ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་གིས་སློབ་ཁྲིད་བྱེད་ཐབས་འདེམས་པའི་གཞི་འཛིན་ས་སྐོར་གྱི་བསམ་ཚུལ་འགའ་བརྗོད་པ།

སྤེལ་དུས 2018-01-08 ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། རྩོམ་པ་པོ། སྦྲ་ཆུང་རིག་པའི་རྡོ་རྗེ།
          གནད་བསྡུས། སློབ་ཁྲིད་བྱེད་ཐབས་འདེམས་པ་དེས་སློབ་གསོའི་འཕེལ་རྒྱས་དང་མ་འོངས་པའི་མདུན་ལམ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། སློབ་ཁྲིད་བྱེད་ཐབས་ཡང་དག་པར་འདེམས་རྒྱུ་ནི་ཆེས་གལ་ཆེན་ཞིག་ཡིན་པ་དང་། དེ་ཡང་སྐད་ཆའི་ཁོར་ཡུག་དང་སློབ་མའི་ཕ་སྐད་བཅས་ལ་གཞིར་བཟུང་སྟེ། བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་གིས་ལག་ལེན་ལ་འོས་ཤིང་འཚམ་ལ། ཚན་རིག་དང་མཐུན་པ། དངོས་ཡོད་དང་བསྟུན་པ། གཞན་ཡང་སློབ་གསོའི་ལས་དོན་ལ་འཕེལ་རྒྱས་དང་སྔོན་ཐོན་ཡོང་སྲིད་པའི་སློབ་ཁྲིད་བྱེད་ཐབས་དེ་ནི་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་དེ་ཡིན་པ་གསལ་བཤད་བྱས་ཡོད། ཞར་བྱུང་དུ་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་འདེམས་པའི་སྐོར་རགས་ཙམ་ཡང་བརྗོད་ཡོད།
          གནད་ཚིག བོད་ཁུལ་སློབ་གསོ། གཞི་རིམ་སློབ་གསོ། སློབ་ཁྲིད་བྱེད་ཐབས། 
          བྱིས་པའི་ཕ་སྐད། སྐད་ཆའི་ཁོར་ཡུག
          བོད་ཁུལ་གྱི་གཞི་རིམ་སློབ་ཆུང་ཁག་གིས་སློབ་ཁྲིད་བྱེད་ཐབས་འདེམས་པའི་གཞི་འཛིན་ས་སྐོར་མ་གླེང་བའི་ཐོག་མར་སློབ་ཁྲིད་བྱེད་ཐབས་ཀྱི་ངོ་སྤྲོད་མདོར་ཙམ་ཞུ་འདོད་བྱུང་། མིག་སྔར་རང་རེའི་བོད་ཁུལ་དུ་རིགས་དང་པོའི་སློབ་ཁྲིད་བྱེད་ཐབས་དང་རིགས་གཉིས་པའི་སློབ་ཁྲིད་བྱེད་ཐབས་གཉིས་ཡོད་པ་རེད། རིགས་དང་པོའི་སློབ་ཁྲིད་བྱེད་ཐབས་ནི་ཕ་སྐད་གཙོ་བོར་བྱས་པའི་སློབ་ཁྲིད་བྱེད་ཐབས་དང་། རིགས་གཉིས་པའི་སློབ་ཁྲིད་བྱེད་ཐབས་ནི་སྐད་གཉིས་པ་སྟེ། རྒྱ་ཡིག་གཙོ་བོར་བྱས་པའི་སློབ་ཁྲིད་བྱེད་ཐབས་ཡིན། དེ་ཡང་གསལ་བོར་བཤད་ན། དམའ་འབྲིང་གི་སྐབས་སུ་རྒྱའི་སྐད་ཡིག་དང་། དབྱིན་ཡིག་གཉིས་ལས་གཞན་དངོས་རྫས་གྲངས་རིག་དང་། སྐྱེ་དངོས་སོགས་རིགས་ཚན་ཐམས་ཅད་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པ་ཡིན་ན། སློབ་ཁྲིད་བྱེད་ཐབས་རིགས་དང་པོ(一类模式)ཡིན་པ་དང་། དེ་ལས་ལྡོག་སྟེ་བོད་ཡིག་དང་དབྱིན་ཡིག་གཉིས་ལས་གཞན་དངོས་རྫས་གྲངས་རིག་དང་སྐྱེ་དངོས་སོགས་རིགས་ཚན་ཐམས་ཅད་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པ་ཡིན་ན། དེ་ནི་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ(二类模式)ཡིན། དེ་ཡང་སློབ་ཆུང་ལ་མཚོན་ན་གྲངས་རིག་རྐྱང་པ་ལ་ཐུག་ཡོད་ལ། གྲངས་རིག་དེ་བོད་ཡིག་གི་ལམ་ནས་ཁྲིད་ན་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་ཡིན་པ་དང་། གྲངས་རིག་དེ་རྒྱ་ཡིག་གི་ལམ་ནས་ཁྲིད་ན་སློབ་ཁྲིད་བྱེད་ཐབས་རིཊ་གཉིས་པ་ཡིན་ནོ། །
          གོང་དུ་སློབ་ཁྲིད་བྱེད་ཐབས་ཀྱི་སྐོར་ནས་ངོ་སྤྲོད་དང་མཚམས་སྦྱོར་མདོར་བསྡུས་ཙམ་ཞུས་ཟིན་ལ། གཤམ་གསལ་དུ་རང་ཉིད་ཀྱིས་བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་གིས་སློབ་ཁྲིད་བྱེད་ཐབས་འདེམས་པའི་གཞི་འཛིན་ས་སྐོར་གྱི་བསམ་ཚུལ་འགའ་བརྗོད་པར་བྱ།
          དང་པོ། སློབ་ཁྲིད་བྱེད་ཐབས་འདེམས་པར་སྐད་ཆའི་ཁོར་ཡུག་ལ་གཞི་འཛིན་དགོས།
          སྤྱིར་བཏང་ཁོར་ཡུག་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ཁོར་ཡུག་གིས་མི་ཞིག་བསྒྱུར་ཐུབ་ཟེར་བ་དང་། ཡང་ན། མི་ཞིག་བྱེད་དགོས་ན་ཁོར་ཡུག་དང་བསྟུན་ཤེས་དགོས་ཟེར་བ་སོགས་ནི་ཁོར་ཡུག་གི་གལ་ཆེན་རང་བཞིན་དེ་ལབ་ཀྱིན་ཡོད་པ་རེད། སློབ་ཁྲིད་བྱེད་ཐབས་འདེམས་དགོས་ཚེ། དེ་ཡང་ཐོག་མར་སྐད་ཆའི་ཁོར་ཡུག(语言环境)ལ་གཞི་འཛིན་དགོས་པ་དེ་ང་རང་ཚོས་ངེས་པར་དུ་བློ་ལ་ཡོད་དགོས། ང་ཚོས་ནི་ཁོར་ཡུག་ཅིག་ལ་བསྟུན་ནས་སློབ་གྲྭ་འཛུགས་པ་དང་། སློབ་མ་བསྡུ་བ། སློབ་ཁྲིད་བྱེད་པ་ཡིན་ན། སློབ་ཁྲིད་བྱེད་ཐབས་དེ་ཡང་ཁོར་ཡུག་དེ་ཉིད་ཀྱི་སྐད་ཆ་ལ་གཞི་འཛིན་ནས་འདེམས་དགོས་པ་ནི་གནས་ལུགས་དང་མཐུན་ལ་ཚན་རིག་དང་འཚམ་པ་ཞིག་རེད། ང་ཚོས་སྐད་ཆའི་ཁོར་ཡུག་ཅིག་ལ་གཞི་འཛིན་ནས་སློབ་ཁྲིད་བྱེད་ཐབས་འདེམས་པའི་སྐབས། ཐོག་མར་ཁོར་ཡུག་དེའི་སྐད་ཆ་ལ་ཉམས་འཇོག་དང་དབྱེ་ཞིབ་བྱེད་དགོས། ཁོར་ཡུག་དེ་ན་འཚོ་བའི་མི་རྣམས་ཀྱིས་བཤད་ཀྱིན་པའི་སྐད་ཆ་ནི་གང་ཞིག་ཡིན་པ་དང་། སྐད་ཆ་དེ་ཡི་ཚབ་བྱེད་ཀྱི་སྐད་ཡིག་ནི་གང་ཡིན་པར་ཉམས་འཇོག་དང་དབྱེ་ཞིབ་བྱས་ན། ད་གཟོད་འདེམས་དགོས་པའི་སློབ་ཁྲིད་བྱེད་ཐབས་དེ་འོས་འཚམ་ཞིག་ཡོང་ཐུབ་ངེས་རེད། དེ་ཡང་བོད་ཁུལ་གཞི་རིམ་གྱི་སློབ་ཆུང་དག་ལ་མཚོན་ན། སློབ་གྲྭའི་ཁོར་ཡུག་དེ་ན་བཤད་ཀྱིན་ཡོད་པ་ནི་བོད་སྐད་དང་། སྤྱོད་ཀྱིན་ཡོད་པ་ནི་བོད་ཡིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། འདི་ཡང་ཁྱབ་རྒྱ་ཆེ་ཆུང་དང་གཙོ་ཕལ་གྱི་སྒོ་ནས་བརྗོད་པ་ལས། བོད་ཁུལ་གྱི་གཞི་རིམ་དག་ན་སྐད་རིགས་དང་ཡིག་རིགས་གཞན་པ་བཀོལ་གྱིན་མེད་པ་ཞིག་གཏན་ནས་མ་རེད། ང་ཚོས་གོང་དུ་སྐད་ཆའི་ཁོར་ཡུག་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་ཤེས་གསལ་དུ་བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་གི་ཁོར་ཡུག་གི་སྐད་ཆ་ནི། བོད་སྐད་ཡིན་པ་དོན་དངོས་རེད། དེ་འདྲ་ཡིན་ཙང་། སློབ་ཁྲིད་བྱེད་ཐབས་འདེམས་པའི་ཚེ། བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་གིས་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་དེ་བདམས་ན་ཧ་ཅང་འོས་འཚམ་ཡིན་པར་འདོད་དོ། །
          གཉིས་པ། སློབ་ཁྲིད་བྱེད་ཐབས་འདེམས་པར་སློབ་མའི་ཕ་སྐད་ལ་གཞི་འཛིན་དགོས།
          བྱིས་པའི་ཕ་སྐད(儿童母语)དང་སྐད་ཆའི་ཁོར་ཡུག་གཉིས་ནི་སློབ་ཁྲིད་བྱེད་ཐབས་འདེམས་པའི་ཆེས་གལ་ཆེ་བའི་རིམ་པ་ཞིག་ཡིན། བྱིས་པ་ཐོག་མར་སློབ་གྲྭར་ཡོང་དུས་ཁོས་བཤད་ཀྱིན་པའི་སྐད་ཆ་ཅི་ཞིག་ཡིན་ན་དེ་ལ་བྱིས་པའི་ཕ་སྐད་དམ་ཡང་ན་སློབ་མའི་ཕ་སྐད་ཟེར། དེས་ན། སློབ་མ་རྣམས་ཐོག་མར་སློབ་གྲྭར་ཡོང་དུས་ཁོ་རང་ཚོས་བཤད་ཀྱིན་པ་བོད་སྐད་ཡིན་ན་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་འདེམས་རྒྱུ་དང་། ཁོ་ཚོས་བཤད་ཀྱིན་པ་རྒྱ་སྐད་ཡིན་ན་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་དེ་འདེམས་རྒྱུ་དཔེ་གལ་ཆེན་པོ་རེད། གཞུག་མ་དེ་ནི་རྒྱ་སྐད་དེ་བྱིས་པའི་ཕ་སྐད་ཡིན་པའི་ཆ་ནས་བཤད་པ་ཡིན། ཕ་སྐད་སྦྱོང་བ་དེ་མ་གཞི་སྦྱོང་སླ་ལ། འཇུག་སྤྲོ་བ་ཞིག་ཡིན་ན་ཡང་། གཞན་འགྱུར་ཅན་དུ་བཏང་བས། དེ་ཉིད་མིར་གནོན་ཤུགས་སྟེར་སྤྱད་ཅིག་དང་མི་ཚོས་དང་ལེན་བྱེད་ཁག་པ་ཞིག་ཏུ་གྱུར་འདུག①ཅེས་པ་བཞིན། ཕ་སྐད་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་དེས་སློབ་མ་ཚོར་གནོན་ཤུགས་ལྷག་མ་རེ་སྦྱིན་པ་དང་། རིགས་ཚན་སོ་སོའི་སློབ་ཁྲིད་ནང་དོན་ལ་གོ་བ་ལོན་ཁག་པོ་ཆགས་ཡོད་པ་རེད། ཕ་སྐད་ཟེར་བར་ད་དུང་གྲངས་ཉུང་མི་རིགས་གཞན་གྱི་སྐད་ཡིག་ཡོད་མོད། འདིར་བོད་ཁུལ་གཞི་རིམ་གྱི་སློབ་ཁྲིད་བྱེད་ཐབས་འདེམས་པའི་སྐོར་ཁོ་ན་གླེང་གིན་ཡོད་པས་རྒྱས་པར་སྤྲོ་བར་མི་བྱ། འོ་ན་རྒྱུ་མཚན་ཅིའི་ཕྱིར། ང་རང་ཚོས་སློབ་ཁྲིད་བྱེད་ཐབས་འདེམས་པར་སློབ་མའི་ཕ་སྐད་ལ་གཞི་འཛིན་དགོས་ཤེ་ན། དེ་ནི་སློབ་མ་རང་ཉིད་ཀྱིས་སྦྱང་དགོས་པའི་རིགས་ཚན(学科)སོ་སོའི་ཤེས་བྱ་རྟོགས་ཐུབ་པ་དང་། བསླབ་ཚན་གང་ཞིག་གི་འོས་འགན་དེ་ལེགས་འགྲུབ་ཡོང་དགོས་པའི་ཆེད་དུ་ཡིན། གལ་ཏེ་ང་ཚོས་སློབ་ཁྲིད་བྱེད་ཐབས་བདམས་པ་ནོར་བའམ་ཡང་དག་ཅིག་མ་ཡོང་ཚེ། སློབ་མས་སྦྱང་དགོས་པའི་རིགས་ཚན་སོ་སོའི་ཤེས་བྱ་མི་རྟོགས་ལ་དགེ་རྒན་གྱིས་ཁྲིད་དགོས་པའི་བསླབ་ཚན་སོ་སོའི་འོས་འགན་དེ་འགྲུབ་མི་ཐུབ་པ་རེད། དཔེར་ན། བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་ལ་མཚོན་ན། སྐད་ཆའི་ཁོར་ཡུག་དང་སློབ་མའི་ཕ་སྐད་གང་ལའང་གཞི་འཛིན་མ་བྱས་པར་གང་བྱུང་དུ་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་དེ་བཀོལ་བ་ཡིན་ན། དེ་ནི་སློབ་གསོའི་སྡེ་ཁག་གིས་ཞིབ་འཇུག་འགན་ཁུར་བྱས་པ་མ་འདང་བའམ་ཡང་ན། གོང་རིམ་གྱིས་བཀོད་སྒྲིག་བྱས་པ་དེ་ཚན་རིག་དང་མ་མཐུན་ལ་དངོས་ཡོད་དང་མ་བསྟུན་པ་ཞིག་རེད་འདུག ང་ཚོས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་ཤེས་གསལ་དུ། གཞི་རིམ་སློབ་ཆུང་ཁག་གི་གྲངས་རིག་གི་སློབ་ཐུན་ནི། གྲངས་རིག་གི་སློབ་ཐུན་ཞིག་ཏུ་མི་འགྲོ་བར་སྐད་ཡིག་གི་སློབ་ཐུན་ཞིག་ཏུ་འགྲོ་བཞིན་ཡོད། སྤྱིར་བཏང་ཡིན་ན། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནས་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་དེ་འདེམས་པར་སློབ་མ་ཚོའི་རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་ཇེ་མཐོ་ཡོང་བར་ཕན་ཐོགས་གང་ལ་གང་འཚམ་ཞིག་ཡོད་མོད། འོན་ཀྱང་དེ་རྐྱང་བ་ལ་དམིགས་ནས་གྲངས་རིག་གི་ཤེས་བྱ་དང་རིགས་ཚན་གཞན་པའི་ཤེས་བྱ་མཐའ་དག་སློབ་སྦྱོང་བྱེད་མ་ཐུབ་ན། དེ་ནི་ཚན་རིག་དང་མི་མཐུན་ལ་བསླབ་ཚན་གྱི་ནང་དོན་དང་འགལ་བའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན་ངེས། སློབ་མ་ཚོས་སློབ་སྦྱོང་བྱེད་དགོས་པའི་རིགས་ཚན་རེ་རེ་བཞིན་རྒྱ་ཡིག་དང་བོད་ཡིག་སོ་སོར་རང་རང་གི་སློབ་ཁྲིད་འགན་ཁུར་རེ་ཡོད་ལ། དེ་བཞིན་གྲངས་རིག་ལའང་རང་ཉིད་ཀྱི་སློབ་ཁྲིད་འགན་ཁུར་ཞིག་ཡོད་པ་སྨོས་མ་དགོས་པ་ཞིག་རེད། གྲངས་རིག་སློབ་ཐུན་གྱི་དུས་ཚོད་སྐར་མ་བཞི་བཅུའི་ནང་དུ་དགེ་རྒན་གྱིས་ཐོག་མར་སྐད་ཡིག་གསར་དུ་ཁྲིད་དགོས་ལ། དེ་ནས་ད་གཟོད་གྲངས་རིག་གི་ནང་དོན་དངོས་དེ་ཁྲིད་ཀྱིན་ཡོད་པས། གཅིག་ན་དུས་ཚོད་ཀྱི་ཕྱོགས་ནས་དགེ་སློབ་གཉིས་ཀྱི་ཁྲིད་སྦྱོང་ལ་འགོར་འགྱངས་བྱེད་ཀྱིན་ཡོད་པ་དང་། གཉིས་ནས་སློབ་ཐུན་ཁྲོད་དུ་དགེ་སློབ་བར་ལ་སྐད་ཆའི་འགལ་རྐྱེན(语言障碍)དེ་མང་ཙམ་འབྱུང་གི་ཡོད་པ་རེད། གསུམ་ནས་རིགས་ཚན་སོ་སོའི་སློབ་ཁྲིད་འགན་ཁུར་དེ་ལེགས་འགྲུབ་ཡོང་ཐུབ་ཀྱི་མེད། གཞན་ཡང་། སྐད་ཆའི་ཁོར་ཡུག་དང་སློབ་མའི་ཕ་སྐད་ལ་གཞི་འཛིན་མ་བྱས་པར་སློབ་ཁྲིད་བྱེད་ཐབས་བདམས་པ་ནོར་བ་དེས། སློབ་མས་ཤེས་བྱ་སྦྱང་བར་འགོག་རྐྱེན་བྱས་པ་དང་། བྱིས་པའི་དུས་སྔ་མའི་རིག་སྟོབས་གསར་འབྱེད(智力开发)ལ་འགོར་འགྱངས་བྱས་པ། བོད་རིགས་སློབ་མའི་འཇོན་ཅན་འགྱུར་ཚད(成才率)དམའ་རུ་བཟོས་པ། གསོ་སྐྱོང་བྱས་ནས་ཐོན་པའི་སློབ་མ་རྣམས་ཀྱི་བསྐྱར་རྨོངས་ཚད(复盲率)ཤིན་ཏུ་མཐོ་བ②སོགས་ཀྱི་གནད་དོན་འབྱུང་བཞིན་ཡོད་པ་རེད། དེ་བས། བོད་ཁུལ་གཞི་རིམ་གྱི་སློབ་ཆུང་ཁག་ལ་མཚོན་ན། སྐད་ཆའི་ཁོར་ཡུག་དང་སློབ་མའི་ཕ་སྐད་ལ་གཞིར་བཟུང་ནས་སློབ་ཁྲིད་ཀྱི་བྱེད་ཐབས་འདེམས་དགོས་ན། ཆེས་འོས་ཤིང་འཚམ་པ་ནི་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་དེ་ཡིན་ལ། སློབ་ཁྲིད་བྱེད་ཐབས་རིགས་དང་པོ་དེས་གོང་གསལ་གྱི་གནད་དོན་དེ་དག་རང་བཞིན་གྱིས་བསལ་ཐུབ་པ་མ་ཟད། སློབ་སྦྱོང་བྱེད་དགོས་པའི་རིགས་ཚན་སོ་སོའི་སློབ་ཁྲིད་འགན་ཁུར་ཡང་དུས་ལྟར་འགྲུབ་ངེས་ཡིན།
          གསུམ་པ། སློབ་ཁྲིད་བྱེད་ཐབས་འདེམས་པར་གཞི་འཛིན་ལ་ནོར་འཁྲུལ་བྱུང་བ།
          མ་གཞི་སློབ་ཁྲིད་བྱེད་ཐབས་འདེམས་པར་སྐད་ཆའི་ཁོར་ཡུག་དང་སློབ་མའི་ཕ་སྐད་ལ་གཞི་འཛིན་དགོས་པ་ནི་དངོས་ཡོད་ཀྱིས་ང་ཚོར་གནང་བའི་ཉམས་མྱོང་ཞིག་དང་སློབ་མའི་སྦྱང་འབྲས་ཀྱིས་ར་སྤྲོད་བྱས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་མོད། ང་ཚོའི་སློབ་གསོའི་སྡེ་ཁག་དང་ས་གནས་སྲིད་གཞུང་གིས་དངོས་ཡོད་ཀྱི་གནས་ཚུལ་དེ་དང་ལེན་མི་བྱེད་པ་དང་ར་འཕྲོད་པའི་གནད་དོན་དེར་དོ་སྣང་མ་བྱས་པ་ཡིན་ན། བོད་ཁུལ་གྱི་གཞི་རིམ་སློབ་གསོའི་གནས་བབ་ནི་དུས་ནམ་ཡང་རྗེས་ལུས་ཡིན་པ་ལས་སྔོན་ཐོན་དང་འཕེལ་རྒྱས་ལ་འགྲོ་ཐབས་མེད་པ་དང་། སློབ་ཆུང་སློབ་མའི་གྲངས་རིག་གི་སྦྱང་འབྲས་ནི་ལོ་རྟག་པར་ཚད་མ་ལོངས་པའམ་ཐིག་ལེ་ཁོ་ན་བླངས་ནས་དུས་འདའ་བར་ཐེ་ཚོམ་མེད་པ་ཞིག་ཆགས་ཡོང་ངེས། དེ་ནི་ཐོག་མར་སློབ་ཁྲིད་བྱེད་ཐབས་འདེམས་སྐབས་ཀྱི་གཞི་འཛིན་ལ་ནོར་འཁྲུལ་བྱུང་བ་ལས་བཟོས་པ་རེད། སྔོན་ཆད་སྐད་གཉིས་སློབ་གསོའི་སློབ་ཁྲིད་བྱེད་ཐབས་འདེམས་པའི་གཞི་འཛིན་སའམ་དེའི་དམིགས་འབེན་ནི། རྒྱལ་ཁབ་ཀྱིས་ཐུན་མོང་དུ་སྤྱོད་པའི་རྒྱ་སྐད་རྒྱ་ཡིག་གི་ཆུ་ཚད་ཇེ་མཐོར་ཡོང་བ་སྟེ། སྐད་ཡིག་སློབ་ཁྲིད་ལ་རམ་འདེགས་དང་ཤུགས་སྣོན་ཡོང་ཆེད་ཡིན་མོད། ང་ཚོས་ལོ་མང་གི་སློབ་གསོའི་ཉམས་མྱོང་དང་བྱེད་ཐབས་དེ་ཉིད་ལག་ལེན་དངོས་ཀྱི་ཁྲོད་ནས་གྲུབ་འབྲས་ཅི་ཞིག་་་་ཐོན་པ་དང་། སློབ་གསོའི་གནས་བབ་ལ་འགྱུར་ལྡོག་ག་རེ་བྱུང་ཡོད་པ་ཚང་མས་ཤེས་གསལ་རེད། བོད་ཁུལ་གཞི་རིམ་གྱི་སློབ་གསོའི་བྱ་བའི་ཁྲོད་ན་གནད་དོན་མང་པོ་ཞིག་ད་དུང་ལུས་ཡོད་ན་ཡང་། ཆེས་གལ་ཆེ་བ་ནི་སློབ་ཁྲིད་བྱེད་ཐབས་བཀོལ་བ་འགྲིག་མིན་ལ་རག་ལས་ཡོད་པ་རེད། སྤྱིར་རྒྱ་ཡིག་གཙོ་ལ་བོད་ཡིག་བསྣན་པའི་སློབ་ཁྲིད་རྣམ་པ་དེ་སློབ་མའི་རྒྱ་ཡིག་གི་ཆུ་ཚད་གོང་འཕེལ་གྱི་ཆེད་ཙམ་མིན་ལ། བོད་ཡིག་གཙོ་ལ་རྒྱ་ཡིག་བསྣན་པའི་སློབ་ཁྲིད་རྣམ་པ་དེ་སློབ་མའི་བོད་ཡིག་གི་ཆུ་ཚད་འཕེལ་རྒྱས་ཀྱི་ཆེད་དུའང་མིན། ཆེས་གཙོ་བོ་བསླབ་བྱ་ཁག་མི་འདྲ་བ་སོ་སོ་ལ་འཕེལ་རྒྱས་ཀྱི་དམིགས་འབེན་མི་འདྲ་བ་རེ་རེ་ཡོད། དོན་དངོས་སུ་སྐད་ཆ་དང་ཡི་གེ་གང་ཞིག་ཡིན་ཀྱང་དེ་ནི་སློབ་ཁྲིད་དམིགས་འབེན་དེ་དག་འགྲུབ་བྱེད་ཀྱི་ཡོ་བྱད་ཙམ་ཞིག་ཡིན་པས། དམིགས་འབེན་དེ་དག་མངོན་འགྱུར་བྱེད་པ་ལ་སྐད་ཡིག་གང་ཞིག་བེད་སྤྱད་ནས་སློབ་ཁྲིད་དེའི་འབྲས་བུ་བཟང་བ་དང་སློབ་མ་ལ་ཕན་འབྲས་ཆེ་བ་ཡིན་མིན་གྱིས་གནད་དོན་འདི་ཐག་གཅོད་བྱེད་དགོས།③རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་དེ་འདྲའི་མ་དངུལ་མང་པོ་བཏང་བ་དང་ཡང་དག་པའི་སྲིད་ཇུས་བཟང་པོ་ཞིག་གཏན་འཁེལ་བྱས་ཡོད་མོད། དེ་ལག་ལེན་དང་ཁྱབ་བསྒྲགས་བྱེད་མཁན་གྱི་ས་གནས་སྲིད་གཞུང་དང་སྲིད་འཛིན་མི་སྣ་ཚོས་ཞིབ་འཇུག་དང་དོ་སྣང་བྱས་པ་མ་འདང་བ་དང་ཡང་ན་གཡོན་གྱི་བསམ་བློས་ཤུགས་རྐྱེན་ཐེབས④པ་དེས། བོད་ཁུལ་གཞི་རིམ་གྱི་སློབ་གསོའི་གནས་བབ་དེ་མིག་སྔར་བཞིན་རྗེས་ལུས་ཀྱི་རྣམ་པ་འདི་བྱུང་བ་རེད། སྤྱིར་བོད་ཡིག་ལས་གཞན་པའི་བསླབ་ཁག་སོ་སོ་རྒྱ་ཡིག་གིས་ཁྲིད་པ་ནི་རྒྱ་ཡིག་སློབ་ཁྲིད་ལ་གཙིགས་ཆེན་བྱེད་པ་ཙམ་ཞིག་ཏུ་གོ་བ་ལེན་བཞིན་ཡོད་པ་ནི་སྐད་གཉིས་སློབ་ཁྲིད་དང་སྐད་གཉིས་ཀྱི་དབྱེ་བ་ཙམ་ཡང་གསལ་བོར་མ་ཤེས་པ་དང་། སློབ་སྒྲུབ་ཁ་ཕྱོགས(办校方向)དང་སློབ་ཁྲིད་བྱེད་ཐབས(教学模式)ཀྱི་རྣམ་པ་གཉིས་སོ་སོར་མ་ཕྱེས་པ་ལས་བྱུང་བའི་རྨོངས་ཁུལ་ཞིག་རེད་ལ། རྨོངས་ཁུལ་འདིས་གཞི་རིམ་སྐད་གཉིས་སློབ་ཁྲིད་ལ་དངོས་དང་བརྒྱུད་དེ་ཤན་ཤུགས་ཚབས་ཆེན་ཐེབས་དང་་་་་་་ཐེབས་བཞིན་ཡོད།⑤ དེ་འདྲ་ཡིན་ཙང་། བོད་ཁུལ་དུ་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་བཀོལ་བ་དེ་ནི་རྒྱ་ཡིག་སློབ་ཁྲིད་ལ་མཐོང་ཆེན་བྱས་པ་དང་། རྒྱ་ཡིག་རྒྱ་སྐད་ཀྱི་ཆུ་ཚད་ཇེ་མཐོར་ཡོང་བར་གཞིར་བཟུང་ནས་བདམས་པ་ཞིག་ཡིན་མོད། དེ་ནི་རྩ་བའི་ཆ་ནས་སློབ་ཁྲིད་བྱེད་ཐབས་འདེམས་པའི་གཞི་འཛིན་ནོར་བ་ཞིག་དང་བོད་ཁུལ་གཞི་རིམ་གྱི་སློབ་གསོའི་ལས་དོན་ལ་འཕེལ་རྒྱས་མེད་པའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད།
          བཞི་བ། ཞར་བྱུང་དུ་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་འདེམས་པའི་སྐོར།
          གོང་དུ་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་འདེམས་དགོས་པའི་སྐོར་བཤད་ཟིན་ལ། ད་ནི་ཞར་བྱུང་གི་ཚུལ་དུ་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་འདེམས་པའི་སྐོར་ཅུང་ཟད་འཆད་པར་བྱ་སྟེ། མ་གཞི་སློབ་ཁྲིད་བྱེད་ཐབས་འདེམས་པའི་གཞི་འཛིན་ས་ནི་སྐད་ཆའི་ཁོར་ཡུག་དང་སློབ་མའི་ཕ་སྐད་ཡིན་མོད། རེད་དེ། བོད་ཁུལ་གྱི་ས་གནས་ཡོངས་སུ་ཡང་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་དེ་བཀོལ་དགོས་པའི་ངེས་པ་མེད། དེ་ནི་དཔེར་ན། གྲོང་ཁྱེར་དང་རྫོང་མཁར་ན་ཡོད་པའི་བོད་ཀྱི་བྱིས་པ་ཚོ་ནི། བོད་སྐད་བོད་ཡིག་གི་རྨང་གཞི་ཞན་ལ་རྒྱ་སྐད་རྒྱ་ཡིག་ལ་གོམས་ཤིང་འདྲིས་ཡོད་པ་ཡིན་དུས། ཁོ་ཚོའི་ཕ་སྐད་ལྟ་བུ་ནི་རང་བཞིན་གྱིས་རྒྱ་སྐད་དེ་ཆགས་ཡོད་པ་རེད། དེ་བས། ཁོ་ཚོའི་སློབ་སྦྱོང་གི་ལག་ལེན་ཁྲོད་ནས་སློབ་ཁྲིད་བྱེད་ཐབས་རིགས་དང་པོ་དེ་བཀོལ་བ་དེ་ཡང་དངོས་ཡོད་དང་མ་མཐུན་པ་ཞིག་ཡིན་པས། ཁོ་ཚོའི་རིགས་ལ་ནི་སློབ་ཁྲིད་བྱེད་ཐབས་རིགས་གཉིས་པ་དེ་འོས་ཤིང་འཚམ་པ་ཡིན། མ་གཞི་ས་གནས་དང་ཁོར་ཡུག་གང་འདྲ་ཞིག་ནས་སློབ་ཁྲིད་བྱེད་ཐབས་འདེམས་པའི་སྐབས། རིགས་ཀྱི་བརྩེ་བ་དང་གཡོན་གྱི་བསམ་སྤྱོད་ཀྱིས་མ་ཕྱོགས་པར་སྐད་ཆའི་ཁོར་ཡུག་དང་། བྱིས་པའི་ཕ་སྐད་གཉིས་ལ་གཞི་འཛིན་བྱས་ནས་སློབ་ཁྲིད་བྱེད་ཐབས་དེ་གཏན་འཁེལ་བྱས་པ་ཡིན་ན། དེ་ནི་ཚན་རིག་དང་མཐུན་ལ་དངོས་ཡོད་དང་འཚམ་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན་པ་མ་ཟད། དེ་ནི་ཡར་རྒྱས་ཡོད་པ་དང་སྔོན་ཐོན་ཅན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་ཀྱང་ཡིན་སྲིད་དོ།།
དཔྱད་གཞིའི་ཡིག་རིགས།
① ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ། (བོད་ཡིག) དབྱིས་ཅན་ལི(尹建莉)ཡིས་བརྩམས། 
མི་རིགས་དཔེ་སྐྲུན་ཁང། 2011ལོ། དེབ་གྲངས127
② 关于藏区双语教育模式选择的思考 嘉央扎西著 自选《中国民族教育》1999年 第一期
③ སློབ་གསོ་ལག་ལེན་རྣམ་བཤད། (བོད་ཡིག) གཅན་རོང་བསྟན་འཛིན་གྱིས་བརྩམས། 
ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2003ལོ། དེབ་གྲངས103
④ 关于藏区双语教育模式选择的思考 嘉央扎西著 自选《中国民族教育》1999年 第一期
⑤ སློབ་གསོ་ཐབས་ལམ་རྣམ་བཤད། (བོད་ཡིག) གཅན་རོང་བསྟན་འཛིན་གྱིས་བརྩམས། 
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོ། དེབ་གྲངས95