ་སྩོལ། །གང་གི་ཐུགས་རྗེའི་མཁའ་དབྱིངས་ལས་འཕོས་པའི། །ལེགས་བཤད་སྤྲིན་གྱི་ང་རོ་སྒྲོགས་པ་དང་། །ལྷན་གཅིག་སྐལ་བཟང་གདུལ་བྱའི་འཛིན་མ་རུ། །ངེས་དོན་ལོ་ཏོག་བསྐྲུན་པའི་ཙོང་ཁ་པ། །ལྔ་རིག་འབྱེད་པའི་རྣམ་དཔྱོད་རི་དྭགས་མིག །འཁྲུལ་བའི་སྐྱོན་དང་བྲལ་བའི་དྲི་ཟའི་གླུ། །མཉམ་རྫོགས་དྲན་དབང་གཞོན་ནུའི་ཡིད་འཕྲོགས་པའི། །རབ་གསལ་བློ་གྲོས་བཙུན་མོ་བདག་ལ་སྩོལ། །རྒྱལ་བའི་མཛད་པ་རྒྱ་མཚོའི་ནང་ནས་ཀྱང་། །ཕུལ་བྱུང་གསུང་རབ་སྙིང་པོ་ཤེར་ཕྱིན་ལུང་། །སྟོང་དང་རྟེན་འབྲེལ་དབྱེར་མེད་བཀྲལ་བ་ཡི། །ཀླུ་སྒྲུབ་གཉིས་པ་འཇམ་མགོན་ཙོང་ཁ་པ། །འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ལུགས་བཟང་གི །ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་མི་འཇིགས་ཤིང་། །བཤད་སྒྲུབ་ཟུང་འབྲེལ་སྤེལ་ལ་ཟླ་བྲལ་བའི། །ཕུལ་བྱུང་སྤོབ་པའི་བློན་པོ་བདག་ལ་སྩོལ། །བྱམས་མགོན་ཐུགས་ཀྱི་སྤྲིན་གྱི་ལྡིང་ཁང་ལས། །འོངས་པའི་ཐེག་མཆོག་བདུད་རྩིའི་ཞལ་ལུང་ནི། །གངས་ཅན་འདི་ན་ཆེས་ཆེར་གསལ་བྱེད་པའི། །ཐོགས་མེད་གཉིས་པ་འཇམ་མགོན་ཙོང་ཁ་པ། །ལུང་དང་རིགས་པའི་ལུས་རྩལ་རབ་རྫོགས་པས། །འཇམ་མགོན་བསྟན་པའི་ཁུར་ཆེན་འདེགས་བཟོད་ཅིང་། །ལོག་སྨྲ་འདམ་བུའི་དགའ་ཚལ་འཇོམས་མཁས་པའི། །ཕུལ་བྱུང་སྙིང་སྟོབས་གླང་པོ་བདག་ལ་སྩོལ། །གངས་རིའི་ཁྲོད་འདིར་རྙོག་བྲལ་བསྟན་པའི་མཚོ། །བཤད་སྒྲུབ་ཟུང་དུ་འབྲེལ་བའི་འཛུམ་དཀར་ཅན། །འབེབས་མཛད་རྒྱལ་སྲས་ཚུལ་འཛིན་ཛ་ཧུ་ན། །བསྟན་པའི་བདག་པོ་འཇམ་མགོན་ཙོང་ཁ་པ། །བསྟན་འགྲོའི་དོན་དུ་ངལ་བ་བཟོད་པའི་ལུས། །གང་ཡང་བསྒྲོད་ནུས་ཕ་རོལ་སེམས་ཤེས་པས། །ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་སྐྱོང་བའི་གྲོགས། །བསྟན་འཛིན་ཨ་ཤྭ་རཏྣ་བདག་ལ་སྩོལ། །ཕ་རོལ་ཕྱིན་པའི་ལམ་གྱི་གཞི་བཟུང་ནས། །རིམ་གཉིས་བདུད་རྩིའི་གསང་ལམ་ཟབ་མོ་ཡིས། །སྙིགས་དུས་ཚེ་འདིར་ཟུང་འཇུག་འགྲུབ་པའི་ལམ། །གསལ་མཛད་རྡོ་རྗེ་འཆང་དབང་ཙོང་ཁ་པ། །དམུ་རྒོད་སྙིགས་མ་ལྔ་ཡི་བདུད་ཀྱི་དཔུང་། །མ་ལུས་མིང་ཙམ་མེད་པར་སྲིད་པ་འདིར། །མཐར་བྱེད་གསང་ཆེན་ལམ་གྱི་རྣལ་འབྱོར་གཙོ། །རིམ་གཉིས་དམག་དཔོན་བརྗིད་ལྡན་བདག་ལ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །གསང་གསུམ་འཕྲིན་ལས་བདུད་རྩིའི་ཆར་རྒྱུན་གྱིས། །སྐྱེ་བ་ཀུན་ཏུ་བདག་ཡིད་མཛེས་གྱུར་ཅིག །ལུང་དང་རིགས་པའི་སྤྲས་པའི་མདོ་སྔགས་ཆོས། །རྒྱ་ཆེར་རྟོགས་པའི་གཡུ་རལ་དུད་པ་ཡིས། །ཀུན་བཟང་ཞིང་དུ་མདོ་རྒྱུད་དམ་པའི་གཏེར། །འབྱེད་པའི་མི་ཡི་སེང་གེར་བདག་གྱུར་ཅིག །ཁྱད་པར་འཁྲུལ་བའི་དྲི་མ་ཀུན་བྲལ་བའི། །འཇམ་མགོན་བསྟན་པའི་ཉི་མ་འོད་པོ་ཆེ། །སྲིད་ཞིའི་གཙུག་གི་རྒྱན་དུ་འགོད་པ་ལ། །རྒྱལ་བ་གཉིས་པ་ཇི་བཞིན་བདག་གྱུར་ཅིག །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་པར་དག །གཞན་དོན་སྐྱོ་མེད་བཟོད་པའི་གོ་ཆ་བརྟན། །འཆད་རྩོད་རྩོམ་པའི་ཡོན་ཏན་གཏེར་བརྙེས་པའི། །རྒྱལ་རྣམས་དགྱེས་པའི་སྲས་སུ་བདག་གྱུར་ཅིག། །མཐའ་ཡས་སྐྱེ་དགུ་རྒྱ་མཚོ་སྒྲོལ་བའི་ཕྱིར། །སྨིན་གྲོལ་ཆོས་ཀྱི་སྦྲང་རྩི་འཐུང་བ་ཡི། །ཐབས་ཤེས་དབྱེར་མེད་ལམ་གྱི་ལུས་རྫོགས་ནས། །ཀུན་མཁྱེན་ཆོས་ཀྱི་ཉི་མར་མཇལ་གྱུར་ཅིག ། ཅེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་འཇམ་མགོན་འཛུམ་པའི་འོད་ཟེར་ཞེས་བྱ་བ་འདི་ནི། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ༧བློ་བཟང་མཁས་བཙུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་ཞབས་པད་ལ་གུས་པས་གཏུགས་པའི་བན་ཆུང་རིགས་པ་སྨྲ་བ་ཚངས་སྲས་སྙེམས་པའི་སྡེས་རང་ལོ་ཉི་ཤུ་བ་ཆུ་ཁྱི་ཟླ་བའི་དམར་ཕྱོགས་མགོན་པོ་གང་དེ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའི་དུས་ཚེས་དགེ་བར་བྲིས་པ་སིདྡྷི་རསྟུ།