ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བོད་ཀྱི་སྐད་གཉིས་སློབ་གསོ།

------གཙོ་བོ་བོད་ཀྱི་སློབ་གྲྭ་རྣམས་ལ་ཁ་ཕྱོགས་ནས་བཤད་པ་ཡིན།

སྤེལ་དུས 2017-09-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཧོར་རྫས་རྒོད།
          སྤྱིར་སྐད་ཡིག་ནི་མི་རིགས་དང་མི་རིགས་བར་ལ་འབྲེལ་བ་བྱེད་པའི་ལག་ཆ་ཞིག་རེད། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེའི་དཔལ་འབྱོར་དང་ཆབ་སྲིད། ཆོས་ལུགས། རིག་གནས། ལོ་རྒྱུས་བཅས་ཀྱི་རྒྱུན་འཛིན་བྱེད་དུ་གྱུར་ཡོད། དར་རྒྱས་འགྲོ་དང་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་འཕེལ་རྒྱས་གཏོང་བཞིན་ཡོད། ཁོ་པ་ཚོས་གཞན་པའི་སྐད་ཡིག་ལག་ཆ་ཞིག་གི་ཚབ་ལ་བཞག་ནས་སྦྱོང་བཞིན་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད།

          ཡང་སྐད་གཉིས་སློབ་གསོ་ལ་རྒྱལ་ཁ་ཐོབ་ཟིན་པའི་རྒྱལ་ཁབ་ཨ་མེ་རི་ཁ། ཁེ་ན་ཏ། ཨུ་རུ་སུ། འཇར་པན། ཨོ་སི་ཐྲ་ལི་ཡ། ལུ་སེམ་པག་སོགས་ལ་ཆ་མཚོན་ན། ཁོ་ཚོས་ནམ་ཡིན་ཡང་གཙོ་བོ་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ཏེ་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས། རིག་གནས་སོགས་འཕེལ་རྒྱས་གཏོང་བཞིན་ཡོད། གཞན་པའི་སྐད་ཡིག་ནི་ལག་ཆ་ཞིག་གི་ ཚབ་ལ་བཞག་ནས་བེད་སྤྱོད་གཏོང་གིན་འདུག སྔོན་འཇར་པན་གྱིས་རང་གི་སྐད་ཡིག་ཕལ་བ་བྱས་ནས་དབྱིན་ཇིའི་སྐད་ཡིག་གཙོ་བོར་བཟུང་། སྐབས་དེར་ཁོ་པ་ཚོས་ཆབ་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་འཕེལ་རྒྱས་མགྱོགས་པོར་འགྲོ་བར་སེམས། ཡིན་ནའང་ཁོ་ཚོའི་འཆར་གཞི་དེ་ལས་ལྡོག་པར་གྱུར། དེ་རྗེས་གཞི་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་འཕེལ་རྒྱས་འགྲོ་དགོས་པའི་གནས་ལུགས་རྟོགས། གནས་ལུགས་དེ་ང་ཚོའི་མི་རིགས་ཀྱིས་ཀྱང་ཤེས་དགོས། ད་ལྟའི་དུས་རབས་ནི་རིག་གནས་ཀྱི་དུས་རབས་ཤིག་རེད། ང་ཚོའི་ལས་ཞུགས་པ་ཞིག་བྱེད་འདོད་ན། ངེས་པར་དུ་ཡིག་རྒྱུགས་སྤྲད་དགོས། ཡིག་རྒྱུགས་དེས་ང་ཚོའི་ སློབ་གསོའི་ཆུ་ཚད་ག་འདྲ་ཡིན་པ་གོ་ཐུབ། མཐའ་ན་གཞུང་ཞབས་པ་ཞིག་བྱེད་དགོས་ན། ངེས་པར་དུ་ཡིག་རྒྱུགས་སྤྲད་དགོས། ང་ཚོའི་ལོ་རྒྱུས་ཐོག་ནས་བཤད་ན། བོད་ཀྱི་སློབ་གསོ་ནི་ཆེས་སྔོན་ཐོན་ཞིག་རེད། ཡིན་ནའང་ངས་བཤད་འདོད་པ་ནི་དེང་རབས་བོད་ཀྱི་སློབ་གསོའི་གནས་བབས་ཡིན། ལོ་ལྔ་བཅུའི་རིང་ང་ཚོ་ལ་སློབ་གསོའི་ཁྱབ་ཁོངས་ཡོད་ཀྱང་། ཡིད་ཕམ་དགོས་ས་ཞིག་ནི་སློབ་གསོའི་སྤུས་ཚད་ཧ་ཅང་ཞན། ས་གནས་སམ་སློབ་གྲྭ་གཅིག་གི་རྒྱ་བོད་ཀྱི་སློབ་མ་རྣམས་སློབ་ཆེན་གྱི་ཡིག་རྒྱུགས་སྤྲོད་སྐབས། ཕན་ཚུན་བར་ལ་ཕལ་ཆེར་ཨང་གྲངས་བརྒྱ་ཡས་མས་ཁྱད་པར་ཡོད། འདི་ནི་བོད་ཀྱི་ས་གནས་རེ་གཉིས་མིན་པར་ཐམས་ཅད་ཀྱི་གནས་ཚུལ་ཞིག་ཏུ་སྣང་། ང་ཚོའི་མི་རིགས་ལ་སློབ་གསོའི་སྤུས་ཚད་མེད་ན། ལས་ཞུགས་པ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། བོད་ཀྱི་ས་གནས་ཁག་ནས་གཞུང་ཞབས་པར་རྒྱུགས་སྤྲོད་སྐབས། དེའི་ནང་གི་རྒྱུགས་སྤྲོད་པ་བརྒྱ་ཆ་དགུ་བཅུ་ནི་བོད་རིགས་ཡིན། ཡིན་ཡང་རྒྱུགས་ལོན་པའི་སློབ་མ་ཕལ་ཆེ་བ་ནི་མི་རིགས་གཞན་དག་ཡིན།

          ཚོང་ལས་སོགས་ཀྱི་ཐད་ནས་བཤད་ན་ང་ཚོས་ནམ་ཡང་མི་རིགས་གཞན་པ་རྣམས་ཀྱི་རྗེས་ཆོད་ཀྱིན་མེད། བོད་རིགས་རྣམས་བླུན་ཆེ་ལ། མི་རིགས་གཞན་དག་སྤྱང་གྲུང་དང་ལྡན་པ་ཡིན་ནམ། ངས་བསམས་ན་རྒྱ་བོད་ཀྱི་མི་རྣམས་སྐྱེས་སྟོབས་ཀྱི་ཤེས་རབ་ལ་ཁྱད་པར་ཡོད་སྣང་འཆར་གྱིན་མེད། ཡིན་ཡང་ཁོར་ཡུག་དང་སློབ་གསོ་མི་འདྲ་བའི་དབང་གིས་འདི་ལྟར་ཁྱད་པར་དུ་གྱུར་སོང་བར་སེམས། ང་ཚོའི་སློབ་གསོའི་ཐད་ནས་རྨ་ཁ་ཆེན་པོ་དང་ཕམ་ཁ་མི་ཉུང་བ་ཞིག་རག་ཡོད། བོད་ཀྱི་ས་ཆ་གང་ཡིན་ཡང་བོད་རིགས་བརྒྱ་ཆ་དགུ་བཅུ་ཡས་མས་ཟིན་ཡོད་། བོད་རང་སྐྱོང་ལྗོངས་ལ་ཆ་མཚོན་ན་མི་གྲངས་ཁྲི་༢༨༠ཡས་མས་ཡོད། དེའི་ནང་ནས་ཁྲི་༢༦༠ཡས་མས་བོད་རིགས་ཡིན། ཡིན་ནའང་ང་ཚོས་མངོན་གསལ་དུ་ཤེས་པ་ཞིག་ལ་བོད་ཀྱི་ཚོང་ལས་ཧ་ཅང་ཉུང་། ཚོང་ལས་ནི་ང་ཚོའི་དཔལ་འབྱོར་གྱི་རྨང་གཞིའི་ཡོང་སྒོ་ཡིན། བོད་མི་ཐམས་ཅད་གཞུང་ཞབས་པའམ་དགེ་རྒན་བྱེད་དགོས་ཟེར་ན་དེ་ནི་མངོན་འགྱུར་མི་ཡོང་བའི་སྐད་ཆ་རང་རེད། ལས་ཞུགས་ཁང་ཕལ་ཆེ་བ་ནི་སྒེར་བཙུགས་ཁེ་ལས་རྣམས་ཀྱིས་བཟུང་ཡོད། སྒེར་བཙུགས་ཁེ་ལས་མཐར་གཏུགས་ནས་བཤད་ན་སྒེར་གྱི་དཔལ་འབྱོར་ཡོང་སྒོ་བསྡུ་ས་ཞིག་རེད།

          ང་ཚོའི་བོད་ཁུལ་ནས་ཁེ་ལས་བརྒྱ་ཆ་བརྒྱད་ཅུ་ནི་ཕྱི་མི་རྣམས་ཀྱིས་བཟུང་ཡོད། བརྒྱ་ཆ་ཉི་ཤུ་ཙམ་བོད་རིགས་རྣམས་ཀྱིས་ཟིན་ཡོད་པར་སྣང་། ད་དུང་ས་ཆ་འགའ་རེ་ལ་བརྒྱ་ཆ་ཉི་ཤུ་ཡང་མེད། དཔེར་ན། ལྷ་ས་རུ་ཆ་མཚོན་ན། བོད་ཀྱི་ཚོང་ལས་རྒྱ་ཆེ་ཤོས་ནི་བར་བསྐོར་ལམ་གཡས་གཡོན་ནས་ཡིན།ལོ་རྒྱུས་ཐོག་ནས་ཀྱང་དེ་ལྟར་ཡིན་རྒྱུ་རེད། ཀྲུང་གོའི་སྤྱི་ཚོགས་ ཚན་རིག་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། "བོད་མི་ཆེས་འདུས་སྡོད་མང་བའི་བར་སྐོར་ལམ་ནས་བོད་རྣམས་ཀྱི་ཚོང་ལས་བརྒྱ་ཆ་བཞི་བཅུ་ལས་ཟིན་མེད། ལྷག་མ་རྣམས་མི་རིགས་གཞན་པ་རྣམས་ཀྱིས་བཟུང་ཡོད"ཅེས་བཤད་འདུགདེ་མིན་བར་བསྐོར་བྱང་ལམ། བར་བསྐོར་ཤར་ལམ། བདེ་སྐྱིད་ལམ། ཅང་སུ་ལམ་སོགས་ནས་ཕལ་ཆེར་བོད་རིགས་ཀྱི་ ཚོང་ལས་གཉེར་བ་མཐོང་རྒྱུ་མེད། ལྷ་ས་གྲོང་ཁྱེར་སྤྱིའི་ཆ་ནས་བཤད་ན། ཕལ་ཆེར་བོད་རྣམས་ཀྱི་ཚོང་ལས་བརྒྱ་ཆ་ལྔ་ཙམ་མ་གཏོགས་ཟིན་མེད། བརྒྱ་ཆ་དགུ་བཅུ་གོ་ལྔ་མི་རིགས་གཞན་པ་རྣམས་ཀྱིས་བཟུང་འདུགང་ཚོའི་མི་གྲངས་ཀྱིས་བརྒྱ་ཆ་དགུ་བཅུ་ཙམ་ཟིན་ན་ཅིའི་ཕྱིར་ཚོང་ལས་ཀྱིས་བརྒྱ་ཆ་ལྔ་མ་གཏོགས་ཟིན་མེད། ཁྱེད་ཚོར་དྲི་བ་འདི་ལ་ལན་འདྲ་མིན་སྣ་ཚོགས་ཡོད་ན་ཐང་། ངས་ཆེས་ལན་འདེབས་འདོད་པ་ནི་གཙོ་བོ་ང་ཚོའི་མི་རིགས་འདིའི་སློབ་གསོའི་ཆུ་ཚད་མ་འདང་པ་རེད། སློབ་གསོའི་ཆུ་ཚད་རྗེས་མ་ཆོད་ན་ཚོང་ལས་དང་ཁེ་ལས་གང་གཉེར་ཀྱང་མི་རིགས་གཞན་རྣམས་དང་བསྡུར་ཐབས་བྲལ། བོད་ལ་ཡོད་པའི་རྒྱ་རིགས་ཀྱི་ཚོང་བ་རྣམས་མ་མཐའ་ཡང་དམའ་འབྲིང་གི་རིག་གནས་ཆུ་ཚད་ཡོད། རྒྱ་བོད་གཉིས་སློབ་གསོའི་ཆུ་ཚད་ཀྱི་ཆ་ནས་བསྡུར་ན་གནམ་སའི་ཁྱད་པར་ཡོད། དེ་ལྟར་གྱུར་སོང་བའི་གནད་དེ་ང་ཚོས་ལེགས་པར་ངོས་ཟིན་ན། ད་གཟོད་ང་ཚོའི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་ན་ཐང་།

སློབ་གསོའི་དམིགས་ཡུལ།
          བོད་ཀྱི་སྤྱི་ཚོགས་འདིར་ཕ་སྐད་གཙོ་བོར་བྱེད་དགོས་པའི་སློབ་གསོ་བྱེད་རྒྱུ་ནི་གལ་ཆེན་ཞིག་ཏུ་སྣང་། སྤྱིར་བོད་ཀྱི་སློབ་ཆུང་ནས་སློབ་ཆེན་བར་ལ་ཕ་སྐད་གཙོ་བོར་བྱེད་པའི་སློབ་གསོའི་རྨང་གཞི་ཆགས་ཡོད། ཡིན་ནའང་ཡིད་སྐྱོ་བ་ཞིག་ནི། དེའི་ཐད་ནས་དོ་སྣང་མ་བྱས་པ་དེ་རེད། ནམ་རྒྱུན་ང་ཚོས་རང་མི་རིགས་ཀྱི་རིག་གནས་ལ་དོ་སྣང་མི་བྱེད་པར་མ་ཟད། གཞན་པའི་རིག་གནས་ཀྱི་རྗེས་སུ་འབྲངས་བ་ལ་དགའ། དེའི་རྒྱུ་མཚན་གཙོ་བོ་ནི། དགེ་རྒན་མང་ཆེ་བས་རང་གིས་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་རིག་གནས་སོགས་ཀྱི་ཁྱད་ཆོས་མི་ཤེས་པ་མ་ཟད། གཞན་ལ་ཡང་སྐུལ་འདེད་མི་བྱེད། ཁོ་ཚོས་ནམ་རྒྱུན་བཤད་རྒྱུ། གཞན་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ། གོམས་གཤིས་སོགས་ཡིན། ད་དུང་དགེ་རྒན་འགའ་རེས་བོད་ཡིག་སྦྱངས་ན་དགོས་པ་མེད་རབས་སོགས་ཀྱི་སློབ་གསོ་སྤེལ་བཞིན་འདུག་པ་ཡང་མཐོང་། དྲང་མོ་བཤད་ན། ང་ཚོའི་སྐད་ཡིག་འཇིགས་པའི་རྒྱུ་རྐྱེན་གཙོ་བོ་ཕྱི་ནས་ཡོང་བ་མིན་ལ་ནང་ལ་ཡོད། གཞན་ཟེར་རྗེས་བརྗོད་ལ་དགའ་བའི་ཕ་མ་དང་དགེ་རྒན་རྣམས་ང་ཚོའི་སྐད་ཡིག་གི་དགྲ་བོ་ཡིན་པར་འདོད།

          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་པའི》ནང་དུ་བཤད་དོན། "མི་རིགས་རང་གི་སྐད་ཡིག་འཕེལ་རྒྱས་གཏོང་བའི་དབང་ཆ་དང་རིག་གནས་རྒྱུན་འཛིན་བྱེད་པའི་ཐོབ་ཐང་ཡོད"ཅེས་གསུངས། ངས་བསམས་ན་ང་ཚོ་སློབ་ཆུང་ནས་བཟུང་སྟེ་རིག་གནས་གང་ལ་སྦྱངས་ཀྱང་ངེས་པར་དུ་ཕ་སྐད་གཙོ་བོ་བྱས་ནས་སྦྱོང་དགོས། དེ་ལྟར་སྦྱངས་ན་ད་གཟོད་ང་ཚོའི་མི་རིགས་འདི་སྔོན་ཐོན་གྱི་མི་རིགས་གྲལ་དུ་འགྲོ་ཐུབ། སློབ་ཆུང་གི་བསླབ་ཁག་ནང་ནས། རྒྱ་ཡིག་ཕུད། རྩིས་ཡིག་དང་རོལ་མོ། ཀུན་སྤྱོད། གཞན་ད་དུང་ལུས་རྩལ་དང་རི་མོ་རྣམས་ཕ་སྐད་ཀྱི་ཐོག་ནས་སྦྱངས་ན། དེ་ལ་དཔེ་དང་པོའི་སློབ་ཁྲིད་ཟེར། ཡང་སློབ་ཆུང་གི་བསླབ་ཁག་ནང་ནས། བོད་ཡིག་ཕུད། རྩིས་ཡིག རོལ་མོ། ཀུན་སྤྱོད། གཞན་ད་དུང་ལུས་རྩལ་དང་རི་མོ་རྣམས་རྒྱ་སྐད་ཀྱི་ཐོག་ནས་སྦྱངས་ན། དེ་ལ་དཔེ་གཉིས་པའི་སློབ་ཁྲིད་ཟེར། སློབ་འབྲིང་ལ་ཆ་མཚོན་ན། རྩིས་ཡིག ཆབ་སྲིད། དངོས་ཁམས། སྐྱེ་དངོས། རྫས་འགྱུར། ས་ཁམས། ལོ་རྒྱུས། ལུས་རྩལ་རྣམས་ཕ་སྐད་ཀྱི་ཐོག་ནས་སློབ་ཁྲིད་གནང་རྒྱུ། རྒྱ་ཡིག་དང་ དབྱིན་ཡིག་ནི་རང་གི་སྐད་ཐོག་ནས་སློབ་ཁྲིད་གནང་དགོས་པ་སྨོས་མ་དགོས། སྤྱིར་བཏང་བཤད་ན། དཔེ་དང་པོ་དང་དཔེ་གཉིས་པ་གཉིས་ཀ་སྐད་གཉིས་སློབ་གསོ་རེད།

          ཡིན་ནའང་ང་ཚོས་དཔེ་གང་གི་སྐད་གཉིས་སློབ་གསོ་དེ་ང་ཚོའི་སྤྱི་ཚོགས་ལ་ཕན་ནུས་ཆེ་བར་ལྟ་དགོས། དུང་སློབ་ཁྲིད་ཀྱི་སྐབས་སུ་རྒྱ་ཡིག་གི་ཐོག་ནས་བཤད་རྗེས་ཡང་བསྐྱར་བོད་ཡིག་གིས་བཤད་ན། དེ་ཡང་སྐད་གཉིས་སློབ་གསོ་ཞིག་རེད་། ཡིན་ཡང་ནང་དོན་གཅིག་ལ་འགྲེལ་བཤད་གཉིས་བྱེད་དགོས་བྱུང་ཚེ། དེ་འདྲའི་སློབ་གསོས་དགོས་མེད་ཀྱི་དུས་ཚོད་མང་པོ་ཞིག་བརླག་བཞིན་ཡོད། འགའ་རེས་སློབ་མ་རྣམས་ལ་བོད་ཡིག་གི་སློབ་དེབ་སྤྲད་ནས་དགེ་རྒན་གྱིས་རྒྱ་སྐད་ཀྱི་ཐོག་ནས་སློབ་ཁྲིད་གནང་བར་ཡང་འདུག དེ་ནི་དོན་གྱིས་ཐོག་ནས་སློབ་མས་བཟུང་ཡོད་པའི་སློབ་དེབ་དང་དགེ་རྒན་གྱིས་བཤད་པའི་སྐད་ཆ་གཉིས་འགལ་བ་ཞིག་རེད། སློབ་མ་མང་པོ་ཞིག་གིས་དགེ་རྒན་གྱིས་བཤད་པའི་མིང་ཚིག་དེ་སློབ་དེབ་ནང་གི་མིང་ཚིག་གང་ཡིན་མ་གོ་བར་བསྡད་འདུག དེ་འདྲའི་སློབ་ཁྲིད་ནི་ཆེས་ཐབས་རྡུགས་ཀྱི་སློབ་ཁྲིད་བྱེད་སྟངས་ཤིག་ཏུ་སྣང་།

          སྦྲགས་སྐད་ཀྱི་སྒོ་ནས་སློབ་ཁྲིད་གནང་བ་ནི་ཆེས་མ་གུས་པའི་ལས་ཤིག་ཡིན་པར་སེམས། སྤྱིར་གོང་ནས་བཤད་པའི་དཔེ་དང་པོ་དང་དཔེ་གཉིས་པ་ནི་གནས་ལུགས་དང་མཐུན་པའི་སློབ་ཁྲིད་བྱེད་སྟངས་ཤིག་རེད། ཡིན་ནའང་དཔེ་གང་ད་གཟོད་ང་ཚོའི་བོད་ཀྱི་སློབ་གྲྭ་རྣམས་དང་མཐུན་པར་བལྟ་དགོས། སྤྱིར་སློབ་གསོ་གང་ཡིན་ཡང་དེ་ལ་དེ་དང་མཐུན་པའི་དམིགས་ཡུལ་རེ་ཡོད། སློབ་ཆུང་ལ་སློབ་ཆུང་དང་མཐུན་པའི་དམིགས་ཡུལ། སློབ་འབྲིང་ལ་སློབ་འབྲིང་དང་མཐུན་པའི་དམིགས་ཡུལ། སློབ་ཆེན་ལ་སློབ་ཆེན་དང་མཐུན་པའི་དམིགས་ཡུལ་རེ་ཡོད། དམིགས་ཡུལ་དེ་མ་འགྲུབ་ན་སློབ་གསོ་དེ་ཡང་དོན་མེད་ཅིག་ཏུ་གྱུར། མཐར་གཏུགས་ནས་བཤད་ན་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་སློབ་གསོའི་དམིགས་ཡུལ་ངོ་མ་དེ་ཡིན། དེང་སང་བོད་ཀྱི་ས་ཆ་འགའ་རེའི་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་མ་རྣམས་རྩིས་ཡིག་དང་རྫས་འགྱུར་སོགས་རྒྱུགས་འབྲས་ཀྱི་སྐར་གྲངས་ལ་བཅུ་ནས་བཅོ་ལྔ། གོར་ཐིག་ཅན་གྱི་སློབ་མ་ཡང་འདུག དེ་འདྲ་ཡིན་ན་སློབ་གསོའི་དམིགས་ཡུལ་འགྲུབ་ཡོད་དམ།

          ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་འཁོ་བའི་སློབ་གསོ་ནི་དཔེ་དང་པོའི་སློབ་ཁྲིད་ཡིན། རྒྱུ་མཚན་ནི་ཉིད་ཀྱིས་སློབ་ཁྲིད་གནང་སའི་སློབ་མ་ནི་བོད་ རིགས་ཤ་སྟག་ཡིན། ཉིད་ཀྱིས་སློབ་ཁྲིད་བྱས་པའི་མཐར་སློབ་མ་རྣམས་ཀྱིས་ཅི་ཡང་མ་གོ་བ་ཡིན་ན། ཉིད་ཀྱིས་སློབ་ཁྲིད་གནང་བའི་དོན་སྙིང་ཡོད་དམ། ང་ཚོས་བོད་པའི་ས་ཁུལ་ལ་རྒྱའི་སྐད་ཡིག་ཡང་དག་བཤད་ཤེས་མི་ག་ཚོད་ཡོད། ད་དུང་སློབ་ཆུང་གི་ནང་ལ་ཅི་ཙམ་ཡོད་། སློབ་མ་རྣམས་ཀྱིས་རིག་གནས(ཚན་རིག་ལག་རྩལ་དང་དེང་རབས་རིག་གནས)སློབ་པའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པར་མི་རིགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། དེ་མིན་རུང་། མ་མཐའ་ཡང་རང་ཉིད་ཀྱི་ཁྱིམ་ཚང་གི་འཚོ་བ་ལ་དཀའ་ཁག་མི་ཡོང་བར་བྱེད་ནུས་དགོས། དེ་ལྟར་མ་ཡོང་ན་རིག་གནས་སྦྱངས་པའི་དོན་མེད་སོང་བ་རེད། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སློབ་མ་རྣམས་ཀྱི་རྒྱུད་ལ་རིག་གནས་ཤིག་སྦྱར་རྒྱུ་དེ་ཡིན།

          ཕ་སྐད་ཀྱི་ལམ་ནས་ཚན་རིག་ཤེས་བྱ་སྦྱངས་ན་ཕུལ་བྱུང་གི་འབྲས་བུ་ལེན་ནུས་ལ་གཞན་གྱི་སྐད་ཐོག་ནས་སྦྱངས་ན་ལེན་མི་ཐུབ་པ་ནི་ཕལ་ཆེར་ཆོས་ཉིད་ཅིག་རེད་ཟེར་ན་མ་ཆོག་པ་མེད་སྙམ། ད་བར་ང་ཚོ་བོད་ལ་ཆ་མཚོན་ན། ཀྲུང་གོའི་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་ལྟ་བུའི་སློབ་གྲྭའི་ནང་ལ་རྒྱུགས་འཕྲོད་པའི་སློབ་མ་ནི་ཉིན་མོའི་སྐར་མ་ལྟ་བུ་རེད།

          སོག་རིགས་དང་ཁྲའོ་ཞན་མི་རིགས་སོགས་ལ་བཤད་ན་སློབ་གྲྭ་དེ་དག་ལ་རྒྱུགས་འཕྲོད་པ་གྲངས་ཀྱིས་མི་ལངས་པ་ཡོད། ཁོ་ཚོའི་སློབ་གསོ་ནི་དཔེ་དང་པོའི་སློབ་ཁྲིད་རེད། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་སློབ་ཆེན་བར་རང་གི་ཕ་སྐད་ཐོག་ནས་སློབ་ཁྲིད་བྱེད་པ་ཤ་སྟག་རེད། གཞན་ཡང་དཔེ་གཉིས་པའམ་གཞན་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པ་རྣམས་ང་ཚོ་བོད་དང་གཅིག་མཚུངས་རེད།

ཕ་སྐད་གཙོ་བོའི་སློབ་ཁྲིད་མེད་པར་བྱས་པ།
          ༢༠༠༧ལོར་ལྷ་སའི་སློབ་འབྲིང་དྲུག་པའི་སློབ་གྲྭ་ལ་ཞིབ་འཇུག་བྱས་པ་ལྟར་ན། ༡༩༩༡ལོར་རྒྱ་ཡིག་གཙོ་བོར་བྱེད་པའི་འཛིན་གྲྭ་གཉིས་དང་བོད་ཡིག་གཙོ་བོར་བྱེད་པའི་འཛིན་གྲྭ་དྲུག་ཡོད། དེ་རྗེས་རྒྱའི་དགེ་རྒན་ཇེ་མང་དུ་སོང་ནས། འཛིན་གྲྭ་ཡོངས་ལ་བོད་ཡིག་གི་བསླབ་ཁག་མ་གཏོགས་གཞན་པའི་བསླབ་ཁག་རྣམས་རྒྱའི་སྐད་ཐོག་ནས་སློབ་ཁྲིད་གནང་། དེ་ནས་བཟུང་སྟེ་སློབ་གྲྭ་དེ་ལ་དཔེ་དང་པོའི་སློབ་ཁྲིད་མེད་པར་གྱུར། དེ་དང་ཆབས་ཅིག་ཏུ་སློབ་མའི་རྒྱུགས་འབྲས་བརྒྱ་ཆ༥༠མར་ལ་ལྷུང་། སྤྱིར་ལོ་རབས་བརྒྱད་ཅུ་པའི་འཇུག་ནས་བཟུང་སྟེ་ལྷ་སའི་སློབ་མའི་བོད་ཡིག་གི་ཆུ་ཚད་མངོན་གསལ་གྱི་མར་ལ་བབས། དེ་ནི་བོད་རིགས་ཤིག་ལ་མཚོན་ན་ཆེས་ཡིད་ཕམ་དགོས་ས་ཞིག་རེད།

          ༢༠༠༡ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་ཡོངས་ལ་དཔེ་དང་པོའི་སློབ་ཁྲིད་མེད་པར་གྱུར། སློབ་འབྲིང་འགའ་རེ་དཔེ་དང་པོའི་སློབ་ཁྲིད་ལ་ཞུགས་མིན་རང་གི་གདམ་ག་ཡོད། ཡིན་ཡང་སྐབས་དེ་དུས་དཔེ་དང་པོའི་སློབ་ཁྲིད་གདམ་པའི་སློབ་མ་ཤིན་ཏུ་དཀོན། རྒྱུ་མཚན་ལྷ་ས་ལ་དཔེ་དང་པོའི་སློབ་ཁྲིད་ཡོད་སའི་མཐོ་འབྲིང་སློབ་གྲྭ་གཅིག་ལས་མེད། སྐབས་དེ་དུས་རྫོང་འགའ་རེ་ལ་དཔེ་དང་པོའི་སློབ་ཁྲིད་ཡོད་པར་བཤད། དེང་སང་སློབ་འབྲིང་དང་མཐོ་འབྲིང་ལ་ཡང་དཔེ་དང་པོའི་སློབ་ཁྲིད་མེད། ད་དུང་བོད་ལྗོངས་ཀྱི་སློབ་གྲྭ་འགའ་རེ་ལ་བོད་སྐད་ཡིག་གི་སློབ་ཁྲིད་ཀྱང་མི་འདུགགཞན་མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་བོད་ཀྱི་སློབ་གྲྭ་འགའ་རེ་ལ་ད་དུང་དཔེ་དང་པོའི་སློབ་ཁྲིད་ཡོད་པར་བཤད།

          ལོ་རབས་བདུན་ཅུ་པའི་མཇུག་བརྒྱད་ཅུ་པའི་མགོ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་ཆ་མཚོན་ན། སྐད་གཉིས་སློབ་ཁྲིད་ཡོད་པའི་སློབ་གྲྭ་༥༨༥ཡོད། སློབ་མ་༣༦༨༢༧ཡོད། དེའི་ནང་ནས་བོད་རིགས་སློབ་གྲྭ་བརྒྱ་ཆ་བདུན་ཅུ་དོན་གཅིག་ཟིན་ཡོད། སློབ་ཆུང་སློབ་གྲྭ་༥༦༣ཡོད། སློབ་མ་༣༣༣༡༡ཡོད། སློབ་འབྲིང་སློབ་གྲྭ་༢༢ཡོད། སློབ་མ་༣༥༡༦ཡོད། དེ་ནང་ནས་བོད་ཡིག་གཙོ་བྱེད་ནས་སློབ་ཁྲིད་གནང་བའང་དཔེ་དང་པོའི་སློབ་ཁྲིད་ཡོད་སའི་སློབ་གྲྭ༢༢ཡོད་། སློབ་མ་༢༨༤༣ཡོད། ༢༠༠༦ལོར་དཀར་མཛེས་ཁུལ་གྱི་གྲོང་གསེབ་གྱི་སློབ་གྲྭ་རྣམས་ལ་དཔེ་དང་པོའི་སློབ་ཁྲིད་དེ་མེད་པར་བྱས། ༢༠༠༩ལོར་རྫོང་ཡོངས་ཀྱི་སློབ་ཆུང་རྣམས་ལ་ དཔེ་དང་པོའི་སློབ་ཁྲིད་མེད་པར་བཟོས། མ་འོངས་པར་རྫོང་སློབ་འབྲིང་རྣམས་ལ་ཡང་དཔེ་དང་པོའི་སློབ་ཁྲིད་མེད་པར་བཟོ་བའི་འཆར་གཞི་ཡོད། ཚགས་པར་ཞིག་གི་ནང་དུ་བཤད་དོན། "དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་༡༩༩༤ལོར་སློབ་འབྲིང་རྒྱུགས་སྤྲོད་སྐབས། ཁུལ་གཅིག་གི་ནང་ནས་རྒྱ་ཡིག་རྒྱུགས་ལོན་པའི་སློབ་མ་བརྒྱ་ཆ་བཞི་བཅུ་ཞེ་ལྔ་ཟིན་ཡོད། དབྱིན་ཡིག་རྒྱུགས་ལོན་པའི་སློབ་མ་རྒྱ་ཆ་བཅུ་དགུ་ཟིན་ཡོད། བོད་ཡིག་རྒྱུགས་ལོན་པའི་སློབ་མ་ནི་དབྱིན་ཡིག་ལས་ཀྱང་དམའ་ཞེས"བཤད་འདུག བརྒྱ་ཆའི་གྲངས་ཀ་མེད། ད་དུང་མཇུག་ལ་ལོ་འདི་དག་གི་རིང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངོན་གསལ་གྱི་སློབ་གསོ་ལ་འཕེལ་རྒྱས་སོང་ཡོད་ཅེས་ཀྱང་བཤད་འདུག ངའི་ཕ་ཡུལ་ཡུལ་ཤུལ་ལ་ཆ་མཚོན་ན། དཔེ་དང་པོའི་སློབ་ཁྲིད་ནི་ལོ་རྒྱུས་ཐོག་ནས་ལྷ་སྒྲུང་འབའ་ཞིག་རེད།

ཕ་སྐད་གཙོར་མ་བྱས་པའི་ཉེས་སྐྱོན།
          ༢༠༠༩ལོར་ནག་ཆུ་ས་ཁུལ་ནས་གཞུང་ཞབས་པ་རྒྱུགས་སྤྲོད་བྱེད་པའི་སྐབས་ཤིག དེའི་ནང་ལ་ཞུགས་པའི་སློབ་མ༢༠༠ཡས་མས་ཡོད། བརྒྱ་ཆ་བརྒྱད་ཅུ་ནི་བོད་རིགས་རེད། དེ་དག་གི་ནང་ནས་རྒྱུགས་འཕྲོད་པའི་སློབ་མ་༢༠ཡོད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ནི་བོད་རིགས་ གཅིག་མ་གཏོགས་གཞན་པ་ཐམས་ཅད་མི་རིགས་གཞན་པའི་སློབ་མ་ཡིན། ཡིག་རྒྱུགས་དེ་ལ་བསམ་གཞིག་ཅིག་བྱས་ན་ང་ཚོའི་མི་རིགས་ཅིའི་ཕྱིར་འདི་ལྟར་རྗེས་ལུས་སུ་གྱུར་སོང་ཞེས་དབང་མེད་ཀྱི་དྲི་བ་ཞིག་ཤོར་སྲིད།

          ལོ་ཁ་ཤས་ཀྱི་སྔོན་ལ་རྩེ་ཁོག་རྫོང་སློབ་གསོ་ཁུལ་གྱིས་དགེ་རྒན་བརྒྱ་ཡས་མས་ཞིག་བསྡུས། དེའི་ནང་ནས་བརྒྱ་ཆ༩༠རྒྱ་རིགས་ཤ་སྟག་ཡིན། ལོ་གཅིག་ཙམ་སོང་རྗེས་སློབ་མ་རྣམས་ཀྱི་རྒྱུགས་འབྲས་ནི་སྔོན་ལས་ལྡབ་དུ་མ་ཡིས་མར་ལྷུང་། དེ་རྗེས་སློབ་གསོ་ཁུལ་གྱི་མགོ་བ་རྣམས་ཀྱིས་སྐད་གཉིས་ཤེས་པའི་དགེ་རྒན་གསར་དུ་བསྡུ་རྒྱུ་ཡིན་ཞེས་བརྡ་ཐོ་བཀྲམ།
          ཡང་ཨ་མདོའི་སློབ་གྲྭ་ཞིག་གི་ནང་ནས་རྩིས་ཡིག་གི་སློབ་ཁྲིད་སྐབས། དགེ་རྒན་གྱིས་རྒྱ་སྐད་ཀྱི་ཐོག་ནས་སློབ་མ་རྣམས་ལ་ཀུ་ཤུ་གཅིག་གི་ཐོག་ལ་ཀུ་ཤུ་གསུམ་སྣོན་དུས་སྡོམ་གྲངས་དུ་ཡིན་ཞེས་དྲིས། སློབ་མ་རྣམས་ཀྱིས་ཅི་ཞིག་བཤད་པ་མ་ཚོར། ཕལ་ཆེར་དུས་ཚོད་ཕྱེད་ཙམ་ཞིག་ལ་རྒྱ་སྐད་ཀྱི་ཐོག་ནས་འགྲེལ་བཤད་རབ་དང་རིམ་པ་བྱས། ད་དུང་སློབ་མ་གཅིག་གིས་ཀྱང་དྲི་བ་དེ་ལ་ལན་མ་ཐེབས། དེ་རྗེས་དགེ་རྒན་འུ་ཐུག་ནས་བོད་སྐད་ཀྱི་ལམ་ནས་ཀུ་ཤུ་དང་སྣོན། སྡོམ་གྲངས་སོགས་རེ་རེ་ནས་འགྲེལ་བཤད་བྱེད་དུས། སློབ་མ་རྣམས་ཀྱིས་ལམ་སང་དྲི་བ་དེ་ལ་ལན་ཐེབས་སོང་། སློབ་ཚན་དེ་རྩིས་ཡིག་གི་བསླབ་ཁག་ཅིག་ཡིན། གཅིག་གི་ཐོག་ལ་གསུམ་སྣོན་ཤེས་སོང་ན་ད་གཟོད་རྩིས་ཡིག་སློབ་ཁྲིད་བྱེད་པའི་དམིགས་ཡུལ་འགྲུབ་སོང་བ་རེད། ཡིན་ནའང་སློབ་མ་རྣམས་ཀྱིས་བརྡ་མ་འཕྲོད་བའི་དབང་གིས་རྩིས་ཡིག་སློབ་ཁྲིད་དེ་རྒྱའི་སྐད་ཡིག་གི་བསླབ་ཁག་ཏུ་གྱུར་སོང་། ཉིད་ཀྱིས་སློབ་ཁྲིད་བྱེད་སྐབས་གཙོ་བོ་སློབ་མ་རྣམས་ཀྱི་བློ་ལ་བསྟུན་རྒྱུ་གལ་ཆེ། སློབ་མ་རྣམས་ཀྱི་ནམ་རྒྱུན་ཡིད་ལ་འཆར་སླ་བ་ནི་རང་ གི་ཕ་སྐད་ཡིན་ལ་གཞན་སྐད་མིན།

          འོ་ན་ང་ཚོས་སློབ་ཆུང་གི་སྐབས་སུ་ཕ་སྐད་གཙོ་བྱས་ནས་སློབ་ན་ཆོག་ ཀྱང་སློབ་འབྲིང་དང་མཐོ་འབྲིང་གི་སྐབས་སུ་གཞན་སྐད་གཙོ་བྱས་ནས་སློབ་ན་མ་ཆོག་པ་ཅི་ཡོད་ཟེར་ན། དེ་ཡང་མི་ཉན་ས་མང་པོ་ཡོད། གང་ཡིན་ཟེར་ན། ༢༠༠༡ལོ་ཉིང་ཁྲི་རྫོང་སློབ་གསོ་ཁུལ་གྱིས་སློབ་གྲྭ་ཞིག་ལ་བརྟག་དཔྱད་བྱས། བརྟག་དཔྱད་བྱེད་སའི་སློབ་གྲྭ་དེ་ནི་ཉིང་ཁྲི་རྫོང་ནས་བོད་ཡིག་ཚད་མཐོ་ཤོས་ཀྱི་སློབ་གྲྭ་ཡིན་པར་གྲགས། སློབ་གྲྭ་དེའི་ནང་ལ་དཔེ་དང་པོའི་སློབ་ཁྲིད་དང་དཔེ་གཉིས་པའི་སློབ་ཁྲིད་གཉིས་ཀ་ཡོད། སློབ་ཆུང་ནས་མཐར་ཕྱིན་པའི་སློབ་མ་རྣམས་འཛིན་གྲྭ་ཁ་ཁ་ཕྱེ་བའི་སྐབས་སུ། སྔོན་འཛིན་གྲྭ་དེའི་ཕུལ་བྱུང་གི་སློབ་མ་རྣམས་དཔེ་གཉིས་པའི(རྒྱ་ཡིག་གཙོ་བྱེད་པ)སློབ་ཁྲིད་ནང་དུ་བཞག སློབ་མ་དེ་རྣམས་རྒྱའི་སྐད་ཡིག་ལ་ཡང་འཛིན་གྲྭ་དེའི་ནང་ནས་བཟང་ཤོས་ཡིན། འཛིན་གྲྭ་དེའི་རྗེས་ལུས་ཅན་གྱི་སློབ་མ་རྣམས་དཔེ་དང་པོའི(བོད་ཡིག་གཙོ་བྱེད་པ)སློབ་ཁྲིད་ནང་དུ་བཞག

          དེ་རྗེས་ལོ་གསུམ་གྱིས་མཇུག་ནས་མཐོ་འབྲིང་ཡིག་རྒྱུགས་སྤྲད། གཙོ་བོའི་ཚོད་ལྟ་བྱེད་ཡུལ་། དངོས་ཁམས་རྒྱུགས་སྤྲོད་ཡིན། དཔེ་དང་པོའི་སློབ་མ་རྣམས་ཀྱི་རྒྱུགས་ཤོག་དང་གཉིས་པའི་སློབ་མ་རྣམས་ཀྱི་རྒྱུགས་ཤོག་ནང་གི་དོན་གཅིག་པ་གཅིག་མཚུངས་རེད། ཡིན་ནའང་ཆེས་མི་འདྲ་ས་ནི་དཔེ་དང་པོ་བོད་ཡིག་དང་དཔེ་གཉིས་པ་རྒྱ་ཡིག་རེད། དེས་ན་ད་སྔོན་ཆེས་རྗེས་ལུས་ཅན་གྱི་དཔེ་དང་པོའི་སློབ་མ་རྣམས་ལ་ཆ་སྙོམས་སྐར་གྲངས་༥༧ཡོད། ཆེས་ཕུལ་བྱུང་ཅན་གྱི་དཔེ་གཉིས་པའི་སློབ་མ་རྣམས་ལ་ཆ་སྙོམས་སྐར་གྲངས་༧ཡོད། ཚོད་ལྟ་དེ་ལ་བསམ་གཞིག་ཅིག་བྱས་ན་ང་ཚོས་ད་གཟོད་སློབ་འབྲིང་ནས་ཀྱང་ཕ་སྐད་གཙོ་བོར་བྱེད་པའི་སློབ་ཁྲིད་གནང་དགོས་མིན་གྱི་གནས་ལུགས་རྟོགས་ནུས།

          ང་རང་སློབ་ཆུང་སློབ་གྲྭ་འགྲིམ་སྐབས་རྩིས་རིག་ལ་ཤིན་ཏུ་མཁས་པའི་སློབ་མ་ཞིག་ཡིན། སྐབས་དེ་དུས་ང་ཚོའི་སློབ་གྲྭའི་ནང་ལ་དཔེ་དང་པོའི་སློབ་ཁྲིད་མེད། བོད་ཡིག་ལས་གཞན་པའི་བསླབ་ཁག་རྣམས་རྒྱ་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་པ་རེད། ཡིན་ནའང་ནམ་རྒྱུན་ང་ལ་དཀའ་ལས་ཤིག་ཡོད་པ་ནི། རྩིས་ཡིག་སློབ་ཚན་ནང་དུ་ཉེར་སྤྱོད་རྩིས་གཞི་རྩིས་རྒྱག་རྒྱུ་དེ་ཡིན།

          ཉེར་སྤྱོད་རྩིས་གཞི་རྒྱ་ཡིག་ཐོག་ནས་ངོ་སྤྲོད་བྱས་ཡོད་པས་ངས་རྒྱ་ཡིག་ཡག་པོ་མི་ཤེས་པའི་དབང་གིས་རྩིས་དེ་རྒྱག་ཐབས་བྲལ། ནམ་རྒྱུན་ངས་ཉེར་སྤྱོད་རྩིས་གཞི་རྩིས་རྒྱག་པའི་སྔོན་དུ་སློབ་མ་ག་གེ་མོ་ཞིག་ལ་རྩིས་གཞི་དེ་འགྲེལ་བཤད་བྱེད་དུ་བཅུག ཡང་ཡིག་རྒྱུགས་སོགས་ཀྱི་སྐབས་སུ་རྒྱ་ཡིག་བཀླགས་མ་ཤེས་ནས་ཡིག་རྒྱུགས་མ་ལོན་པ་མང་པོ་ཞིག་བྱུང་མྱོང་། དོན་ངོ་མ་ང་དང་ང་ལྟ་བུའི་སློབ་མ་མང་པོ་ཞིག་སློབ་གྲྭ་དང་སྤྱི་ཚོགས་ཀྱི་རྗེས་མ་ཆོད་ནས་ལུས་ཡོད་པར་སེམས། གལ་སྲིད་སློབ་ཚན་དེ་བོད་ཡིག་གི་ཐོག་ནས་ཡིན་ན་ང་དང་ང་ལྟ་བུའི་སློབ་མ་རྣམས་ཀྱིས་དེ་ལྟ་བུ་དཀའ་ལས་མྱོང་དགོས་རྒྱུ་མ་རེད་འདོད།

མི་རིགས་གཞན་དག་ལ་དཔེ་ལྟ་བ།
          ༢༠༠༩ལོར་ཅན་ལེན་ཉིན་རེའི་ཚགས་པར་ནང་དུ་ཁྲའོ་ཞན་མི་རིགས་དགེ་རྒན་ཞིག་གིས་བཤད་དོན། "ད་ལོ་ང་ཚོའི་སློབ་གྲྭའི་ནང་ནས་རྒྱལ་ཡོངས་གནད་ཆེའི་སློབ་ཆེན་ནང་དུ་རྒྱུགས་མི་འཕྲོད་པ་སྡུག་ཤོས་ཡིན། སློབ་མ་ཉི་ཤུ་མ་གཏོགས་ལོན་མེད། དངོས་གནས་ཡིད་ཕམ་པོ་རེད་ཡ"ཞེས་བཤད། དེ་ད་དུང་སློབ་གྲྭ་གཅིག་གི་སློབ་མ་ཡིན། སློབ་གྲྭ་དེ་རྣམས་ཆུང་དུས་ནས་རྒྱའི་སྐད་ཡིག་མ་གཏོགས་གཞན་ཤེས་བྱ་རྣམས་ཁྲའོ་ཞན་སྐད་ཡིག་གམ་ཁོ་ཚོའི་ཕ་སྐད་གཙང་མའི་ཐོག་ནས་སྦྱངས་བ་རེད་འདུག སྐད་ཆ་དེ་ལ་བསམ་གཞིག་བྱས་ན། ང་ཚོ་བོད་ལ་ལོ་རྒྱུས་ཐོག་ནས་རྒྱལ་ཡོངས་གནད་ཆེའི་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ་གོང་གསལ་གྱི་གྲངས་ཡོད་དམ།

          ཡང་ཅན་ལེན་ཁྲའོ་ཞན་མི་རིགས་དྲ་བའི་ནང་དུ་སློབ་མ་ཞིག་གིས་བཤད་དོན། "ངས་སྔོན་ཆད་ང་ཚོའི་སློབ་མ་རྣམས་སློབ་ཆེན་འགྲིམ་ཐུབ་རྒྱུ་མ་རེད་བསམ་མྱོང་། དེ་ནི་ནོར་འཁྲུལ་ཞིག་རེད་འདུག སྤྱིར་ང་ཚོའི་སློབ་གྲྭ་ཆེན་པོ་འགྲིམ་པའི་སློབ་མ་རྣམས་རྒྱའི་སྐད་ཡིག་ལོ་བཅུ་གཉིས་སྦྱངས་ཡོད། ཡིན་ནའང་ཚན་རིག་དང་དངོས་ཁམས་སོགས་ལ་དང་པོ་རྒྱའི་སྐད་ཡིག་གི་ཐོག་ནས་སྦྱོང་དུས་ཐ་སྙད་གོ་མ་མྱོང་བའམ་གོ་དཀའ་བ་སོགས་སྣང་། དེ་ནི་དུས་ཡུན་ཐུང་ཐུང་ཞིག་གི་གནད་དོན་ཞིག་རེད་འདུག ང་ཚོའི་སློབ་མ་རྣམས་མ་གཞི་ཚན་རིག་ཤེས་བྱ་ལ་རྨང་གཞི་ཡག་པོ་ཞིག་ཡོད་ལ། ད་དུང་རྒྱའི་སྐད་ཡིག་ལ་ལོ་བཅུ་གཉིས་སྦྱངས་བའི་དབང་གིས། ལོ་ཕྱེད་ལས་མི་འགོར་བར་རྒྱའི་སློབ་མ་རྣམས་ཀྱི་རྗེས་ཆོད་འདུག དངོས་གནས་རྒྱའི་སྐད་ཡིག་ནི་ང་ཚོའི་གྲངས་ཉུང་མི་རིགས་ཀྱི་ལག་ཆ་ཞིག་རེད། དེ་རྩ་བ་མིན། རྩ་བ་ནི་ཚན་རིག་དང་མཐུན་པའི་ཤེས་བྱ་རེད། དཔེར་ན། ཁ་ལོ་བ་ཞིག་གིས་གྲོང་ཁྱེར་གྱི་གློག་དམར་ལྗང་རྣམས་ལ་བལྟ་ཤེས་ན་འགྲིག་འདུག ཡིན་གཅིག་མིན་གཉིས་རླངས་འཁོར་ནང་གི་ལྷུ་ལག་རེ་རེའི་འགྲོ་ལུགས་ཤེས་མི་དགོས་དེ་བཞིན་དུ་ང་ཚོས་རྒྱ་ཡིག་བལྟ་ཤེས་པ་དང་ཀློག་ཤེས་ན་ཆོག་འདུག དེ་ལ་ཆེད་སྦྱོང་བྱེད་དགོས་པའི་ངེས་པ་མེད"ཅེས་བཤད། སྐད་ཆ་དེ་ལ་བསམ་གཞིག་ཅིག་བྱས་ན་ད་གཟོད་གནད་ཆེའི་སློབ་ཆེན་ལ་འགྲོ་ཐུབ་མིན་ཤེས་ནུས།

          རྣམ་པ་མི་འདྲ་བའི་སློབ་ཁྲིད་མྱོང་བའི་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་སོགས་ལ་ཡོད་པའི་སོག་རིགས་སློབ་མ་ལ་བརྟག་དཔྱད་བྱས་པ་ལྟར་ན། ད་སྔོན་བསླབ་ཁག་གཞན་པ་ཐམས་ཅད་རྒྱ་ཡིག་གིས་ཁྲིད་པའི་སློབ་མ་རྣམས་རྒྱ་ཡིག་མ་གཏོགས་རྩིས་དངོས་རྫས་གསུམ་སོགས་ཀྱི་བསླབ་ཁག་རྣམས་སློབ་མ་གཞན་པ་རྣམས་ཀྱི་རྗེས་ཆོད་ཐབས་བྲལ། ཡང་བསླབ་ཁག་གཞན་པ་ཐམས་ཅད་སོག་ཡིག་གིས་ཁྲིད་པའི་སློབ་མ་རྣམས་རྒྱ་ཡིག་མ་གཏོགས་རྩིས་དངོས་རྫས་གསུམ་སོགས་ཀྱི་བསླབ་ཁག་རྣམས་སློབ་མ་གཞན་དང་གཅིག་མཚུངས་རེད། ཡིན་ནའང་ལོ་གཅིག་མི་འགོར་བར་རྒྱ་ཡིག་རྒྱ་རིགས་སློབ་མ་རྣམས་ཀྱི་རྗེས་ཆོད་ཐུབ་འདུག

          དེ་ཡང་རྒྱ་ཡིག་ལས་གཞན་པའི་བསླབ་ཁག་སོ་སོ་སོག་ཡིག་གིས་ཁྲིད་པ་དང་། སོག་ཡིག་ལས་གཞན་པའི་བསླབ་ཁག་རྣམས་རྒྱ་ཡིག་གིས་ཁྲིད་པའི་གནས་ཚུལ་བྱུང་མྱོང་ན་ཡང་། ཁོ་ཚོའི་ལོ་མང་བོའི་སློབ་ཁྲིད་ཉམས་མྱོང་ལས་ཐོབ་པའི་བསླབ་བྱ་ནི། སོག་ཡིག་ལས་གཞན་པའི་བསླབ་ཁག་སོ་སོ་རྒྱ་ཡིག་གིས་ཁྲིད་ན་རྒྱ་ཡིག་གི་ཆུ་ཚད་འཕེལ་རྒྱས་ལ་ཕན་པ་ཏོག་ཙམ་ཡོད། ཡིན་ནའང་སློབ་མའི་རྩིས་དངོས་རྫས་གསུམ་སོགས་ཀྱིས་མཚོན་པའི་ཕྱོགས་བསྡུས་སྤུས་ཚད་ཇེ་ཞན་དུ་འགྲོ། རྒྱ་ཡིག་ལས་གཞན་པའི་བསླབ་ཁག་རྣམས་སོག་ཡིག་གིས་ཁྲིད་ན་རྒྱའི་སྐད་ཡིག་ལ་གནོད་པ་ཅུང་ཟད་ཡོད། ཡིན་ཡང་རྩིས་དངོས་རྫས་གསུམ་སོགས་ཀྱིས་མཚོན་པའི་ཕྱོགས་བསྡུས་སྤུས་ཚད་ལ་ཕན་པ་ཆེན་པོ་ཡོད། སྔོན་བསླབ་ཁག་གཞན་པ་ཐམས་ཅད་རྒྱ་ཡིག་གིས་ཁྲིད་པའི་སློབ་མ་མང་ཆེ་བ་གནད་ཆེའི་སློབ་ཆེན་ལ་རྒྱུགས་འཕྲོད་མེད། གལ་སྲིད་རྒྱུགས་འཕྲོད་པའི་དབང་དུ་གཏོང་རུང་རྒྱ་ཡིག་མ་གཏོགས་རྗེས་ཆོད་ཐབས་མེད། ད་དུང་རྒྱ་ནག་གི་སྔོན་ཐོན་ས་ཁུལ་སོགས་ལ་མཚོན་ན། རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱི་སྐད་གཉིས་སློབ་གསོ་ཡོད། རྒྱ་ཡིག་ལས་གཞན་པའི་བསླབ་ཁག་མཐའ་དག་དབྱིན་ཡིག་གིས་ཁྲིད་པ་དང་། དབྱིན་ཡིག་ལས་གཞན་པའི་བསླབ་ཁག་རྣམས་རྒྱ་ཡིག་གིས་ཁྲིད་པའི་སློབ་ཁྲིད་རྣམ་པ་གཉིས་ཡོད། ཡིན་ཡང་རྒྱལ་ཡོངས་ནས་ཁྱབ་བརྡལ་འགྲོ་དང་འགྲོ་བཞིན་པ་ནི་དབྱིན་ཡིག་ལས་གཞན་པའི་བསླབ་ཁག་རྣམས་རྒྱ་ཡིག་གིས་ཁྲིད་པའི་སློབ་ཁྲིད་དེ་ཡིན། དེ་ཡང་ཁོ་ཚོས་ལོ་མང་བསགས་པའི་ཉམས་མྱོང་གི་འབྲས་བུ་ཡིན། འོ་ན་ང་ཚོས་ཅིའི་ཕྱིར་དཔེ་དང་པོའི་སློབ་ཁྲིད་བྱེད་མི་དགོས། གལ་སྲིད་རྒྱ་ཡིག་ལས་གཞན་པའི་བསླབ་ཁག་མཐའ་དག་དབྱིན་ཡིག་གིས་ཁྲིད་ན་རྒྱ་རིགས་རྣམས་ང་ཚོ་བོད་རིགས་དང་གཅིག་མཚུངས་ཡིན་ངེས། རྒྱུ་མཚན་རང་སྐད་ཡིག་གཙོ་བོ་མ་བྱས་ན་སྔོན་ཐོན་དུ་འགྲོ་མི་ཐུབ་པའི་གནས་ལུགས་དེ་དང་འགལ་བ་རེད།

རང་གི་ཕ་སྐད་རང་གིས་སྦྱང་འོས།
          ང་ཚོའི་བོད་རིགས་རྣམས་ཀྱིས་རྒྱའི་སྐད་ཡིག་མ་ཤེས་ན་མ་འོངས་པར་ལས་དོན་མི་རྙེད་བསམ་གྱིན་འདུག དྲང་མོ་བཤད་ན་བོད་ཀྱི་སྐད་ཡིག་ཁོ་ན་ལས་རྒྱའི་སྐད་ཡིག་གམ་གཞན་པའི་སྐད་ཡིག་མ་ཤེས་ན་གཞུང་ལས་ཁང་སོགས་ལ་ལས་ཀ་མི་རག་ན་ཐང། རྒྱའི་སྐད་ཡིག་ང་ཚོས་ངེས་པར་དུ་སློབ་དགོས། ཡིན་ནའང་རྒྱའི་སྐད་ཡིག་གོང་འཕེལ་འགྲོ་ཕྱིར་ཚན་རིག་ལག་རྩལ་སྦྱང་བའི་ཚེ་སྲོག་མེད་པར་བྱས་ན། དེ་ཆེས་བླུན་རྨོངས་ཅན་གྱི་མི་ཞིག་རེད། རྒྱའི་སྐད་ཡིག་ནི་ང་ཚོ་བོད་ལ་མཚོན་ན་ལག་ཆ་ལས་གཞན་མིན། དེང་སང་ག་ས་གང་ནས་སློབ་གསོའི་ཆུ་ཚད་གོང་འཕེལ་དུ་གཏོང་དགོས་ཞེས་འབོད་སྐུལ་བྱས་དང་བྱེད་བཞིན་འདུག སློབ་གསོའི་ཆུ་ཚད་གོང་དུ་གཏོང་དགོས་ན་རྒྱའི་སྐད་ཡིག་གོང་འཕེལ་དུ་གཏོང་དགོས་པའི་ངེས་པ་ཡོད་དམ། ཚན་རིག་ལག་རྩལ་ཡར་རྒྱས་གཏོང་དགོས་ན་རྒྱའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་འགྲོ་དགོས་པའི་ངེས་པ་ཡོད་དམ། གལ་སྲིད་རྒྱའི་སྐད་ཡིག་དེ་འདྲ་རྩ་ཆེན་ཡིན་ན། ང་ཚོས་སློབ་གསོའི་རྣམ་པ་ཡོངས་རྫོགས་རྒྱའི་སྐད་ཡིག་གི་ཐོག་ལ་བསྐོར་ནས། རྩིས་ཡིག་དང་ཆབ་སྲིད། དངོས་ཁམས། སྐྱེ་དངོས། རྫས་འགྱུར། ས་ཁམས་སོགས་མེད་པར་བྱས་ན་ཆོག ཡིན་ནའང་སྐབས་དེ་དུས་ང་ཚོ། རིག་གནས་དང་ཡུལ་སྲོལ། གོམས་གཤིས། ཚན་རིག་ཤེས་བྱ་སོགས་མི་ཤེས་པའི་བླུན་རྨོངས་ཤིག་ཏུ་འགྱུར་སྲིད།

          ༡༩༨༡ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་སློབ་གསོའི་སྡེ་ཁག་གི་ཕ་སྐད་ཆེད་ལས་པ་རྣམས་ཀྱིས་ཕེ་རིས་ནས་བཤད་དོན། "མི་རིགས་རང་གི་སྐད་ཡིག་ནི་མི་རིགས་དེ་འཕེལ་རྒྱས་འགྲོ་མིན་གྱི་གནད་འགག་ཡིན། མི་རིགས་དེའི་རིག་གནས་སྲུང་སྐྱོབ་བྱེད་དགོས་ན་མི་རིགས་དེའི་སྐད་ཡིག་ལ་བརྟེན་དགོས། མི་རིགས་དེའི་སྐད་ཡིག་ནི་མི་རིགས་དེ་དབུལ་ཕོང་དང་གཉའ་གནོན། འཐབ་རྩོད་སོགས་ལས་ལངས་ཐུབ་པའི་ལག་ཆ་ཡིན། འཕེལ་རྒྱས་དང་སྔོན་ཐོན་ཕྱོགས་སུ་བསྐྱོད་པའི་གྲུ་གཟིངས་ཤིག་ཀྱང་ཡིན།"ཞེས་བཤད། སྐད་ཆ་འདི་ང་ཚོས་སྣང་མེད་དུ་འདོར་དོན་ཅི་ཡིན་ནམ།

          སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་གི་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་རྒྱའི་སྐད་ཡིག་ཁོ་ན་སློབ་པའི་དོན་མིན། རྒྱའི་སྐད་ཡིག་གི་བསླབ་ཁག་ནི་བསླབ་ཁག་བཅུ་ཡས་མས་ནས་གཅིག་ཡིན། བསླབ་ཁག་གཅིག་གི་དོན་དུ་བསླབ་ཁག་མང་པོ་ཞིག་ཆུད་ཟོས་སུ་བྱས་ན་གནས་ལུགས་དང་མཐུན་ནམ། རྒྱའི་སྐད་ཡིག་བསླབ་ཁག་གཅིག་གི་དོན་དུ། ཀུན་སྤྱོད་ དང་ལུས་རྩལ། རི་མོ། རོལ་མོ། རྩིས་ཡིག ཆབ་སྲིད། དངོས་ཁམས། སྐྱེ་དངོས། རྫས་འགྱུར། ས་ཁམས། ལོ་རྒྱུས་སོགས་མེད་པར་བྱེད་འདོད་ཡོད་དམ། རྒྱའི་སྐད་ཡིག་མ་ཤེས་བ་ཙམ་གྱིས་ཤེས་བྱ་གཞན་དག་སྦྱོང་བའི་སྒོ་དགག་དགོས་དོན་མེད། རྒྱའི་སྐད་ཡིག་མ་ཤེས་ན་དེའི་རྒྱུ་མཚན་བཙལ་ནས་ད་གཟོད་རྒྱའི་སྐད་ཡིག་གི་ཆུ་ཚད་ཇེ་མཐོ་རུ་གཏོང་དགོས། རྒྱའི་སྐད་ཡིག་མ་ཤེས་ན་ལས་དོན་མི་རྙེད་པའི་རྒྱུ་མཚན་དུ་བྱས་ནས་རྩིས་ཡིག ཆབ་སྲིད། དངོས་ཁམས། སྐྱེ་དངོས། རྫས་འགྱུར། ས་ཁམས་སོགས་ རྒྱའི་སྐད་ཡིག་གི་ཐོག་ཏུ་སྦྱངས་ན། ལོ་བཅུ་གཉིས་ཀྱི་འཇུག་འབྲས་རྒྱའི་སྐད་ཡིག་ཆུ་ཚད་ཏོག་ཙམ་མཐོ་རུ་འགྲོ། ཡིན་ནའང་ཤེས་བྱ་གཞན་དག་རྣམས་ཅི་ཡང་མི་ཤེས་པར་འགྱུར་ངེས།

          གལ་སྲིད་ཉིད་ཤེས་བྱ་གཞན་དག་ལ་རྨོངས་ནས་རྒྱའི་སྐད་ཡིག་ལ་བྱང་ཆུབ་རུང་། སྤྱི་ཚོགས་ཐོག་ཏུ་ལས་དོན་ཡག་པོ་ཞིག་མི་རྙེད། རྙེད་རུང་གནས་སྐབས་ཙམ་ཡིན་རྒྱུ་རེད། གལ་སྲིད་ཉིད་ཤེས་བྱ་གཞན་དག་རྣམས་བྱང་ཆུབ་པོ་ཞིག་ཤེས་ན་རྒྱའི་སྐད་ཡིག་ཡག་པོ་མ་ཤེས་རུང་། སྤྱི་ཚོགས་ཐོག་ཏུ་ལས་དོན་རག་ངེས་ཅན་རེད། རྒྱུ་མཚན་ནི་དེང་དུས་ཀྱི་ལས་ཁུངས་དང་སྤྱི་གཉེར་ཁང་སོགས་ལ་དགོས་རྒྱུ་ནི་ཤེས་བྱ་རིག་གནས་ཀྱིས་ཕྱུག་པའི་མི་ཡིན་ལ། རྒྱའི་སྐད་ཡིག་ཁོ་ན་ལས་མི་ཤེས་པའི་མི་དེ་མིན། ཉིད་ཀྱིས་བསམ་གཞིག་ཞིབ་མོ་ཞིག་བྱོས་དང། རྒྱའི་སྐད་ཡིག་ལ་བྱང་ཆུབ་པའི་མི་གྲངས་ག་ཚོད་ཅིག་ཡོད། དེའི་ནང་ནས་ཉིད་ལ་གོ་སྐབས་ཅི་ཙམ་ཡོད་དམ།ཡང་མི་འགའ་རེས། སློབ་ཆེན་གྱི་སྐབས་སུ་ཕ་སྐད་ཀྱི་སློབ་ཁྲིད་ མེད། དེའི་ཕྱིར་སློབ་གྲྭ་ཆེན་པོ་འགྲིམ་པའི་གོ་སྐབས་མི་འདུག་སྙམ་ན། དེ་ནི་རི་བོང་གནམ་རྡིབ་གྱི་དཔེ་ལས་མ་འདས་པ་གོང་དུ་བཤད་ཟིན་པ་ལྟར་རེད། ལོ་རབས་དགུ་བཅུ་པའི་སྔོན་ལ་བོད་ཡིག་སློབ་དེབ་ནང་དུ་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་རིག་གནས། བོད་ཀྱི་མི་སྣ་གྲགས་ཅན་ཀྱི་མཚམས་སྦྱོར་སོགས་ཡོད། ལོ་རབས་དགུ་བཅུ་པའི་མཇུག་ནས་རྒྱ་ཡིག་སློབ་དེབ་ནང་གི་ དོན་ཐད་ཀར་བོད་ཡིག་ལ་བསྒྱུར་ནས་སློབ་ཁྲིད་གནང་བཞིན་འདུག གལ་སྲིད་སློབ་གསོ་དེ་འཕྲོད་རུང་བོད་ཀྱི་རིག་གནས་ལ་ཕན་པ་ཅི་ཡང་མེད། ཡང་གཅིག་བཤད་ན་རྒྱ་ཡིག་བསླབ་ཁག་ནང་དུ་ཡོད་པའི་སློབ་ཚན་རྣམས་བོད་ཀྱི་བྱིས་པ་རྣམས་ལ་ཆ་མཚོན་ན། འཇིག་རྟེན་གཞན་པའི་རིག་གནས་ཤིག་དང་མཚུངས། ཁོའི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད། 《མི་རིགས་རང་སྐྱོང་ལྗོངས་ཁྲིམས་ཡིག》ནས། "ཕུལ་དུ་བྱུང་བའི་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དང་ཡུལ་སྲོལ་གོམས་གཤིས་དར་རྒྱས་གཏོང་དགོས། མི་རིགས་འདིའི་རེ་འདོད་སྐོང་བའི་ཕྱིར། ངེས་པར་དུ་བོད་ཀྱི་སློབ་མ་རྣམས་ལ་སློབ་ཆུང་ནས་སློབ་ཆེན་བར་བོད་ཡིག་གཙོ་བྱས་ནས་སློབ་གསོ་གནང་རྒྱུ་གལ་ཆེན་ཡིན"ཞེས་བཤད།

          གྲངས་ཉུང་མི་རིགས་ལ་ཆ་མཚོན་ན་རང་གི་ཕ་སྐད་གཙོ་བྱས་ནས་སློབ་གསོ་གནང་ན་ཆེས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོན་ངེས། ལྷག་པར་དུ་རྒྱའི་སྐད་ཡིག་མི་ཤེས་པའི་སློབ་མ་རྣམས་ལ་ཕ་སྐད་ཐོག་ནས་སློབ་ཁྲིད་གནང་དགོས། དེ་ནི་མི་རིགས་འདྲ་མཉམ་ཡིན་པའི་མཚོན་རྟགས་དང་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་གོང་དུ་གཏོང་བའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན། བོད་ལྗོངས་ལ་ཆ་མཚོན་ནས་བཤད་ན། བོད་རིགས་ཆེས་མང་བའི་ས་ཆ་ཞིག་རེད། ༡༩༩༠ལོར་སྡོམ་རྩིས་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ལ་མི་གྲངས་ཁྲི༢༡༨ཡོད། དེའི་ནང་ནས་མི་གྲངས་བརྒྱ་ཆ་དགུ་བཅུ་གོ་ལྔ་ནི་བོད་རིགས་ཡིན། མི་དེ་དག་གིས་རྒྱུན་པར་འཚོ་བའི་ཁྲོད་དུ་བཤད་པའི་སྐད་ནི་བོད་སྐད་གཙང་མ་ཡིན། བོད་རིགས་སློབ་མ་བརྒྱ་ཆ་དགུ་བཅུ་གོ་དགུ་ནི་བོད་སྐད་དང་ལྷན་དུ་འགྲོགས་ལ་བོད་སྐད་དང་མཉམ་དུ་འཚར་ལོངས་བྱུང་། དེའི་རྐྱེན་གྱིས་ཁོ་ཚོའི་གོ་སླ་བ་དང་བཤད་བདེ་བ། ཆ་རྒྱུས་ཡོད་པ་ནི་བོད་སྐད་ཡིན། སློབ་གྲྭར་འགྲིམ་སྐབས་ངེས་པར་དུ་ཚན་རིག་ཤེས་བྱ་རྣམས་བོད་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་གནང་དགོས། སྤྱིར་བོད་ཡིག་ནི་རྒྱ་ཡིག་དང་མི་འདྲ་བས་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་ཤེས་སོང་ན་བོད་ཡིག་ཤེས་པའི་གོ་ཆོད། ལྷག་པར་དུ་བོད་རིགས་རྣམས་ལ་ཆ་མཚོན་ན་ཤིན་ཏུ་གོ་བདེ་བ་དང་སློབ་བདེ་བ་ཞིག་རེད། ཡི་གེ་དེ་བཀླག་ཤེས་ན་ཕལ་ཆེར་དོན་གོ་ཐུབ། གལ་སྲིད་སློབ་གྲྭའི་ནང་ནས་བོད་ཡིག་གཙོ་བྱས་ནས་སློབ་ཁྲིད་མ་བྱས་ན། བོད་ཀྱི་སློབ་གསོ་ཡར་རྒྱས་གཏོང་དགོས་ཞེས་པའི་སྐད་ཆ་དེ་ཁ་ཡག་ཅིག་ལས་མ་འདས།

          མི་རིགས་སུ་དང་སུ་ཡིན་ཡང་རང་གི་སྐད་ཡིག་རང་གིས་བེད་སྤྱོད་བྱེད་པའི་དབང་ཆ་ཡོད། མི་རིགས་དེའི་མཚོན་དོན་གཙོ་བོ་ནི་མི་རིགས་དེའི་སྐད་ཡིག་ཡིན། དེས་ན་བོད་ཀྱི་སློབ་མ་རྣམས་ལ་གོ་སླ་བ་དང་སྟབས་བདེ་བའི་ཕྱིར་ངེས་པར་དུ་ཕ་སྐད་ཀྱི་ཐོག་ནས་ཤེས་བྱའི་སློབ་ཁྲིད་གནང་རྒྱུ གལ་ཆེ། འདི་ནི་ང་ཚོས་ཚེ་སྲོག་ལ་ཐུག་རུང་སྲུང་སྐྱོབ་དང་བརྒྱུད་འཛིན་བྱེད་དགོས།