གླིང་འདི་ནི། དཀར་བརྗིད་ཞང་གི་མངའ་ཁོངས། སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་དུ་གྲགས་པ་དཀར་ཕྱོགས་སྐྱོང་བའི་གཞི་བདག་ གཉན་པོ་རྒོད་རྩེའི་ཉེ་འདབས། རྒྱལ་མོ་རིའི་ཞོལ། གཞི་བདག་ལྡོང་རི་མཐོན་པོ་ནི་རྒྱབ་རིའི་ཚུལ་དུ་བརྗིད་ཅིང་ལྷུན་ཆགས་པ། ཕྱོགས་མཚམས་ཀུན་ཏུ་བཀྲ་ཤིས་བའི་ས་དཔྱད་ཕུན་སུམ་ཚོགས་པ་དུ་མས་ཡོངས་སུ་བསྐོར། དགེ་བཅུའི་དཔལ་ཚང་བའི་གནས་མཆོད་རྟེན་སྐེ་ཟེར་བའི་སར་ ཆགས། སྔ་མོ་ནས་ཡུལ་འདིའི་ལྷོ་ནུབ་མཚམས་སུ་བྱང་ཆུབ་མཆོད་རྟེན་དང་། དབྱེན་སྡུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། བྱང་ཤར་མཚམས་ སུ་དུས་འཁོར་མཆོད་རྟེན། ནུབ་ཕྱོགས་སུ་དཀར་བརྗིད་སྒར་བའི་བྱང་ཆུབ་མཆོད་རྟེན་སོགས་ཡོད་པ་དེར་གཞིགས་ནས་མིང་ལ་མཆོད་རྟེན་སྐེ་ཟེར་ཞིང་། ཕྱིས་དགོན་པའི་མཚན་ལའང་དེ་ལྟར་ཐོགས། དགོན་འདིའི་ཕྱག་སྲོལ་ཕལ་ཆེར་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་དང་མཐུན་ལ། ཆོས་སྡེ་འདིའི་ཐོག་མའི་མ་དགོན་བཀྲ་ཤིས་ཆོས་གླིང་ནི། ནེའུ་ལུང་སྐུ་ཐོག་གོང་མས་རབ་བྱུང་བཅུ་བའི་དཀྱིལ་ཙམ་ལ་ཚེ་འགུའི་ཀླུ་ཐོ་ཤར་ནས་ས་བསླངས་ཏེ་བརྟག་དཔྱད་སོགས་ཀྱི་ཕྱག་ལེན་བཞིན། ཐོག་མར་ས་འཛིན་དུ་བྱམས་ཁང་ཞིག་དང་རིམ་པས་འདུ་ཁང་སོགས་རྟེན་བརྟེན་པ་བཅས་གསར་དུ་བཞེངས་ཤིང་བཀྲ་ཤིས་ཆོས་གླིང་ཞེས་མཚན་གསོལ།
ཕྱིས་རབ་བྱུང་བཅུ་གཉིས་པའི་སྒང་ཙམ་ལ་ནེའུ་ལུང་སྐུ་ཕྲེང་གསུམ་པ་ངག་དབང་ཚུལ་ཁྲིམས་རྒྱ་མཚོས་བཀྲ་ཤིས་ཆོས་གླིང་དགོན་འདི་སྒོ་མེ་གྲགས་པ་རྒྱ་མཚོར་ཕུལ། དེ་ནས་སྒོ་མེ་གྲགས་པ་རྒྱ་མཚོས་རབ་ཉི་ས་གླང་ཕྱི་ལོ་༡༧༠༩ལོར་རྐྱེན་འགའ་ཞིག་གི་དབང་གིས་ད་ལྟའི་གནས་འདིར་སྤོར་ནས་དགོན་པ་གསར་ཏུ་བཏབ་ཅེས་གྲགས། ཁོང་གིས་མཐུན་རྐྱེན་གང་ཡོད་སྦྱར་ནས་དགོན་པ་གསར་བསྐྲུན་གྱི་སྐོར་ལ་བཀའ་བཀོད་གནང་སྟེ་འདུ་ཁང་དང་ལྷ་ཁང་སོགས་རྟེན་བརྟེན་པ་གསར་བཞེངས་མཛད་དེ་མཚན་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཞེས་གསོལ། དུས་དེར་སྒོ་མེ་གྲགས་པ་རྒྱ་མཚོ་ཞེས་མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཤིང་། ཁོང་གིས་སྒོ་མེ་གོང་འོག་བར་གསུམ་གྱི་གྲྭ་རྒྱུན་བསྡུས་ཏེ་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ཙམ་བཞུགས་སྐད། རྒྱུད་སྡེའི་སྒྲུབ་མཆོད་དང་མཚན་ཉིད་གསར་དུ་བཙུགས། ཆོས་གྲྭར་འགྲིམ་མཁན་རྣམས་ལ་དཔེ་ཁྲིད་དང་རྒྱུགས་རྩིས་བཞག་འཛིན་སྐྱོར་སྦྱོང་སོགས་ལ་རྟིང་སྐུལ་མཛད་དེ། འཆད་ཉན་ཡར་ངོས་ཟླ་བཞིན་འཕེལ་ཞིང་རྒྱས་པར་གནས།
ཕྱིས་ལོ་བརྒྱ་ཙམ་གྱི་རྗེས་སུ་མགོན་ཀྱཱ་སྐུ་ཕྲེང་བཞི་བ་ཆོས་བསྟན་འཛིན་རྒྱ་མཚོ་རབ་ཡིད་ཆུ་སྤྲེལ་ཕྱི་ལོ་༡༨༡༢ ལོར་སྐུ་འབུམ་ཁྲིར་བཞུགས་ནས་རིང་བོ་མ་ལོན་པར་དགོན་པ་གྲོང་དང་རྒྱང་ཐག་རིང་སར་གནས་སྤོར་རྒྱུའི་ཐུགས་འདུན་གནང་སྟེ་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་རྒོད་རྩེ་རྫ་འདབས་སུ་གནས་སྤོས། འདུ་ཁང་དང་ཇོ་ཁང་སོགས་རྟེན་བརྟེན་པ་གསར་བསྐྲུན་དང་། རྗེ་ཀརྨ་རོལ་བའི་རྡོ་རྗེས་བཞེངས་པའི་བདེ་མཆོག་གི་སྐུ་ཁྱད་འཕགས་བྱིན་རླབས་ཀྱི་གཟི་འོད་འབར་བ་ཅན་གཙོས་རྟེན་མང་ཙམ་བཞེངས། ཚུལ་དེ་དག་ལ་དཔག་ན་དུས་དེར་དགོན་པ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་འདུག རབ་ཚེས་ལྕགས་ལུག་ཕྱི་ལོ་༡༨༧༡ ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ཉིན་ཟི་ལིང་ལྷོ་སའི་ཇག་དམག་སྟོང་ལྔ་དྲུག་ཙམ་རི་འགོར་བུད་ནས་མི་སེར་རྣམས་དང་ལྷག་པར་དུ་དགོན་པ་འདི་ལ་ཡ་ང་བའི་འཕྲོག་བཅོམ་བྱས་རྐྱེན། རིན་ཐང་ཆེ་བའི་དངོས་རྫས་རྣམས་ཁྱེར་བར་མ་ཟད། མཆོད་ཆ་དང་མཆོད་རྫས་སྐུ་འདྲ་རྣམས་གཏོར་བཅོམ། འདུ་ཁང་དང་སྒར་བ་གྲྭ་ཤག་སོགས་དགོན་པའི་བཟོ་སྐྲུན་ཚང་མ་མེད་པར་བཟོས། ད་ལྟའང་སྒོ་རྩེ་རི་འདབས་སུ་དགོན་པ་རྙིང་བ་ཟེར་བའི་ཤུལ་ཞིག་ཡོད་པ་དེ་སྔར་གྱི་དགོན་ཤུལ་ཡིན། གནས་དེར་ལོ་ངོ་ལྔ་ཅུ་ཙམ་ལ་ཆགས་རྗེས། མགོན་ཀྱཱ་སྐུ་ཕྲེང་ལྔ་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རིང་ལ་རྒོལ་རྩེ་རྫ་འདབས་ནས་རྒྱལ་མོ་རིའི་ཞོལ་མཆོད་རྟེན་སྐེ་ལ་སྤོས། འདུ་ཁང་དང་བྱམས་ཁང་སོགས་རྟེན་བརྟེན་པ་རིམ་པས་གསར་བཞེངས་ཀྱིས་དགོན་པ་ཉམས་གསོ་རྒྱ་ཆེར་གནང་སྟེ་སྔར་བཞིན་སོར་ཆུད་པ་བྱུང་། རྗེ་འདིའི་སྐུ་རིང་ལ་སྒོ་མངས་ཡིག་ཆའི་སྟེང་ནས་འཆད་ཉན་བསྐྱངས་ཏེ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱིས་ཆོས་སྡེ་སྐྱོང་ཁུར་གཞན་ལས་ཆེ་བར་མཛད། དུས་དེར་འདུས་ཚོགས་རྒྱས་ཤིང་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྷག་བཞུགས་པ་ལ། མཉྫུའི་གོང་མ་སྲིད་གསལ་རིང་གྲྭ་པ་སུམ་བརྒྱ་ལ་ལོ་རེར་དངུལ་ཕོགས་དོང་ཙེ་སུམ་བརྒྱ་རེ་གནང་། དེ་དག་ཟི་ན་ནང་སོ་ཚང་ ནས་ལོ་རེར་སྟེར་དགོས་པའི་སྲོལ་བྱུང་བ་ཕྱིས་སྲོལ་དེ་དག་རིམ་པས་ཉམས། དགོན་གནས་སྤོ་ཐེངས་གསུམ་པ་ནས་བཟུང་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་བར་གཏན་ཆགས་སུ་གནས་སོ། །
བླ་མ་མཁན་ཁྲི་རིམ་བྱོན་དང་བསྟན་འཛིན་གྱི་སྐྱེས་ཆེན་དག་གིས་བསྟན་པའི་བྱ་བ་མཛད་ཚུལ་ནི། མགོན་ཀྱཱ་སྐུ་ཕྲེང་དང་པོ། སྐུ་འབུམ་ཁྲི་ཆེན་བཞི་བ་འཕན་པོ་ཤེས་རབ་དཔལ་བཟང་ནི། མགོན་ཀྱཱ་སྐུ་ཐོག་དང་པོར་བགྲང་དགོས་ལ། དམ་པ་འདི་ཉིད་ལྷ་སའི་འཕན་པོའི་ཡུལ་དུ་འཁྲུངས་ཤིང་དབུས་སུ་ཐུགས་གཉེར་གནང་། མདོ་སྨད་དུ་ཕེབས་ནས་རབ་སོར་ཆུ་ཕག་ཕྱི་ལོ་༡༦༢༣ལོར་སྐུ་འབུམ་ཁྲི་ཆེན་ལ་བཞུགས། རབ་དྲག་ས་སྦྲུལ་ཕྱི་ལོ་༡༦༢༩ལོར་ཁོང་གིས་མཐུན་རྐྱེན་སྦྱར་ཏེ་སྐུ་འབུམ་དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་ཆེན་མོ་གསར་བཞེངས་མཛད། འདི་བའི་ལོ་རྒྱུས་རྣམས་ཞིབ་པར་མི་གསལ་ཡང་ཁོང་ནི་བླ་མ་མཛད་རྗེས་ཅན་ཞིག་ཡིན་ནོ། །
སྐུ་ཕྲེང་གཉིས་པ། སྐུ་འབུམ་རྒྱུད་པའི་ཁྲི་རབས་བཅུ་གཉིས་པ་སྨྲ་བའི་ཁྱུ་མཆོག་སྒོ་མེ་གྲགས་པ་རྒྱ་མཚོ་ནི། ཁྲི་ཀའི་ཧོར་ཀྱཱར་འཁྲུངས། ཁོང་དབུས་སུ་ཕེབས་ནས་འབྲས་སྒོ་མངས་གྲྭ་ཚང་དུ་ཞུགས། བཀའ་པོད་ཀྱི་གཞུང་ལ་ཐུགས་གཉེར་རྡོ་རུས་ཐུག་པ་གནང་། དུས་ཐོག་དེར་ཁོང་སྒོ་མངས་དགེ་བཤེས་ཆེ་གྲས་ཡིན་པར་མ་ཟད། སྨྲ་ངན་ཚར་གཅོད་པ་ལ་རྣམ་དཔྱོད་མཆོག་ཏུ་ཡངས་པའི་གྲགས་པ་ཕྱོགས་སུ་རྒྱས། ༧རྒྱལ་དབང་མཆོག་གིས་ཕྱིས་བཀའ་ཤོག་དང་གདུགས་དར་སོགས་གནང་། ཕྱིས་མདོ་སྨད་དུ་ཕེབས་ཏེ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཞབས་ལ་གཏུགས་ནས་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་འབད། རབ་ཉི་མེ་གླང་ཕྱི་ལོ་༡༦༩༧ལོར་སླར་ཡང་དབུས་སུ་ཕེབས་ནས་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་བཤེས་གཉེན་དུ་མ་བསྟེན་ནས་ཆོས་བཀའ་མང་དུ་གསན། སླར་མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་རྒྱུད་པའི་བླ་མ་དབུ་མཛད་དང་རྒྱུད་པའི་ཁྲིར་བཞུགས་ནས་འགྲིག་ཀུན་སྤྱོད་སོགས་ལ་སྐྱོང་བཀུར་སྔར་ལས་ལྷག་པ་མཛད། ནེའུ་ལུང་ངག་དབང་ཚུལ་ཁྲིམས་རྒྱ་མཚོས་དགོན་རྙིང་བཀྲ་ཤིས་ཆོས་གླིང་བ་ཕྱིས་ཕྱི་ལོ་༡༧༠༩ལོར་རྒྱལ་མོ་རིའི་ཞོལ་ད་ལྟའི་གནས་འདིར་སྤོར་ནས་འཆད་ཉན་ཡར་རྒྱས་སུ་བསྐྱངས། དེ་ལྟར་ཁོང་གི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་ནས་མཐར་རབ་ཉི་ས་བྱ་ཕྱི་ལོ་༡༧༢༩ལོར་སྐུའི་བཀོད་པ་བསྡུས་སོ། །
སྐུ་ཕྲེང་གསུམ་པ། སྐུ་འབུམ་ཁྲི་ཆེན་སོ་གཅིག་པ་མགོན་ཀྱཱ་གྲགས་པ་རྒྱལ་མཚན་ནི། རབ་ཉི་ལྕགས་ཁྱི་ཕྱི་ལོ་༡༧༣༠ལོར་མགོན་ཀྱི་སྡེ་ཁྲོད་དུ་འཁྲུངས། འདི་ནས་བཟུང་འཁྲུངས་ཡུལ་གྱི་མིང་བླ་མར་ཐོགས་ཏེ་སྐུ་ཕྲེང་ཕྱི་མ་རིམ་བྱོན་ལ་མགོན་ཀྱཱ་ཚང་ཞེས་མཚན་འབྱོར། ཁོང་ཉིད་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་བཀའ་པོད་ཀྱི་གཞུང་ལ་གསན་སྦྱོང་མཐིལ་ཕྱིན་མཛད། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་ལས་ཆོས་རྒྱུན་མང་དུ་གསན། རྒྱུད་པའི་ཁྲིར་བཞུགས་སྐབས་རྒྱུད་པའི་འདུ་ཁང་ཀ་བ་དྲུག་ཅུ་སྒོ་སྦྱོར་དང་བཅས་པ་གསར་དུ་གཞེངས། ས་བྱི་ལོར་སྐུ་འབུམ་ཁྲི་ཆེན་ལ་བཞུགས། དགོན་པའི་བྱང་ངོས་ཀྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་ཞིག་གསོ་མཛད་པ་སོགས་ཀྱི་མཛད་སྐྱོང་གང་ལེགས་གནང་། དགུང་ལོ་ཞེ་བརྒྱད་པ་རབ་འདོད་མེ་བྱ་ཕྱི་ལོ་༡༧༧༧གཟུགས་སྐུའི་བཀོད་པ་བསྡུས་སོ། །
སྐུ་ཕྲེང་བཞི་བ་མགོན་ཀྱཱ་ཆོས་བསྟན་འཛིན་རྒྱ་མཚོ་ནི། རབ་འདོད་ས་ཁྱི་ལོར་ཆུ་བཟང་དགོན་པའི་ཉེ་འདབས་སུ་འཁྲུངས། དགུང་ལོ་བདུན་པར་ཆུ་བཟང་གོང་མ་ལས་རབ་ཏུ་བྱུང་། ཉེར་གཉིས་པར་ཨ་རིག་དགེ་བཤེས་ཆེན་མོ་ལས་བསྙེན་པར་རྫོགས། བཀྲ་ཤིས་འཁྱིལ་དུ་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་ལས་བཀའ་འགྱུར་གྱི་ལུང་གསན། དབུས་སུ་ཕེབས་ཏེ་འབྲས་སྒོ་མངས་གྲྭ་ཚང་དུ་མདུང་ནག་ཞབས་དྲུང་ངག་དབང་བློ་གསལ་རྒྱ་མཚོའི་དྲུང་ནས་བཀའ་པོད་ཀྱི་གཞུང་ལ་གསན་སྦྱོང་མཐིལ་ཕྱིན་མཛད། ཕྱིས་མདོ་སྨད་དུ་ཕེབས། མེ་སྟག་ལོར་སྐུ་འབུམ་རྒྱུད་པའི་ཁྲིར་བཞུགས། རབ་ཡིད་ཆུ་སྤྲེལ་ལོར་ཁྲི་ཆེན་ལ་བཞུགས། ཟི་ན་མཁན་ཆེན་བློ་བཟང་དར་རྒྱས་སོགས་དམ་པ་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན་ནས་དབང་ལུང་མན་ངག་ཟབ་ཁྲིད་ཡོངས་སུ་རྫོགས་པར་མནོས། འདི་བའི་སྐུ་རིང་ལ་ཆོས་སྡེ་འདི་ཉིད་རྒོད་རྩེ་བྲག་རྩར་སྤོས། ཁོང་བཀའ་གདམས་རྣམ་ཐར་གཙང་མ་ལྷུར་བཞེས་ཏེ་དབེན་པའི་གནས་སུ་སྒྲུབ་པ་སྙིང་བོར་མཛད་པ་ཞིག་ཡིན། དེ་ལྟར་སྐུ་ཚེ་དེ་ལ་ཆོས་སྲིད་ཀྱི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་ནས་མཐར་རབ་བྱུང་བཅུ་བཞི་བའི་མེ་བྱ་ཕྱི་ལོ་༡༨༣༧ལོར་དགུང་གྲངས་དྲུག་ཅུའི་སྟེང་ངོ་མཚར་བའི་ལྟས་དང་བཅས་ཞི་བར་གཤེགས་སོ། །
སྐུ་ཕྲེང་ལྔ་བ། སྐུ་འབུམ་ཁྲི་ཆེན་ང་དགུ་བ་མགོན་ཀྱཱ་བློ་བཟང་ཚུལ་ཁྲིམས་བསམ་གཏན་རྒྱ་མཚོ་ནི། རབ་ཡིད་ས་ཕག་ཕྱི་ལོ་༡༨༣༩ལོར་སྒོ་མེ་དཀར་བརྗིད་དཔོན་ཚང་དུ་འཁྲུངས། རྗེ་གསེར་ཁང་བས་ལུང་བསྟན་འཁྲུལ་མེད་བསྩལ་བ་ལྟར་ཡང་སྤྲུལ་དུ་ངོས་བཟུང་། དགུང་ལོ་ལྔའི་སྟེང་རང་དགོན་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་གདན་སར་བཀོད། དགུང་ལོ་བཅུ་བཞི་བར་སྐུ་འབུམ་ཆོས་གྲྭར་ཞུགས་ཏེ་ཚོགས་ཆེན་ལ་མང་ཇ་སྐུ་འགྱེད་སོགས་ཀྱིས་བསྙེན་བཀུར་གང་ལེགས་ཞུས། ཡོངས་འཛིན་རྡོ་རྗེ་འཆང་དང་ཧོར་ལྡིང་སྒོམ་ཆེན་པ་རྣམ་གཉིས་ཀྱི་ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་དབུ་མ་སོགས་ལ་སྦྱོང་བ་མཐིལ་ཕྱིན་མཛད། སྐྱབས་རྗེ་ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ཀྱི་མདུན་ནས་སྡོམ་པ་རིམ་གྱིས་བཞེས་ཏེ་འདུལ་བའི་བཅས་མཚམས་མཐའ་དག་ཚུལ་བཞིན་བསྲུངས། ཉེར་གཉིས་པ་ལྕགས་སྤྲེལ་ལོར་སྨན་པ་གྲྭ་ཚང་གི་ཁྲིར་བཞུགས། ཉེར་དྲུག་པ་ཤིང་བྱི་ལོར་ཁྲིར་ཆེན་ལ་བཞུགས་ཏེ་འགྲིག་ལམ་དང་འཆད་ཉན་ལྷོད་མེད་སྒོས་གཏོང་སྒོ་དང་སྐྱོང་བཀུར་གང་ལེགས་གནང་། ཁྲི་ཟུར་ནས་རང་དགོན་མཆོད་རྟེན་སྐེ་རུ་གཏན་བཞུགས་མཛད། འདི་བའི་སྐུ་རིང་ལ་དགེ་འདུན་སུམ་བརྒྱ་ལྷག་བཞུགས་པ་དང་དེ་དག་ལ་གོང་མའི་མཛོད་ནས་ཕོགས་གནང་བ་སོགས་གོང་དུ་གསལ། སྒོ་མངས་ཡིག་ཆའི་སྟེང་ནས་འཆད་ཉན་གྱི་ཕྱོགས་ལ་ལྟ་སྐུལ་གང་ལེགས་གནང་། དེ་ནས་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་བསྐྱོད་གནང་སྟེ་༧གོང་ས་རྒྱལ་བ་ཡབ་སྲས་དང་ཇོ་ཤཱཀྱ་རྣམ་གཉིས། གདན་ས་གསུམ་སོགས་ཀྱི་རྟེན་ཁྱད་འཕགས་རྣམས་ལ་མཆོད་མཇལ་དང་ཕྱག་རྫས་ཀྱི་བབས་དང་བསྟུན་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ནས་ཕྱིར་རང་དགོན་དུ་ཕེབས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་དང་། ཕྱག་བསྐོར་མཆོད་འབུལ་སོགས་དགེ་སྦྱོར་གྱི་རིམ་པ་ལ་དུས་སྐད་ཅིག་ཙམ་ཡང་མི་འདའ་བར་བཞུགས། རབ་ཚེས་ལྕགས་ལུག་ལོར་དགོན་པ་ཇག་དམག་གིས་གཏོར་རྗེས་སླར་ཡང་ད་ལྟའི་གནས་འདིར་སྤོར། མཐར་དགུང་གྲངས་སོ་བརྒྱད་པ་རབ་ཚེས་མེ་བྱི་ཕྱི་ལོ་༡༨༧༦ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་ཏོ། །
སྐུ་ཕྲེང་དྲུག་པ། སྐུ་འབུམ་ཁྲི་ཆེན་དོན་ལྔ་བ་བློ་བཟང་ཐུབ་བསྟན་རྒྱ་མཚོའམ་ཚུལ་ཁྲིམས་རྒྱ་མཚོ་ནི། རབ་ཚེས་ས་སྟག་ཕྱི་ལོ་༡༨༧༨ལོར་སྒོ་མེ་ཚོ་བཞིའི་ནང་ཚན་ཨར་སྐོང་སྡེ་རུ་སྐུ་འཁྲུངས། སྐྱབས་རྗེ་རྡོ་རྗེ་འཆང་གི་བཀའ་ལུང་ལྟར་སྐུ་གོང་མའི་ཡང་སྤྲུལ་དུ་ཐག་བཅད། དགུང་ལོ་ལྔའི་སྟེང་ཆོས་སྡེ་འདིའི་བླ་སྤྱི་སྒར་བ་ཁག་དང་། ཆུ་བཟང་དགོན་པ་སོགས་ཕྱོགས་འདུས་ཀྱི་བསུ་མ་དང་བཅས་རང་སྒར་དུ་གདན་དྲངས་ཏེ་ཁྲི་འདོན་གྱི་དགའ་སྟོན་རྒྱས་པར་ཞུས། དགུང་ལོ་བདུན་པ་ལ་རྒོད་རྩེ་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་དུ་རྗེ་འཇིགས་མེད་བསམ་གཏན་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། བཤེས་གཉེན་བློ་བཟང་བརྩོན་འགྲུས་ལས་འབྲི་ཀློག་དང་ལྕང་ར་དགེ་བཤེས་བྱང་ཆུབ་དར་རྒྱས་ལས་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་མཛུབ་ཁྲིད་བརྒལ་ལན་གྱི་གསན་སྦྱོང་མཛད། བཅུ་དྲུག་པ་ལ་གདན་ས་ཆེན་མོ་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་བླ་སྤྱི་སྒར་བཅས་ཀྱིས་བསུ་སྦྲེང་དང་བཅས་སྐུ་འབུམ་རང་སྒར་དུ་གདན་དྲངས། ཧོར་དགེ་རབ་འབྱམས་པ་ངག་དབང་བློ་གྲོས་ཡོངས་འཛིན་དུ་བསྟེན་ནས་འདི་ཉིད་ཀྱི་ཆོས་གྲྭར་ཞུགས་ཏེ་ཚོགས་ཆེན་ལ་མང་ཇ་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་ཞུས་ཏེ་ཐོས་བསམ་གང་ལེགས་མཛད། དགུང་ལོ་ཉི་ཤུ་བར་རོང་བོར་ཕེབས་ནས་སྐྱབས་རྗེ་རྫོང་དཀར་རྡོ་རྗེ་འཆང་གི་མདུན་ནས་བསྙེན་པར་རྫོགས། དེ་ནས་མ་འགྱངས་པར་སྐུ་འབུམ་ཁྲི་ཆེན་ལ་བཞུགས། འགྲིག་ལམ་ཀུན་སྤྱོད་སོགས་འཆད་ཉན་ཡར་ལྡན་དུ་བསྐྱངས། ཁྲི་ཟུར་ནས་རང་དགོན་མཆོད་རྟེན་སྐེའི་ཁྲིར་བཞུགས་ནས་ཆོས་སྲིད་ཟུང་འབྲེལ་གྱིས་འཛིན་སྐྱོང་གང་ལེགས་མཛད། སྨད་སོག་ཏུ་སྔ་ཕྱི་ལན་གསུམ་དང་། པེ་ཅིང་དུ་ལན་གཅིག་ཙམ་ཕེབས་ནས་ལི་སྐུ་དང་གསེར་ཟངས་ཀྱི་གཉྫི་ར། གདུགས་རྒྱལ་མཚན་མཆོད་ཆ་མང་པོ་དང་གྲལ་གདན་སོགས་སྤྱི་འཇོག་ལ་ཕུལ་བ་མ་ཟད། ཁོང་གིས་ཞལ་བཀོད་དང་མཐུན་རྐྱེན་གང་ཡོད་སྦྱར་ཏེ་ཚོགས་ཆེན་འདུ་ཁང་ཀ་རིང་བརྒྱད་ཀྱིས་བཏེགས་པའི་སྟེང་འོག་ཁྱམས་རྭ་དང་བཅས་བསྡོམས་པས་ཁང་མིག་གྱན་བརྒྱ་དང་ང་བདུན་ཙམ་ཞིག་གསོ་མཛད་པ་ད་ལྟའི་འདུ་ཁང་འདི་ཡིན། སྐབས་དེར་དགོན་པ་བ་དང་སྔགས་པ་ རྣམས་ཅུང་མ་མཐུན་པའི་གླེང་ཕྱོགས་ལོ་དུ་མར་སོང་བ་རིམ་གྱིས་ཕན་ཚུན་འགྲིག་མཐུན་བྱུང་བའང་དམ་པ་འདིའི་ཐུགས་རྗེ་དང་འཕྲིན་ལས་ཡིན་པ་གོར་མ་ཆག དགུང་གྲངས་ཉེར་ལྔ་བ་ཆུ་སྟག་ལོར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས་ནས་གདན་ས་སེར་འབྲས་དགའ་གསུམ་དང་གནས་ཆེན་ཁག་དུ་མར་མཆོད་མཇལ་དང་བསྙེན་བཀུར་གང་ལེགས་ཞུས། ཕྱིར་གདན་སར་ཕེབས་ནས་གཙོ་བོར་ཚོགས་བསགས་སྒྲིབ་སྦྱོང་དང་ཐུགས་དམ་ཉམས་ལེན་ལ་བརྩོན་པའི་ངོས་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་དགོན་གནས་འདི་ཡུན་རིང་དུ་བསྐྱངས་པའི་བཀའ་དྲིན་བླ་ལྷག་ཏུ་ཆེའོ། དེ་ལྟར་ཁོང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་ནས་དགུང་གྲངས་རེ་ལྔ་བ་རབ་རྒྱལ་ཆུ་ལུག་ཕྱི་ལོ་༡༩༤༣ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །
སྐུ་ཕྲེང་བདུན་པ། མགོན་ཀྱཱ་དགེ་འདུན་ཕུན་ཚོགས་རྒྱ་མཚོ་ནི། རབ་རྒྱལ་ཤིང་སྤྲེལ་ཕྱི་ལོ་༡༩༤༤ལོར་སྒོ་མེ་གཡུ་རྩར་སྐུ་འཁྲུངས། རང་དགོན་མཆོད་རྟེན་སྐེ་དགོན་པའི་བླ་སྤྱི་ཐུན་མོང་ནས་རྟ་བསུ་ཇ་ཐབ་སེར་སྦྲེང་བཅས་ཀྱིས་གདན་སར་བཀོད། དགུང་ལོ་བཅུ་གསུམ་ཐོག་སྐུ་འབུམ་བླ་སྤྱི་སྒར་ཁག་རྣམས་ནས་རྟ་ཐབ་ཀྱིས་བསུ་མ་དང་བཅས་སྐུ་འབུམ་རང་སྒར་དུ་ཕེབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ལོ་ངོ་གསུམ་གྱི་རིང་ལ་བསྡུས་གཞུང་ལ་གསན་སྦྱོང་མཛད། རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ ལོར་སྤྱི་ཚོགས་སྒྱུར་བཅོས་ཁྲོད་ཀྱིས་རང་ཡུལ་དུ་ཕེབས་དགོས་བྱུང་། དེ་ནས་ཁོང་གིས་རང་སྟོབས་ཀྱིས་རིག་གནས་དང་བོད་ཀྱི་གསོ་རིག་ལ་སྦྱོང་བ་གང་ལེགས་མཛད་དེ་ད་ལྟ་སྐུ་འབུམ་རྫོང་བོད་སྨན་ཁང་དུ་སྨན་གྱི་ཕྱག་ལས་གནང་བཞིན་ཡོད་ལ། ཟུར་དུ་རང་དགོན་མཆོད་རྟེན་སྐེ་སླར་གསོའི་ཐད་ཐུགས་ཁུར་ཟབ་བཞེས་དང་ལུགས་གཉིས་གྱི་མཛད་པ་གོང་འཕེལ་ངང་བཞུགས། །
མཆོད་རྟེན་སྐེའི་མ་དགོན་བཀྲ་ཤིས་ཆོས་གླིང་འདེབས་པ་པོ་ནེའུ་ལུང་སྐུ་ཕྲེང་རིམ་བྱོན་ནི། སྐུ་ཕྲེང་དང་པོ་སྔགས་རམས་པ་ནོ་ཡོན་ཆོས་རྗེ་གོང་དུ་ཞུས་ཟིན་ལ། སྐུ་ཕྲེང་གཉིས་པ་ནེའུ་ལུང་བློ་བཟང་ཚུལ་ཁྲིམས་བསམ་གཏན་རྒྱ་མཚོ་ནི། ཁྲི་ཀའི་དཀར་བརྗིད་ནེའུ་ལུང་སྡེ་བར་སྐུ་འཁྲུངས་པས་ཡུལ་མིང་བླ་མའི་མཚན་དུ་ཐོགས་པར་བཤད། ཁོང་སྐུ་འབུམ་རྒྱུད་པའི་བླ་མ་དབུ་མཛད་གནང་ཟེར་བ་ཙམ་ལས་ལོ་རྒྱུས་གཞན་མ་རྙེད།
སྐུ་ཕྲེང་གསུམ་པ་ནེའུ་ལུང་ངག་དབང་ཚུལ་ཁྲིམས་རྒྱ་མཚོ་ནི་འཁྲུངས་ཡུལ་སོགས་གསལ་བོར་མི་ཤེས་མོད། དགོན་པ་ལེགས་པར་བསྐྱངས་པའི་སྐབས་ཤིག་ཏུ་ནང་སོག་ཆ་ཧར་དང་སེམས་ཉི་སོགས་སུ་ཕེབས་ནས་སྨྱུང་གནས་ཁྲི་ཕྲག་གི་རྒྱུན་བཙུགས་པས་བཀྲ་ཤིས་ལོ་ལེགས་བྱུང་བའི་གྲགས་པ་རྒྱས། སླར་རང་ཡུལ་དུ་འབྱོར་འཕྲལ་དབུས་གཙང་དུ་ཕེབས། གདན་ས་གསུམ་དང་། རྒྱུད་སྟོད་སྨད། བཀྲ་ཤིས་ལྷུན་པོ་སོགས་ལ་བསྙེན་བཀུར་ཞུས། ༧རྒྱལ་དབང་མཆོག་གིས་ཁོང་རང་ཉིད་ཀྱི་འདྲ་ཐང་དང་། བཀའ་ཤོག་ཐམ་ག གདུགས་རྟ་དར་སོགས་ཀྱི་བདག་རྐྱེན་མང་དུ་བསྩལ། སླར་མདོ་སྨད་དུ་ཕེབས་ནས་བཀྲ་ཤིས་ཆོས་གླིང་དགོན་སྒོ་མེ་གྲགས་པ་རྒྱ་མཚོར་ཕུལ་ལོ། །
སྐུ་ཕྲེང་བཞི་བ་ནེའུ་ལུང་ཆོས་གྲགས་རྒྱ་མཚོ་ནི། རབ་འདོད་ས་སྦྲུལ་ཕྱི་ལོ་༡༧༤༩ལོར་སྐུ་འབུམ་རྒྱུད་པའི་ཁྲིར་བཞུགས་ཤིང་། རབ་འདོད་ཤིང་བྱ་ཕྱི་ལོ་༡༧༦༥ལོར་ཀུན་མཁྱེན་འཇིགས་མེད་དབང་བོ་སྐུ་འབུམ་མཁན་ཁྲིར་བཞུགས་སྐབས་བདེ་ལམ་གྱི་ཁྲིད་དང་སེམས་བསྐྱེད་མཆོད་པ་འཇམ་དབྱངས་ཆོས་སྐོར། སྣར་ཐང་བརྒྱ་རྩ་སོགས་བཀའ་ཆོས་དུ་མ་གསན་བཞེས་མཛད་མཐར་ཉམས་ལེན་གྱི་རིམ་པ་རྨད་དུ་བྱུང་བ་ལ་སྤྱད་དོ། །
སྐུ་ཕྲེང་ལྔ་བ་ནེའུ་ལུང་བསྟན་འཛིན་མཆོག་ལྡན་ཚུལ་ཁྱིམས་རྒྱ་མཚོ་ནི། རབ་ཡིད་ལྕགས་སྟག་ཕྱི་ལོ་༡༨༣༠ལོར་སྒོ་མེ་ལྕང་རའི་ནང་ཚན་ནེའུ་ལུང་སྡེ་བར་འཁྲུངས། དགུང་ལོ་བདུན་པ་ལ་རང་དགོན་མཆོད་རྟེན་སྐེ་ནས་གདན་སར་བཀོད། བཅོ་ལྔའི་སྟེང་སྐུ་འབུམ་རང་སྒར་དུ་གདན་དྲངས་ཤིང་། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་བཀའ་པོད་ཀྱི་གཞུང་ལ་ཐུགས་གཉེར་མཐར་ཕྱིན་མཛད། རྒྱུད་གྲྭར་ཞུགས་ཏེ་རྒྱུད་པའི་བླ་མ་དབུ་མཛད་ཀྱི་གོ་སར་བཞུགས་ནས་འགྲིག་ལམ་ཐད་རྟིང་སྐུལ་དང་། སྨན་པ་སློབ་དཔོན་དང་རྒྱུད་པའི་ཁྲིར་རིམ་གྱིས་བཞུགས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ནས་དོ་དམ་གང་ལེགས་མཛད། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་། གྲུབ་དབང་རྡོ་རྗེ་འཆང་གི་མདུན་ནས་མི་ཏྲ་རྡོར་ཕྲེང་སོགས་བཀའ་ཆོས་མང་དུ་གསན། ཕྱིས་མཚོ་སྔོན་དུ་དུས་འཁྲུག་བྱུང་སྐབས། རི་བོ་རྩེ་ལྔ་དང་ཨ་བ་གྷ་སོགས་སུ་ཕེབས་ཏེ་དད་ལྡན་གདུལ་བྱ་མང་པོར་འདོད་ཆོས་མང་དུ་བསྩལ། རབ་ཚེས་མེ་གླང་ཕྱི་ལོ་༡༨༧༧ལོར་སྐུ་འབུམ་ཁྲི་ཆེན་ལ་བཞུགས་ནས་ལུགས་གཉིས་ཀྱིས་འཛིན་སྐྱོང་བླ་ལྷག་ཏུ་གནང་། དགུང་ལོ་ང་བརྒྱད་པ་རབ་ཚེས་མེ་ཕག་ཕྱི་ལོ་༡༨༨༧ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །
སྐུ་ཕྲེང་དྲུག་པ་ནེའུ་ལུང་བློ་བཟང་བསྟན་འཛིན་རབ་རྒྱས་ནི། རབ་ཚེས་ལྕགས་སྟག་ཕྱི་ལོ་༡༨༩༠ལོར་སྒོ་མེ་གཡུ་རྩར་འཁྲུངས། ཁ་རག་སྒོམ་ཆེན་ཞེས་པའི་བླ་མས་ཁྱེའུ་འདི་གཞན་དང་མི་འདྲ་བ་ཞིག་ཡིན་པས་གཙང་སྦྲ་གལ་ཆེ་ཚུལ་གསུངས་ཤིང་། མིང་ལ་དཔལ་འབུམ་བཀྲ་ཤིས་ཞེས་བཏགས། སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་། དགུང་ལོ་བདུན་པ་ལ་མཆོད་རྟེན་སྐེ་ནས་གདན་སར་བཀོད། རྗེ་ཞྭ་དམར་པཎྜི་ཏ་ལས་རབ་བྱུང་དང་དབང་ལུང་རྗེས་གསུམ་གྱི་བཀའ་ཆོས་མང་དུ་གསན། དགུང་ལོ་བཅུ་གཅིག་པ་ནས་འཇིགས་བྱེད་ཀྱི་ལས་རུང་བསྙེན་པ་ཆག་མེད་གནང་། ཕྱིས་སྐུ་འབུམ་ཆོས་གྲྭར་ཞུགས་ཏེ་གཞུང་ལ་གསན་སྦྱོང་མཛད། སོ་ལྔ་བ་རབ་ཚེས་ཤིང་བྱི་ཕྱི་ལོ་༡༩༢༤ལོར་ཞི་བར་གཤེགས་སོ། །
སྐུ་ཕྲེང་བདུན་པ་ནེའུ་ལུང་བློ་བཟང་ལུང་རྟོགས་རྒྱལ་མཚོ་ནི། རབ་ཚེས་ཤིང་གླང་ཕྱི་ལོ་༡༩༢༥ལོར་དཀར་བརྗིད་ཚོ་བདུན་གྱི་ནང་ཚན་སུམ་བྷ་སྡེ་རུ་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་མཆོད་རྟེན་སྐེ་རུ་གདན་སར་བཀོད། བཅུ་བ་ལ་ལྡི་ཚ་བཀྲ་ཤིས་ཆོས་གླིང་གི་ཆོས་གྲྭར་ཞུགས་ཏེ་བཀའ་པོད་ཀྱི་གཞུང་ལ་གསན་སྦྱོང་མཛད། ཉེར་གསུམ་སྟེང་རང་དགོན་མཆོད་རྟེན་སྐེའི་ཁྲིར་བཞུགས། སུམ་ཅུའི་སྟེང་ཡང་བསྐྱར་ཁྲི་ལ་བཞུགས་ནས་སྐྱོང་བཀུར་གང་ལེགས་མཛད། སོ་ལྔ་བ་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོར་སྤྱི་ཚོགས་སྒྱུར་བཀོད་སྐབས་རྐྱེན་དབང་གིས་རང་ཡུལ་དུ་བཞུགས། སྐབས་དེར་ཡང་བཟོ་རིག་སྣ་ཚོགས་དང་གསོ་རིག་གི་གཞུང་ལ་སྦྱངས་ཤིང་། རབ་རྒྱལ་ལྕགས་སྤྲེལ་ལོར་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་ཆོས་སྒོ་གསར་དུ་འབྱེད་སྐབས་སླར་གདན་སར་ཕེབས་ནས་དགོན་པའི་བསྐྱར་བཞེངས་ཀྱི་བྱ་བའི་དབུ་བརྩམས་ཏེ་དགོན་པ་དོ་དམ་ལྷན་ཚོགས་ཀྱི་འགན་འཛིན་དང་། མཚོ་ལྷོ་ཁུལ་དང་ཁྲི་ཀ་རྫོང་སྲིད་གྲོས་ཀྱི་ཁོངས་མི་བཅས་ཀྱི་འགན་བཞེས། དེ་ནས་ཁོང་གི་ཐུགས་བཀོད་འོག་དད་ལྡན་མང་ཚོགས་ཀྱིས་འདུ་ཁང་གི་ཁྱམས་རའི་ཀ་བ་དང་འདུ་ཁང་སོགས་གཞི་ནས་སླར་གསོ་གནང་ཞིང་། ཆོས་ཐོག་གི་རྒྱུན་ཡང་བཙུགས་པ་དང་ཅུང་མ་འགོར་བར་འཆམ་ཡང་འཁྲབ་ཐུབ་པ་བྱུང་ལ། ཁོང་ཉིད་ཀྱིས་ལྷ་བཟོའི་སྒྱུ་རྩལ་ལ་བརྟེན་ནས་སྒོ་ཆེན་གཡས་གཡོན་དུ་རྒྱལ་ཆེན་བཞི་དང་སྲིད་པའི་འཁོར་ལོ་སོགས་དང་། ནང་གི་གཡས་གཡོན་དུ་མགོན་པོ་དང་ལྷ་མོ། ཆོས་རྒྱལ། རྣམ་སྲས་སོགས་གྱི་སྐུ་འདྲ་གང་མང་བཞེངས། ལྕགས་རྟ་ལོར་འདུ་ཁང་སྟེང་གི་ལོ་པཎ་རྣམས་གསར་དུ་སྤོར་བ་དང་དབྱིབས་རྒྱ་ཕིབས་བྱས། འདུ་ཁང་ལྟག་རྒྱབ་ཀྱི་མཆོད་རྟེན་བརྒྱད་དང་རྒོད་རྩེ་རྫ་འདབས་རི་ཁྲོད་ཀྱི་རྟེན་བརྟེན་པ་གསར་བཞེངས། སྔོན་གྱི་ཆོས་ཐོག་ཉམས་གསོ་སོགས་ཐུགས་ཀྱི་བཞེད་པ་མཐའ་དག་ལྷུན་གྱིས་གྲུབ་མཐར་འགན་གཙོའི་འགན་གཞན་ལ་སྤྲད་ནས་སྐུ་འབུམ་རང་སྒར་དུ་བཞུགས། མཆོད་རྟེན་སྐེའི་སྔོན་གྱི་ཁང་བ་གྱན་སོ་ལྔ་ཙམ་དགོན་པར་ཕུལ་བ་དང་། མཆོད་རྫས་དང་བཀའ་བསྟན་འགྱུར་སོགས་སྤྱི་ལ་ཕུལ། ལོ་རེར་མགོན་པོ་དང་ཆོས་རྒྱལ་གཏོར་སྒྲུབ་གཉིས་རེས་མོས་བྱས་ནས་གཏོང་བཞིན་པ་བཅས་ལུགས་གཉིས་ཀྱིས་དགོན་པ་ལེགས་པར་སྐྱོང་བ་དང་ཁྲི་ཀ་རྫོང་སྲིད་གྲོས་ཀྱི་དབུ་བཞུགས་གཞོན་པའི་འགན་བཞེས་བཞིན་པའི་སྐབས་ལགས་སོ། །
གཞན་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་ཚུལ་ལ། ༧གོང་ས་རྒྱལ་དབང་བཅུ་གསུམ་པའི་རིགས་ཀྱི་ཅོད་པན་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོས་སྡེ་འདིར་སྔ་ཕྱི་བར་གསུམ་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་རྒྱུན་དང་ཟབ་ཁྲིད་མན་ངག་སོགས་ཀྱི་ཆོས་ཆར་ཡང་ཡང་ཕབ་པར་མ་ཟད། སྐབས་སྔ་ཕྱི་དུ་མར་ཀུན་སྤངས་རི་ཁྲོད་པའི་ཚོགས་གདན་དྲངས་ནས་ཡོན་ཆབ་དང་མར་མེ་ཁྲི་ཕྲག་དུ་མ་དང་། མཆོད་པའི་རྣམ་གྲངས་རྒྱ་ཆེར་ཕུལ་ཏེ་འཁོར་བ་ཇི་སྲིད་བར་རྒྱལ་བའི་དམ་ཆོས་འཛིན་པའི་ཐུགས་སྨོན་མཛད། སྐབས་འདིར་དགོན་པས་གཟིམ་ཆུང་ཞིག་གསར་བཞེངས་བགྱིས་ཏེ་དགོན་གྲོང་སྤྱི་ནས་གསོལ་སྟོན་དང་མཇལ་ཁ་ཞུས། སེར་སྐྱ་རྒན་གྲས་རྣམས་ཀྱིས་གཟིམ་ཆུང་འདི་རྗེ་ཉིད་ལ་ཆེད་དམིགས་ཀྱིས་བཞེངས་པ་ཡིན་པས་ཉིད་ནམ་རྒྱུན་འདིར་བཞུགས་དགོས་ཀྱི་ཞུ་ནན་ཕུལ་བ་བདག་གིར་བཞེས་ཏེ་དེར་བཅད་རྒྱ་དང་དབང་ལུང་ཁྲིད་གསུམ་སོགས་མང་དུ་གནང་། འདིའི་སྐབས་སུ་དགོན་པ་དང་སྔགས་པ་ཕན་ཚུན་མི་མཐུན་ཞིང་། སྐབས་སྐབས་སུ་རྩོད་གླེང་འབྱུང་བཞིན་འདུག་པར་བན་སྔགས་ཀུན་ལ་བསླབ་སྟོན་དང་ཉེ་གནས་ཀྱི་མི་མངགས་ཏེ་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད། གྲུབ་དབང་རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེ་སྐུ་སྔ་ཕྱི་ཡང་གདན་ས་འདིར་ཆིབས་ཞལ་བསྒྱུར་ཏེ་དབང་ལུང་མན་ངག་ཟབ་ཆོས་དུ་མའི་ཆོས་རྒྱུན་ཡང་ཡང་བསྩལ་བ་སོགས་བསྟན་འགྲོར་སྨན་པའི་བྱ་བ་རླབས་ཆེན་མཛད། གཞན་ཡང་ལྷོ་རྒྱུད་བསྟན་པའི་སྒྲོན་མེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་གདན་ས་འདིར་སྔ་ཕྱིར་ཆིབས་བསྒྱུར་གནང་སྟེ་མདོ་སྔགས་ཀྱི་ཆོས་རྒྱུན་དུ་མ་བསྩལ་བས་གདུལ་བྱ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་བཀོད། འདི་ཉིད་མཁན་ཁྲི་འདུས་སྤྱི་ཐུན་མོང་གིས་གསོལ་བ་བཏབ་པ་ལྟར་ཁོང་གིས་བཅའ་ཡིག་ཆེན་མོ་གསར་རྩོམ་གནང་སྟེ་འགྲིག་ཀུན་སྤྱོད་དང་འཆད་ཉན་ཡར་ལྡན་དུ་བསྐྱངས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་མཛད། དེ་མཚུངས་སུ་འགྲོ་མགོན་ཐར་ཤུལ་རིན་པོ་ཆེ་རྗེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་
མཚོ་དཔལ་བཟང་བོ། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ལྭ་མོ་གསེར་ཁྲི་སོགས་མཁས་གྲུབ་རིམ་བྱོན་དུ་མས་ཞབས་ཀྱིས་བཅགས་ཤིང་སྐལ་ལྡན་གྱི་གདུལ་བྱ་མང་པོར་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་བསྩལ། རབ་རྒྱལ་མེ་བྱི་ཕྱི་ལོ་༡༩༣༦ལོའི་ཟླ་ལྔ་བར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དེ་ཉིད་ཞི་དྲག་གི་འཁོར་ཚོགས་རྒྱ་ཆེན་པོ་དང་བཅས་ཁྲི་ཀའི་གསེར་ལྗོངས་འཛིན་མའི་ཁྱོན་འདིར་ཆིབས་ཞལ་ཐོག་མར་བསྒྱུར་བའི་ཚེ། གདན་ས་འདི་གཙོས་གཞིས་བྱེས་ཀྱི་དགེ་འདུན་པ་མང་པོས་བསུ་སྒྲེང་ངོ་མཚར་བ་དང་བཅས་སྤྱན་དྲངས་ཏེ་འདུ་ཁང་ཆེན་མོའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་བཀྲ་ཤིས་ཀྱི་རི་མོ་རྣམ་པར་བཀོད་དེ། ཡུལ་གྲུ་འདི་གཙོས་ཕྱོགས་ཀྱི་བླ་སྤྲུལ་བཤེས་གཉེན་རྣམས་དང་། དད་ལྡན་སེར་སྐྱ་ཁྲི་ཕྲག་ལས་བརྒལ་བ་ལ་དབང་ལུང་དུ་མ་བསྩལ་བ་དང་། རྟེན་རྣམས་ལ་བཀྲ་ཤིས་ཀྱི་བྱིན་ཆར་ཕབ་པ་སོགས་ཀྱི་བཀའ་དྲིན་བརྗོད་ལས་འདས། ཕྱིས་སྡེ་འདི་ཆུ་བཟང་རིན་པོ་ཆེར་ཕུལ་བ་ཁོང་གིས་བདག་གིར་བཞེས་ཏེ་བཅའ་ཡིག་ཆེན་མོ་གསར་རྩོམ་གནང་ནས་འགྲིག་ཀུན་སྤྱོད་དང་འཆད་ཉན་སོགས་ཡར་ལྡན་དུ་སྐྱངས་ཤིང་སྐུ་ཕྲེང་ཕྱི་མ་རིམ་བྱོན་གྱིས་འཛིན་བདག་བྱེད་བཞིན་ཡོད་ལ་ཁྲི་ཡང་སྐྱོང་། སྐེ་བའི་དགའ་ལྡན་དགོན་པའི་བླ་མ་སྐུ་ཞབས་ཨ་རིན་ཚང་སྐུ་སྔ་ཕྱི་རྣམས་སྡེ་འདིར་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། འདི་བའི་སྐུ་ཕྲེང་བདུན་པའི་མཚན་མི་ངེས་ཤིང་གྲྭ་སྲི་ལངས་པ་བཅད་པར་གྲགས། གཞན་ཡང་ཆོས་སྡེ་འདིའི་མཁན་ཁྲིར་བཞུགས་པའི་བླ་མ་གཞན་དག་སྐོར་ལ། མཚན་སྒྲོགས་མཁན་ཆེན་བློ་བཟང་བཀྲ་ཤིས་ཉི་མ་དང་དགེ་འདུན་བསྟན་པའི་ཉི་མ། མདོ་བ་མཁན་ཆེན་བློ་བཟང་དབང་ཕྱུག་རྒྱ་མཚོ། ཅོ་ནེ་ཞབས་དྲུང་སྐལ་བཟང་བསྟན་འཛིན་ཉི་མ། དྲེད་ཁོག་ཟི་ལིང་སྒར་དཔོན་ཚང་གི་དགེ་བཤེས་བྱ་ཁྱུང་གཟིམ་ཁང་ཚང་། ཇོ་མོ་རི་ཕྱི་ཚང་། ཆག་ཀ་ཞབས་དྲུང་སོགས་གདན་ས་འདིའི་མཁན་ཁྲིར་རིམ་གྱིས་བྱོན་ནས་ཕྱག་རྗེས་ཆེ་ཆུང་ཅི་རིགས་ཀྱིས་སྐྱོང་བཀུར་གང་ལེགས་སྒོས་ཕྱི་འདུལ་བའི་བཅས་ཁྲིམས་དང་ནང་ཉམས་ལེན་གྱི་རིམ་པ་སོགས་བཤད་སྒྲུབ་ཟུང་གི་བྱ་བ་ མཐའ་དག་ཡར་རྒྱས་གོང་འཕེལ་ཡོང་བའི་ཐུགས་ཁུར་དང་དོ་དམ་གང་ལེགས་མཛད་པ་བརྗོད་ཀྱིས་མི་ལང་། ཕྱིས་སྒོ་མེ་ལྷ་རམས་པས་ཀུན་མཁྱེན་བློ་རྟགས་སོགས་རྩིས་བཞག་གནང་ནས་མཚན་ཉིད་སླར་གསོ་བྱས་ཏེ་མྱུ་གུ་བརླན་དང་འཕྲད་པའི་དཔེ་བཞིན་སླར་སོར་ཆུད་པ་བྱུང་། སྔར་བཀྲ་ཤིས་ཆོས་གླིང་གི་སྐབས་སུ་བྱ་ཁྱུང་མཁན་རབས་བཅུ་བདུན་པ་སྒོ་མེ་ཨ་ཛོ་དཔལ་ལྡན་རྒྱ་མཚོ་ནི། ལྕང་རཱའི་སྐེ་ཀྱཱ་ཨ་ཛོ་ཚང་དུ་འཁྲུངས། ཁོང་ཉིད་བཀྲ་ཤིས་ཆོས་གླིང་དུ་བཞུགས་ཤིང་དེ་གར་སྒར་བའང་ཡོད་སྐད། བྱ་ཁྱུང་མཁན་རབས་བཅོ་བརྒྱད་པ་སྟག་ཤུག་འཕྲིན་ལས་རྒྱ་མཚོ་ནི། སྒོ་མེ་མེ་ཉག་སྟག་ཤུག་ཏུ་འཁྲུངས། དབུས་སུ་ཕེབས་ནས་གྲྭ་སར་ཚོགས་ཆོས་གྲྭར་འགྲིམ། ཕྱིར་ཕེབས་ནས་ཧལ་ཧའི་རྒྱལ་བོ་ཨུ་ཅང་གིས་བསྐུལ་མ་གནང་ངོར་ཡུམ་འབུམ་པ་སོག་སྐད་དུ་བསྒྱུར་བས་ཧོར་ཡུལ་དུ་མཛད་འཕྲིན་རྒྱས། འདི་བའི་སྐུ་ཕྲེང་ཕྱི་མ་རྣམས་སྡེ་འདིར་རྒྱུན་བཞུགས་གནང་ནས་སྐྱོང་བཀུར་མཛད། འདི་གར་སྒར་བ་ཡོད་ལ་དམ་པ་འདི་གཉིས་ལ་སྔར་ནས་ཕན་ཚུན་འབྲེལ་བ་ཟབ་མོ་ཡོད་དོ། །
དགོན་པ་གཞན་དག་བར་གྱི་འབྲེལ་བའི་སྐོར་ལ། སྔར་ནས་བཟུང་སྐུ་འབུམ་དང་བྱ་ཁྱུང་སོགས་ལ་འབྲེལ་བ་ཟབ་ཅིང་། སྒོས་སྡེ་ཉིད་ཐོག་མར་བྱ་ཁྱུང་གི་དགོན་ལག་ཏུ་གཏོགས་པར་གྲགས། ཕྱིས་སྡེ་འདི་སྐྱབས་རྗེ་ཆུ་བཟང་རིན་པོ་ཆེར་ཕུལ་བ་ནས་བཟུང་སྐུ་འབུམ་ལ་འབྲེལ་ཆེ་ཞིང་། འདི་གའི་མགོན་ཀྱཱ་ཚང་དང་། ནེའུ་ལུང་ཚང་། སྟག་ཕྱུག་ཚང་། དགའ་ལྡན་ཚང་། མི་ཉག་པ་རྣམས་ལ་སྐུ་འབུམ་དུ་སྒར་བ་ཡོད་ལ་དེ་ཀའི་ཁྲི་ཆེན་དང་། གྲྭ་ཚང་སོ་སོའི་ཁྲིར་བཞུགས་དགོས་པའི་སྲོལ་ད་ལྟའི་བར་མ་ཉམས་པར་གནས། དེ་མཚུངས་སུ་ཧོར་ཀྱཱའི་གྲྭ་ཚང་དང་། རྡོ་རིའི་གྲྭ་ཚང་། རྒན་ཀྱཱའི་ཆུ་བཟང་དགོན། ཆུ་ནག་དགོན་སོགས་ཀྱི་བླ་མ་རིམ་བྱོན་དང་གྲྭ་ཚང་ཕན་ཚུན་བར་འབྲེལ་བ་ཟབ་པར་མ་ཟད། མཆོད་རྟེན་སྐེ་དགོན་པའི་དགོན་ལག་ཀྱང་ཡིན། དགོན་པའི་གཡོན་གྱི་ལུང་བའི་ཕུར་ཧོར་ལྡིང་རི་ཁྲོད་དམ་སྒོ་རྩེ་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ནི། འགག་ཤིང་བ་ཧོར་ལྡིང་སྒོམ་ཆེན་བློ་བཟང་རྒྱལ་མཚན་གྱིས་བཏབ། ཁོང་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ཧོར་ལྡིང་ཚོ་ལྔའི་ནང་ཚན་གྱི་སྡེ་ཞིག་ཏུ་འཁྲུངས། མགོན་ཀྱཱ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་། སྐུ་འབུམ་ཆོས་གྲྭར་ཞུགས་ནས་གཞུང་ལ་གསན་སྦྱོང་མཛད། དབུས་སུ་ཕེབས་ཏེ་འབྲས་སྒོ་མངས་གྲྭ་ཚང་དུ་མཚན་ཉིད་ལ་མཆོག་ཏུ་མཁས་པར་སྦྱངས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་བསྟེན་ནས་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཟབ་ཁྲིད་མཐའ་ཡས་པ་གསན། ཐོས་པའི་དོན་ལ་སྒྲོ་འདོགས་བཅད་དེ་ཚེ་འདིའི་འཁྲི་བ་ཕྲ་མོ་ཙམ་ཡང་མེད་པར་མང་ཡུལ་སྐྱིད་གྲོང་བསམ་གཏན་གླིང་སོགས་དབེན་གནས་དུ་མར་དཀའ་སྤྱད་དྲག་པོའི་སྒོ་ནས་སྒྲུབ་པ་ཡུན་རིང་མཛད་པས་ཉམས་རྟོགས་ཕུལ་དུ་ཕྱིན་པ་འཁྲུངས། ཡོངས་འཛིན་ཐམས་ཅད་མཁྱེན་པས་སྲས་ཀྱི་ཐུ་བོར་བཟུང་ནས་ཉིད་ཀྱི་སྣམ་སྦྱར་དང་། རྗེ་ཚུལ་ཁྲིམས་མའི་སྐུ་བརྙན་བྱིན་ཅན་འདི་འཇམ་མགོན་བླ་མ་ཙོང་ཁ་པ་དངོས་ཡིན་གསུངས་ནས་ཀུན་སྤངས་ཆེན་པོ་འདི་ཉིད་ལ་གནང་སྟེ། གཞི་འདུལ་བའི་བཅས་མཚམས་རྣམ་པར་དག་པའི་དགེ་ལྡན་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་ཐུགས་བརྩོན་གནང་དགོས་པའི་ཞལ་གདམས་རྒྱས་པར་བསྩལ་བ་ལྟར་མདོ་སྨད་ལ་ཕེབས་ནས་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་དུ་གྲགས་པ་རྒོད་རྩེ་རིའི་ཞོལ་དུ་ཆོས་སྒྲུབ་པའི་མཚན་ཉིད་ཡོངས་སུ་ཚང་བའི་སར་རི་ཁྲོད་འདིའི་གཞི་བཏིངས། དེར་རྒྱུན་བཞུགས་གནང་སྟེ་ཕྱག་མཆོད་མཎྜལ་སྐུ་དཔར་དང་ས་ཚྭ་འདེབས་པ་སོགས་ཀྱི་ཐུགས་དམ་ཉམས་བཞེས་ལ་འབད་ཅིང་། རི་ཁྲོད་དང་ཆོས་སྡེ་འདི་གཉིས་ཀར་གནས་བཅུའི་ཕྱག་མཆོད་བླ་མ་ཡོངས་འཛིན་རིན་པོ་ཆེའི་ཕྱག་བཞེས་བཞིན་གསར་འཛུགས་གནང་། དེ་ནས་ལོ་ལྟར་དགེ་འདུན་བཅུ་ཕྲག་ཙམ་རེ་བསྡུས་ནས་རི་ཁྲོད་འདིར་དབྱར་གནས་མཛད་ཅིང་གཞི་གསུམ་གྱི་ཕྱག་ལེན་ངོས་གཙང་བཙུགས་པ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་དེ་ཡུལ་འདིའི་སེར་སྐྱ་དྲག་ཞན་ཀུན་གྱི་སྐྱབས་དང་དཔུང་གཉེན་བླ་ན་མེད་པར་གྱུར། ཚུལ་དེ་དག་ཡོངས་འཛིན་ཐམས་ཅད་མཁྱེན་པའི་སྙན་དུ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་རྗེ་འདི་བར་བཀའ་དྲིན་དྲན་པའི་གསོལ་འདེབས་དང་། རི་ཁྲོད་འདི་གའི་མཚན་ལ་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཞེས་བསྩལ། དེ་ནས་དམ་པ་འདི་ཉིད་ཀྱི་ཐུགས་ཀྱི་བཞེད་དགུ་མཐའ་དག་ལྷུན་གྱིས་གྲུབ་ནས་ཡོངས་འཛིན་ཐམས་ཅད་མཁྱེན་པའི་སྣམ་སྦྱར་དང་། རྗེ་ཚུལ་ཁྲིམས་མའི་སྐུ་བྱིན་ཅན་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་དང་། རི་ཁྲོད་དང་བཅས་པ་མགོན་ཀྱཱ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྗེ་བཙུན་ཆོས་བསྟན་འཛིན་རྒྱ་མཚོ་ལ་གཏད་དེ། ཁོང་གིས་གཞི་གསུམ་གྱི་ཕྱག་ལེན་དང་ཆོས་སྤྱོད་ཀྱི་རིམ་པ་རྣམས་ནམ་ཡང་གནས་དགོས་པའི་ཞལ་གདམས་རྒྱས་པར་བསྩལ་ཏེ་རེ་ཞིག་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས།
དེའི་སྤྲུལ་སྐུ་སྐུ་འབུམ་རྒྱུད་པའི་ཁྲི་རབས་ལྔ་བཅུ་བ་བློ་བཟང་དགེ་ལེགས་རྒྱལ་མཚན་ནི། རབ་ཡིད་ལྕགས་ལུག་ཕྱི་ལོ་༡༨༡༡ལོར་སྒོ་མེ་ཆུ་བཟང་སྡེ་ཁྲོད་དུ་འཁྲུངས། སྐྱབས་རྗེ་གསེར་ཁང་རྡོ་རྗེ་འཆང་གིས་ངོས་འཛིན་གནང་། མགོན་ཀྱཱ་རིན་པོ་ཆེ་ནས་སྐུ་བདག་མཛད་དེ་མཆོད་རྟེན་སྐེ་རུ་གདན་སར་བཀོད། ཡི་གེ་ཀློག་སྦྱོར་དང་ཆོས་སྤྱོད་ཀྱི་སྐོར་རྣམས་རིམ་པས་བསླབས། སྐུ་འབུམ་ཆོས་གྲྭར་ཞུགས་ཏེ་རྣམ་འགྲེལ་དང་ཕར་ཕྱིན་ལ་སྦྱངས། འོན་ཀྱང་མི་གཞན་དང་རྩལ་འགྲན་པ་ལ་ལད་མོ་བྱེད་པ་སོགས་ཀྱི་ཚུལ་གནང་བས་མི་གཞན་གྱིས་ཁ་གཏོང་བ་དང་སྨད་ར་བྱས་པས། སྐྱབས་རྗེ་མགོན་ཀྱཱ་ཚང་ནས་ཤིང་བཟའ་རིན་པོ་ཆེ་བློ་བཟང་དར་རྒྱས་རྒྱ་མཚོ་ལ་རྒྱུ་མཚན་ཞུས་པར། སྤྲུལ་སྐུ་འཁྲུལ་མེད་ཡིན། རྗེ་མི་ལའི་རྣམ་ཐར་ལ་ལྟ་རུ་ཆུག་གསུངས་པ་བཞིན། མི་ལའི་རྣམ་ཐར་ལ་ལན་ཤས་གཟིགས་པའི་རྐྱེན་གྱིས་བག་ཆགས་སད་དེ། ཚུལ་མིན་གྱི་བྱ་སྤྱོད་རིང་དུ་དོར་ནས་དྲན་ཤེས་ཀྱིས་ཞི་དུལ་བག་ཡོད་པ་ལ་ངང་གིས་གནས་པར་གྱུར། །
དེ་ནས་དབུས་སུ་ཕེབས་ནས་འབྲས་སྒོ་མངས་གྲྭ་ཚང་དུ་དབུ་མཛོད་འདུལ་གསུམ་ལ་བརྡར་ཤ་ཆོད་པའི་ཐོས་བསམ་དང་། མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན་ནས་སླར་མདོ་སྨད་དུ་ཕེབས། སྐུ་འབུམ་རྒྱུད་གྲྭར་ཞུགས་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གཞུང་ལ་སྦྱོང་བ་ཕུལ་ཕྱིན་མཛད། ལོ་བདུན་གྱི་རིང་ལ་རྒྱུད་པའི་བླ་མ་དབུ་མཛད་གནང་། དགུང་ལོ་སོ་བཞིའི་སྟེང་རྒྱུད་ཁྲིར་བཞུགས་ནས་འཆད་ཉན་དང་འགྲིག་ཀུན་སྤྱོད་ཀྱི་རིགས་མཐའ་དག་ཡར་ལྡན་དུ་བསྐྱངས། ཁྲི་ཟུར་ནས་སྡེ་འདི་དང་རི་ཁྲོད་གཉིས་སུ་རེས་མོས་ཀྱིས་བཞུགས། ཁོང་ནི་ཚུལ་ཁྲིམས་དག་ཅིང་སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་རགས་ཐམས་ཅད་སྤྱན་འབྲས་ལྟར་སྲུང་བ་གཞིར་བྱས། ཕྱག་མཆོད་མཎྜལ་དང་བསགས་སྦྱང་ལ་འབད་པ་སོགས་དམ་པའི་རྣམ་ཐར་ངོ་མཚར་བའི་ཡོན་ཏན་བླ་ན་མེད་པས་བརྒྱན། མཐར་དགུང་ལོ་དོན་གསུམ་བཞེས་པ་རབ་ཚེས་ཆུ་ལུག་ཕྱི་ལོ་༡༨༨༣ལོར་རེ་ཞིག་ཞི་བར་གཤེགས་པའི་ཚུལ་བསྟན།
དེའི་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རབ་རྒྱས་ནི་རབ་ཚེས་ཤིང་སྤྲེལ་ཕྱི་ལོ་༡༨༨༤ལོར་སྒོ་མེ་ཚེ་འགུའི་སྡེ་ཁྲོད་དུ་འཁྲུངས། དགུང་ལོ་ལྔའི་སྟེང་སྐྱབས་རྗེ་ཆུ་བཟང་རིན་པོ་ཆེའི་ལུང་བསྟན་ལྟར་མཆོད་རྟེན་སྐེ་རུ་གདན་སར་བཀོད། རྗེ་ཆུ་བཟང་བའི་མདུན་ནས་དགེ་བསྙེན་དང་རབ་བྱུང་བསྒྲུབས། བཅུ་བའི་སྟེང་རྗེ་ཞྭ་དམར་པཎྜི་ཏ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བཅུ་གཉིས་པར་སྐུ་འབུམ་དུ་མགོན་ཀྱཱ་སྒར་བ་བཞུགས་ཏེ། ཧོར་དགེ་རབ་འབྱམས་པ་ངག་དབང་བློ་གྲོས་དགེ་རྒན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ཏེ་ཚད་མ་སྡེ་བདུན་གྱི་གཞུང་ལ་ཐོས་བསམ་མཛད། དེ་ནས་རང་དགོན་དུ་ཕེབས་ནས་ཉམས་ལེན་གྱི་རིམ་པ་ལ་འབད་ནས་བཞུགས།
དེའི་སྤྲུལ་སྐུ་སྒོ་མེ་ཨ་སྐོང་སྡེ་ཁྲོད་དུ་འཁྲུངས། ཆུང་དུས་ནས་འདི་གའི་གདན་སར་བཀོད་དེ་ལྡི་ཚའི་ཁ་ཀྱཱའི་ཕུན་ཚོགས་ཚང་ལས་རབ་ཏུ་བྱུང་། མཚན་ཟུར་ལ་འཇིགས་མེད་ཞུ། སྐུ་འབུམ་ཆོས་གྲྭར་ཞུགས་ཏེ་མཚན་ཉིད་ལ་གསན་སྦྱོང་མཛད། ས་ཁྱི་ལོའི་སྒྱུར་བཅོས་སྐབས་རང་ཁྱིམ་དུ་བཞུགས། དགོན་པ་ལ་ལྟ་སྐུལ་གང་ལེགས་མཛད་བཞིན་པའི་སྐབས་ཡིན། སྔར་མགོན་ཀྱཱ་ཆོས་བསྟན་འཛིན་རྒྱ་མཚོའི་སྐུ་དུས་ནས་བཟུང་ཧོར་ལྡིང་སྐུ་ཕྲེང་རིམ་བྱོན་གྱིས་རི་ཁྲོད་འདིར་ལོ་ལྟར་དབྱར་གནས་སོགས་གཞི་གསུམ་གྱི་ཕྱག་ལེན་ངོས་གཙང་ཆག་མེད་དང་ཆོས་ཐོག་སོ་སོའི་སྐྱོང་འཁུར་གང་ཡོད་རྣམས་རབ་རྒྱལ་ས་ཁྱི་ཕྱི་ལོ་༡༩༥༨ལོའི་བར་གནང་། ད་ལྟ་བསྟན་པ་ཡང་དར་གྱི་སྐབས་འདི་ནས་བཟུང་སླར་ཉམས་གསོ་དང་དོ་དམ་བྱེད་བཞིན་ཡོད་ལ་ཕྱི་ལོ་༡༩༩༡ལོ་ནས་བཟུང་ནེའུ་ལུང་ཚང་གཙོ་བྱས་པའི་དགོན་པའི་འགན་ཁུར་བ་རྣམས་ཀྱིས་དངོས་སུ་ལས་འགོ་མཛུགས་པའི་སྐབས་དེར་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ལྡི་ཚའི་ཨ་ལགས་གྲགས་པ་ཚང་གི་ཐུགས་རྗེ་དང་འཕྲིན་ལས་ཁོ་ན་ལ་བརྟེན་ནས་རི་ཁྲོད་ཀྱི་གནས་འདིར་ལྷ་ཁང་གྱན་གསུམ་ཡོངས་སུ་གྲུབ། ནང་རྟེན་གྱི་རིམ་པ་ཡང་གྱན་དབུས་མའི་ནང་དུ་སྟོན་པ་ཐུབ་པའི་དབང་བོ་ལ་འཁོར་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ། གཡས་སུ་རྗེ་ཡབ་སྲས་གསུམ། གཡོན་དུ་མཁན་སློབ་ཆོས་གསུམ། སྨན་བླ་བདེ་གཤེགས་བརྒྱད། སྒྲོལ་དཀར་ལྗང་བཅས་ཀྱི་འབག་སྐུ། འོད་དཔག་མེད་དང་སྒྲོལ་མའི་ཞིང་བཀོད་ཀྱི་གྱན་ཐང་བཅས་བཞེངས་ཡོད། ད་དུང་གནས་འདིར་ཨ་ལགས་གྲགས་པ་ཚང་གི་གཟིམ་ཁང་དང་། སྐུ་འབུམ་སྐེ་ཀྱཱ་ཚང་གི་གཟིམ་སྤྱིལ་ཆུང་ངུ་ཞིག་དང་། མཆོད་རྟེན་སྐེའི་དགེ་བཤེས་ ངག་དབང་བསྟན་འཛིན་གྱི་གཟིམ་ཁང་བཅས་ཡོད། ཁོང་རྣམ་པས་ད་ལྟ་བསགས་སྦྱང་ལ་འབད་ནས་བཞུགས་པ་དང་། རི་ཁྲོད་འདིར་དབྱར་གནས་སོགས་ཕྱག་སྲོལ་ཇི་བཞིན་བཙུགས་པ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་འགྲོ་བའི་སྐབས་ལགས་སོ། །
གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་དཀར་ཆག་འགོད་པ་ལ། དེ་ཡང་ཚོགས་ཆེན་འདུ་ཁང་ནི། འདུལ་བ་ལས་བྱུང་བའི་གཙུག་ལག་ཁང་གི་བཟོ་བཀོད་ལྟར་བཞེངས་ཡོད་དེ། ཕྱི་གྱོ་མོའི་རྩིག་པ་སྲ་ཞིང་བརྟན་པ་རྨང་ཐེམ་རྡོ་ལེབ་དང་། མདུན་ངོས་ཟུར་གདོང་གཉིས་ཀྱི་རྡོ་རིང་ངོས་སུ་རི་མོ་རྣམས་འབུར་དོད་དུ་ཡོད་ལ། གོང་ན་སྤེན་རྒྱན་དང་མེ་ལོང་ཕྲེང་བས་བརྒྱན་པ། མདུན་ངོས་སུ་གསེར་ཟངས་ལས་གྲུབ་པའི་རྣམ་བཅུ་དབང་ལྡན་ཟུང་གིས་མཛེས་པར་སྤྲས་པ། འདུ་ཁང་གི་ཞེང་དང་སྲིད་ལ་ཁང་མིག་གྱན་དགུ་རེ་དང་། དཀྱིལ་དུ་ཀ་རིང་བརྒྱད་ཀྱིས་བཏེགས། སྟེང་འོག་བསྡོམས་པས་ཁང་མིག་ཆིག་བརྒྱ་ཉེར་ལྔ། འོག་ཁང་དུ་གྲྭ་པ་ལྔ་བརྒྱ་འཚོགས་ཆོག་པར་མ་ཟད། སྟེང་ཁང་དུ་མགོན་ཁང་སོགས་ཡོད། ཡང་སྟེང་དུ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་དང་། ཆོས་འཁོར་རི་དྭགས། ཟུར་བཞི་ལ་གསེར་ཟངས་ཀྱི་རྒྱལ་མཚན་བཞིས་མཛེས་པར་བརྒྱན་པ། མདུན་ངོས་སུ་གདུགས་དཀར་རྒྱལ་མཚན་འཁོར་ལོ་དང་དགེ་འདུན་འདུ་འཁོར། ཕྱོགས་བཞིར་ཕྱིར་བཟློག་འཁོར་ལོ་སོགས་ཡོད། སྟེང་འོག་ཕྱི་ནང་བར་གསུམ་ཀུན་ཏུ་བརྐོས་རིས་དང་ཚོན་རིས་ཀྱིས་མཛེས་པར་བཀྲ་ཞིང་། བར་མཚམས་རྣམས་སུ་གོས་བཟང་སྣ་ཚོགས་ལས་གྲུབ་པའི་གདུགས་རྒྱལ་མཚན་ཀ་འཕེན་ནོར་བུའི་ཕྲེང་སྐོར་སོགས་མཆོད་རྫས་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས་པ་བསམ་ལས་འདས་ཤིང་། གདོང་གྲལ་གྱི་དབུས་སུ་བླ་མཆོད་ཚོགས་ཞིང་དང་། བླ་མ་མཁན་ཁྲི་རིམ་བྱོན་གྱི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ཆེན་དང་། དེའི་གཡས་སུ་གསོ་སྦྱོང་གི་རྟེན་སྟོན་པ་ཐུབ་པའི་དབང་བོའི་ལི་སྐུ་བྱིན་ཅན་ཁྲུ་ཚད་ལོངས་པ་དངུལ་གྱི་རྒྱབ་ཡོལ་ཅན། པཎ་ཆེན་ཆོས་ཀྱི་ཉི་མའི་བཞུགས་ཁྲི། དེའི་གཡས་ཀྱི་གྲལ་མགོ་རྣམས་སུ་རྗེ་ཙོང་ཁ་པའི་ལི་སྐུ་སྤྱི་ཁྲི་གསུམ་ཙམ། རྭ་ལོ་གཙོས་བླ་སྐུ་ཁྲུ་ཚད་ཅན་གསུམ། མི་འཁྲུགས་པ། གནས་བརྟན་བཅུ་དྲུག འཇིགས་བྱེད་འཁྲུལ་འཁོར་དང་། མགོན་ཀྱཱ་སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་རྒྱ་མཚོའི་སྐུ་གདུང་དངུལ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན། མཐའ་སྐོར་དུ་ལི་སྐུ་སྣ་ཚོགས་དང་། རྒྱལ་བའི་བཀའ་འགྱུར་སོགས་བཞུགས། གཡོན་གྱི་གྲལ་མགོ་རྣམས་སུ་སྒྲོལ་མའི་ལི་སྐུ་ཁྲུ་ཚད་མ་གསུམ་དང་། བྱམས་སྐུ་སྤྱི་ཁྲུ་གསུམ་གྱི་ཚད་ཅན། དེའི་གཡོན་དུ་རིམ་བཞིན་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གཙོས་མཚན་ཉིད་དང་རིག་གནས་ཀྱི་སྐོར་སོགས་པོད་སྟོང་ཕྲག་ལས་བརྒལ་བ་ཙམ་བཞུགས། གྱན་ཐང་གི་སྐོར་ལ་དབུས་སུ་འཁོར་དག་པ་རྣམ་བརྒྱད། འཇིགས་བྱེད་དང་ཀུན་རིག་སོགས་བརྒྱད། དེའི་གཡས་གཡོན་སུ་ཙོང་ཁ་བརྒྱད་ཅུ་དང་། བྱམས་པའི་ཞིང་བཀོད་སོགས་གྱན་ཐང་བཅུ་དྲུག ཡར་འཁོར་གཡས་གཡོན་གཉིས་སུ་མགོན་པོ་དང་། ལྷ་མོ། གདུགས་དཀར། སྒྲོལ་མ་ཉེར་གཅིག འཇིགས་པ་བརྒྱད་སྐྱོབ་སོགས་གྱན་ཐང་དྲུག འདུ་ཁང་སྟེང་སོའི་དབུས་སུ་སྐྱབས་འགྲོ་དང་། བླ་མཆོད་ཚོགས་ཞིང་། མཁའ་འགྲོ་སྡེ་ལྔ། མཁའ་སྤྱོད་མ་སོགས་གྱན་ཐང་བཅུ་གཉིས་བཅས་བསྡོམས་པས་གྱན་ཐང་བཞི་བཅུ་ཞེ་གཉིས་བཞུགས། རབ་གསལ་ནང་དུ་སྨན་འདམ་ལས་གྲུབ་པའི་ཐུབ་པ་གཙོ་འཁོར་གསུམ་པ། གཡས་གཡོན་གཉིས་སུ་འོད་དཔག་མེད་དང་། སྤྱན་རས་གཟིགས་བཅུ་གཅིག་ཞལ་བདུད་རྩི་འབབ་པའི་རྟེན་བྱིན་ཅན། མཐའ་སྐོར་དུ་ཉེ་སྲས་བརྒྱད། སྟེང་གི་གཡོན་ཕྱོགས་སུ་མགོན་ཁང་ཡོད་ལ། ནང་དུ་གསེར་ཟངས་ལས་གྲུབ་པའི་དམག་ཟོར་མའི་སྐུ་བརྙན་ལག་ཁྲུ་གསུམ་ཙམ་པ་གཡས་གཡོན་དུ་གདོང་ཅན་གཉིས་བཅས། གཡས་གཡོན་ཕྱོགས་གཉིས་སུ་གསང་བདེ་འཇིགས་གསུམ་དང་། གསང་བདག་འཁོར་ཆེན། སྐྱེས་བུ་གསུམ་གྱི་ཆོས་སྐྱོང་དང་འཕྲིན་ལས་རྒྱལ་བོ་སོགས་ཁྲུ་ལྔ་རེ། རྟེན་ཐང་སྐོར་ལ། རྗེ་ཞྭ་དམར་པཎྜི་ཏའི་ན་བཟའི་ངོས་སུ་ཁོང་གི་ཤངས་མཚལ་གྱིས་བྲིས་པའི་ལྷ་མོའི་ཞལ་ཐང་བྱིན་ཅན་སོགས་ཐང་ག་ཉི་ཤུ་ལྷག་དང་། འདུ་ཁང་འོག་ཤོད་ཀྱི་གཡོན་ངོས་སུ་དགེ་བཤེས་ངག་དབང་བསྟན་འཛིན་གྱིས་སྦྱིན་བདག་དང་ཐུགས་བཀོད་གནང་ནས་བཟང་གོས་སྣ་ཚོགས་ཁ་བརྒྱད་བརྒྱ་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གཙོས་ལྷག་ལྷ་དུ་མའི་གོས་སྐུ་ཆེན་མོ། ཕྱི་ཁྱམས་སྒོ་ཆེན་ལོགས་གཉིས་སུ་རྒྱ་ཆེན་བཞིའི་ལོགས་རིས། གཡས་ངོས་སུ་སྲིད་པའི་འཁོར་ལོ། གཡོན་ངོས་སུ་ཤམ་བྷ་ལའི་ཞིང་བཀོད། འདུ་ཁང་གི་ལོགས་གཡས་གཡོན་གཉིས་སུ་གློ་སྒོ་གཉིས་དང་མདུན་ཕྱོགས་ཀྱི་གཡས་གཡོན་ཡར་འཁོར་རྣམས་སུ་ཆོས་ར་ཉིས་ཐོག་བསྡོམས་པས་ཁང་མིག་ལྔ་བཅུ་ང་བཞི་དང་། སྒོ་ཆེན་ཕྱི་མའི་སྟེང་དུ་རྔ་ཁང་སུམ་ཐོག་ཤིང་བརྩེགས་དང་ཚོན་རིས་གཞན་ལས་ཁྱད་དུ་འཕགས་ལ། སྟེང་དུ་གྱོ་མོའི་རྒྱ་ཕིབས་དང་། གསེར་ཟངས་ཀྱི་ཆོས་འཁོར་རི་དྭགས། གསེར་ཏོག་མང་པོས་མཛེས་པར་བརྒྱན་པ་སོགས་ཀྱིས་ཕྱི་ནང་ཀུན་གྱི་བཟོ་དབྱིབས་ཕུན་སུམ་ཚོགས་ཤིང་། རིག་གསར་ལོ་བཅུའི་རླུང་འཚུབ་ཁྲོད་དུའང་གནོད་སྐྱོན་ཆེར་མ་ཁེལ། རྣམ་པར་རྒྱལ་བའི་ཁང་བཟང་བྱམས་ཁང་ཆེན་མོའི་འདའ་ཡབ་ཉིས་བརྩེགས། རྩེ་མོར་གསེར་ཟངས་ཀྱི་གཉྫི་ར་དང་། ངོས་སུ་མེ་ལོང་དང་རྣམ་བཅུ་དབང་ལྡན་སོགས་ཀྱིས་སྤྲས་ཤིང་སྒོ་ཆེན་གྱི་འགྲམ་གཡས་གཡོན་གཉིས་སུ་མ་ཎི་དུང་འཁོར་གཉིས་དང་། སྐོར་ལམ་དུ་མ་ཎི་ཆུང་བ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། བསྡོམས་པས་ཁང་མིག་ལྔ་བཅུ་ང་གསུམ་ཡོད་ལ་དེ་དག་གི་བརྐོས་རིས་དང་ཚོན་རིས་སྣ་ཚོགས་ཀྱི་བཟོ་བཀོད་མཛེས་ཤིང་འབུར་དུ་ཐོན། ནང་རྟེན་གྱི་གཙོ་བོ་རྣམ་འདྲེན་ལྔ་བ་མི་ཕམ་མགོན་པོ། སྨན་སྐུ་སྤྱི་ཁྲི་བདུན་ལྷག་དང་། སྟེང་ཤོད་ཀུན་ཏུ་བྱམས་པའི་ཞིང་བཀོད་དང་མི་འཁྲུགས་པའི་ཞིང་བཀོད་སོགས་གྱན་ཐང་སུམ་ཅུ་དང་སྟོང་ཐང་ཁ་ཤས་བཅས་བཞུགས།
གཞན་ཡང་སྡེ་འདིའི་སྒར་ཁག་གི་སྐོར་ལ། མགོན་ཀྱཱ་ཚང་སྒར་བ་གཞི་རྒྱ་ཅུང་ཆེ་ཞིང་། མཆོད་ཁང་ཀུན་དགའ་ར་བར་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས་ཤིང་འདུ་ཁང་གི་གཡོན་ཕྱོགས་སུ་ཆགས་ཡོད། གཞན་ཡང་ནེའུ་ལུང་སྒར་བ། ཆུ་བཟང་སྒར་བ། མི་ཉག་སྒར་བ། ཇོ་མོ་རི་བྱི་ཚང་སྒར་བ། སྟག་ཤུག་སྒར་བ། དགའ་ལྡན་སྒར་བ། ཞབས་དྲུང་སྒར་བ། ནོ་ཡོན་སྒར་བ་བཅས་ཡོད་པ་དང་། སྔར་མ་དགོན་བཀྲ་ཤིས་ཆོས་གླིང་སྐབས་སུ་བྱ་ཁྱུང་མཁན་རབས་བཅུ་བདུན་པ་ཨ་མཛོ་དཔལ་ལྡན་རྒྱ་མཚོར་ཡང་སྒར་བ་ཡོད། ས་ཁྱི་ལོའི་ཡར་སྔོན་སྡེ་འདིར་སྒར་ཁག་ཆེ་ཆུང་བཅུ་ཡོད་ལ། གཟིམ་ཆུང་སོ་སོའི་མཆོད་ཁང་ཀུན་དགའ་ར་བར་སྐུ་གསུང་ཐུགས་ཀྱི་རྟེན་ཕོན་ཆེ་བ་བཞུགས་ཤིང་དུས་དེར་གྲྭ་བའི་སྒོམ་ཁང་དོན་གཉིས་དང་དགེ་འདུན་ཉིས་བརྒྱ་ལྷག་བཞུགས།
འདུ་ཁང་ཆེན་མོའི་ནང་གི་མཆོད་ཆས་སྐོར་ལ། བུམ་པ་ཆེ་བ་གཉིས། རྒྱ་གླིང་དང་སྤོས་ཕོར་ཆ་རེ། རྒྱལ་སྲིད་སྣ་བདུན་དང་དབུ་རྒྱན་བཅུ། སྟོང་ལས་གྲུབ་པའི་དུང་ཆེན་དངུལ་གྱི་ཚིགས་རྒྱན་ཅན། གཞན་སྦུབས་ཆ་མཁར་རྔ་། ཏིང་ཕོར་མཆོད་རྐོང་སོགས་བགྲང་ལས་འདས་ཤིང་། མཆོད་རྫས་ཀྱི་སྐོར་ལ། གསེར་ཟངས་ཀྱི་ཙི་པ་ཊས་བརྒྱན་པའི་ཀ་འཕན་བཞི། གྲུམ་ཙེའི་ཀ་ཐུམ་བརྒྱད། ཀ་ཐུང་རྣམས་ལ་ཕྲུག་གི་ཐུམ་དང་། ཀ་བར་རྣམས་སུ་བཟང་གོས་སྣ་ཚོགས་ལས་གྲུབ་པའི་རྒྱལ་མཚན་ཆེ་བ་ལྔ། ལོགས་རྣམས་སུ་ནོར་བུའི་དྲ་བ་དྲ་ཕྱེད། གཞན་གྲལ་ལ་བཏིང་བའི་གདན་རིང་བོ་འགའ་ཡོད་དོ། དགོན་པའི་ཚོགས་འདོན་གྱི་སྐོར་སླར་གསོ་བྱས་པའི་ཚུལ་ལ། རབ་རྒྱལ་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོར་ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབབ་དང་། དགོན་པར་ཆོས་སྒོ་འབྱེད་རྒྱུའི་རེ་འདུན་ཞུས་པ་ལྟར་གོང་ནས་ཆོག་མཆན་གནང་། དེ་ནས་བཀའ་དྲིན་མཚུངས་མེད་དམ་པ་ནེའུ་ལུང་བློ་བཟང་ལུང་རྟོགས་རྒྱ་མཚོ་གཙོས་སྐལ་ལྡན་དང་། འཇམ་དབྱངས། ངག་དབང་བཟོད་པ་བཅས་ཀྱིས་བྱ་བའི་འཁུར་བཞེས། གྲྭ་པ་རྒན་གྲས་རྣམས་དགོན་པར་གཞི་འཛིན་དུ་ཕེབས་ཏེ་མཆོད་རྟེན་སྐེ་དགའ་བཀྲ་ཤིས་དར་རྒྱས་གླིང་འདི་ཉིད་བསྐྱར་གསོ་བྱེད་མགོ་བརྩམས། །
དགའ་འོས་པ་ཞིག་ནི། སྔར་གྱི་ཚོགས་ཆེན་འདུ་ཁང་དེ་ཉིད་དཀར་བརྗིད་ཞིང་གི་འབྲུ་མཛོད་ཁང་བྱས་པ་དང་། ཁྱམས་ར་རྔ་ཁང་སུམ་ཐོག་ཅན་བཅས་ལའང་རིག་གསར་ལོ་བཅུའི་གནོད་སྐྱོན་མ་ཁེལ། དེ་ལ་དགོན་པའི་དོ་དམ་ལྷན་ཚོགས་ཀྱི་འགན་འཛིན་ནེའུ་ལུང་མཆོག་སྤྲུལ་རིན་པོ་ཆེ་གཙོས་འགན་འཁུར་བ་དག་གིས་འདུ་ཁང་ཆེན་མོའི་ཕྱི་ནང་ཐམས་ཅད་ཞིག་གསོའི་བྱ་བར་ཐུགས་ཁུར་དཔེ་མེད་མཛད་པའི་ཁར། ཞིང་ཆེན་རིག་གནས་ཐིན་གྱིས་སྒོར་ཆིག་ཁྲི་ལྔ་སྟོང་། ཁུལ་དང་རྫོང་གིས་སྔ་ཕྱིར་སྒོར་བརྒྱད་སྟོང་ཙམ། རྫོང་གིས་འཕྲོད་བསྟེན་གྱི་ཕྱོགས་སུ་སྒོར་ཉིས་སྟོང་བཅས་བསྡོམས་པས་སྒོར་ཉིས་ཁྲི་ཙམ་གྱི་རོགས་དངུལ་གནང་བར་བརྟེན་འདུ་ཁང་ཆེན་མོའི་ཕྱི་ནང་ཀུན་ལ་ཉམས་གསོ་གང་ལེགས་བྱས། ཕྱི་ནང་གི་གྲོང་སྡེའི་མང་ཚོགས་ཀྱིས་ཀྱང་རང་ནུས་ཀྱིས་མཐུན་རྐྱེན་གང་ཡོད་སྦྱར་ཏེ་ནང་རྟེན་རྣམས་རིམ་པས་བཞེངས། མདོར་ན་ཕྱི་ནང་གི་ཡོ་ཆས་ཐམས་ཅད་རིམ་པས་ཡར་རྒྱས་སུ་འགྲོ་བཞིན་པའོ། །
རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་མགོན་ཀྱཱ་མཆོག་སྤྲུལ་དགེ་འདུན་ཕུན་ཚོགས་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་བྱམས་ཁང་ཉིས་ཐོག་གྱན་ལྔ་དང་གྱོ་མོའི་རྒྱ་ཕིབས་དང་གསེར་ཏོག་སོགས་ཀྱིས་མཛེས་པར་བརྒྱན་པ། ཕྱི་ནང་ཀུན་གྱི་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་གསར་ཏུ་བཞེངས་ཤིང་། ནང་རྟེན་གྱི་གཙོ་བོ་རྣམ་འདྲེན་ལྔ་བ་མི་ཕམ་མགོན་པོའི་སྐུ་བརྙན་ཉིས་ཐོག་གི་ཚད་ཙམ་པ་ཁྲི་དྲུག་འགྱོགས་དང་བཅས་རྟེན་བརྟེན་པ་རྣམས་འགྲོ་བའི་ཞིང་དུ་བསྐྲུན་པར་མཛད།
ཐུགས་རྟེན་གྱི་སྐོར་ལ། དགེ་བཤེས་ངག་དབང་བསྟན་འཛིན་ཁོང་རང་ཉིད་ཀྱིས་མཐུན་རྐྱེན་དང་ཐུགས་བཀོད་གནང་ནས་བྱང་ཆུབ་མཆོད་རྟེན་ཆེ་ལེགས་ཤིག་འདུ་ཁང་གི་གཡས་ཕྱོགས་སུ་བཞེངས། གཡོན་ཕྱོགས་སུ་རབ་རྒྱན་ལྕགས་རྟ་ཕྱི་ལོ་༡༩༩༠ལོར་སྣང་བ་མཐའ་ཡས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་གདུང་མཆོད་ཡུལ་སྡེ་སོ་སོའི་དད་གཏོང་ཆེ་བ་རྣམས་ཀྱིས་ཕུལ་བའི་དད་རྫས་རྣམས་འགན་ཁུར་བ་དག་གིས་ཆུད་ཟོས་སུ་མ་བཏང་བར་བླ་གྲྭ་ཐུན་མོང་གིས་འབད་བརྩོན་གནང་འོག་བདེ་གཤེགས་མཆོད་རྟེན་བརྒྱད་མཐོ་ཚད་སྨིས་ལྔ་དང་ཕྱེད་ལྷག་ཙམ་གསར་དུ་བཞེངས་ཏེ་དད་ལྡན་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་གྱུར། རབ་རྒྱལ་ལྕགས་སྤྲེལ་ཕྱི་ལོ་༡༩༨༠ལོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་ལྗོངས་འདིར་ཆིབས་ཞལ་བསྒྱུར་སྐབས། སྒོ་མེ་ཚེ་འགུའི་ཐང་དཀར་པོར་ཇ་ཐབ་སྟེང་དགེ་འདུན་རྣམས་ནས་སེར་སྦྲེང་དང་། ཚེ་འགུ། ཚོ་བཞིའི་དད་ལྡན་མང་ཚོགས་ཀྱིས་རྟ་བསུ་བཅས་ཀྱིས་བསུས་ཏེ་གཟིམ་གུར་དུ་ཞབས་ཀྱིས་བཅགས་ཤིང་། གཞིས་བྱེས་ཀྱི་མཇལ་བ་སྟོང་ཕྲག་མང་པོར་སྐྱབས་འགྲོ་མ་ཎི་སོགས་ཀྱི་ལུང་དུ་མ་དང་ཕྱག་དབང་བཅས་ཀྱིས་སོ་སོའི་འདོད་མོས་བསྐངས། ཀུན་གཟིགས་མཆོག་ཉིད་ནས་དམངས་སྒོར་ཉིས་སྟོང་ལྷག་དང་། དར་གོས་དང་ཇ་རག་མང་པོའི་བདག་རྐྱེན་བསྩལ། རབ་རྒྱན་ཤིང་ཕག་ཕྱི་ལོ་༡༩༩༥ལོར་དགོན་པས་ཐང་དཀར་པོར་བྱང་ཆུབ་མཆོད་རྟེན་ཆེ་ཤོས་ཤིག་བཞེངས་པ་དང་དད་ལྡན་མང་ཚོགས་ཀྱི་འདོད་མོས་ཚིམ།
རབ་རྒྱན་མེ་བྱི་ཕྱི་ལོ་༡༩༩༦ལོའི་བར་ལོ་ངོ་བཅུ་དྲུག་གི་རིང་ལ་འདུ་ཁང་ཆེན་མོ་ཉམས་གསོ་དང་། ནང་རྟེན་གསར་བཞེངས། བྱམས་ཆེན་མཐོང་བ་དོན་ལྡན་རྟེན་བརྟེན་པ་དང་བཅས་སྐུ་གསུང་ཐུགས་ཀྱི་རྟེན་བྲིས་འབུར་ཆེ་ཕྲ་ཅི་རིགས་བཞེངས་པ་དང་། ཆོས་ཐོག་གི་སྐོར་ལ། ཆོ་འཕྲུལ་སྨོན་ལམ་ནས་བཟུང་ཟླ་རེའི་ཆོས་ཐོག་དང་གར་འཆམ་སོགས་སྔོན་གྱི་ཕྱག་རྒྱུན་རྣམས་རིམ་པས་སོར་ཆུད་པ་བྱུང་། མགོན་ཀྱཱ་སྒར་དང་། ནེའུ་ལུང་སྒར་བཅས་ཀྱི་མཆོད་ཁང་ཀུན་དགའ་ར་བར་ཡང་སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་བཞེངས་པ་དང་། གྲྭ་བའི་སྒོམ་ཁང་སུམ་ཅུ་དང་དགེ་འདུན་ཞལ་གྲངས་བཅུ་ཕྲག་ལྔ་ནས་གོང་དུ་འཕེལ་བཞིན་པ་དང་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ངོས་འགྲིག་ཀུན་སྤྱོད་སོགས་སྔར་སྲོལ་རྒྱུན་སྐྱོང་བྱས་ཏེ་ཆོས་སྲིད་ལེགས་ཚོགས་ཀྱི་བྱ་བ་མཐའ་དག་ཡར་ཟླ་བཞིན་གོང་འཕེལ་དུ་འགྲོ་བཞིན་པ་དང་། ད་ལྟ་དགོན་པ་རང་ལ་བོད་སྨན་ཁང་ཞིག་ཀྱང་ ཡོད་དོ། །