ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མདོ་སྨད་བླ་བྲང་ས་ཆའི་ཐབ་ལྷའི་སྐོར་གྱི་འཛེམ་བྱ་མདོ་ཙམ་གླེང་བ།

སྤེལ་དུས 2018-01-22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སྒྲོལ་མ་སྐྱབས།
【ནང་དོན་གནད་བསྡུས།】  བོད་མིའི་དམངས་ཁྲོད་ཀྱི་གོམས་སྲོལ་སོགས་ཕྱོགས་མང་པོའི་ཐད་ལ་བན་དེ་དང་བོན་པོ་གཉིས་ཀྱི་ཆོས་ལུགས་ཀྱི་ཤན་ཞུགས་ཡོད་ལ། ལྷག་པར་ཏུ་བོན་ཆོས་ཀྱིས་དངོས་པོ་ཐམས་ཅད་ལ་སེམས་ཡོད་པར་ངོས་འཛིན་གྱིན་ཡོད། ཁོ་བོས་དེ་དག་གཞིར་བཟུང་ནས་ཡུལ་བླ་བྲང་གི་ཐབ་ལྷའི་འཛེམ་བྱ་ཐད་ལ་བློ་རྩིང་བོའི་རགས་ཙམ་དཔྱད་པར་བྱའོ། 
【བརྡ་ཆད་གཙོ་བོ།】 འཛེམ་བྱ། རིག་གནས། དེའི་དགེ་མཚན།
          ཁ་བ་ཅན་གྱི་ཡུལ་འདིར་འཚོ་ཞིང་གནས་པའི་བོད་མི་རིགས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་མི་རིགས་ཤིག་དང་མཚར་སྡུག་འོད་སྟོང་འབར་བའི་རིག་པའི་གནས་ཀྱི་མ་ལག་ཕུན་སུམ་ཚོགས་པོ་གྲུབ་ཡོད་པའི་མི་རིགས་ཤིག་ཡིན་ལ། ཀྱག་ཀྱོག་ལོ་ཟླ་རིང་མོའི་ཁྲོད་རང་ཅག་གི་ཕ་མེས་ཡང་མེས་ཚོས་བློ་གྲོས་ཀྱི་རྩལ་དང་དཔའ་མཛངས་ཀྱི་བློ་སྟོབས་ལས་ང་ཚོའི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་དང་རྣམ་གྲངས་ཀྱིས་ཕྱུག་པའི་དམངས་ཁྲོད་རིག་གནས་དེ་དར་ཁྱབ་བྱུང་ཡོད། འདིར་བརྫོད་གཞིར་གྱུར་བའི་འཛེམ་བྱའི་རིག་གནས་འདི་ནི་བོད་རང་གི་འཚོ་བ་དངོས་དང་འབྲེལ་འདྲིས་ཆེ་བའི་དམངས་ཁྲོད་རིག་གནས་ཀྱི་ཡན་ལག་ལྟ་བུར་གྱུར་ཡོད་ལ། ད་སྔ་འདིའི་ཐད་ལ་སྤྱིའི་ཆ་ནས་ཞིབ་འཇུག་བྱེད་པ་མང་མོད། འོན་ཀྱང་བྱེ་བྲག་གཅིག་དམིགས་སུ་བཟུང་ནས་ཞིབ་འཇུག་བྱེད་པ་ཅུང་ཉུང་ཉུང་གི་ཚུལ་དུ་གདའ་བས། ཁོ་བོས་ཕྱོགས་གཅིག་ནས་དེའི་ཁ་སྐོང་དོད་དུའམ། ཕྱོགས་གཞན་ཞིག་ནས་ཡུལ་བླ་བྲང་གི་ཐབ་ལྷའི་འཛེམ་བྱ་ངོ་སྤྲོད་ཀྱི་ཕྱིར་དུ་རྩོམ་ཐུང་འདི་གུས་པས་སྦྱར་བའོ། ། 
དང་པོ། ཡུལ་གྱི་མཚམས་སྦྱོར་མདོར་བསྡུས།
          བླ་བྲང་ཞེས་པའི་དེང་གི་ས་ཆ་འདི་ནི་གནའ་དུས་ནས་བཟུང་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་བོད་དང་། རྒྱ། སོག་པོ་སོགས་མི་རིགས་གཞན་བར་རིག་གནས་དང་ཚོང་ལས་སོགས་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུར་གྱུར་ཡོད་པས་ལོ་རྒྱུས་སྟེང་དུ་ས་གནས་གལ་འགངས་ཆེ་བ་ཞིག་ཡིན། གནས་འདི་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཡོད་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཁུལ་ཏུ་ཡོད། ས་དེའི་ཤར་དང་ལྷོ་ནི་གཙོས་གྲོང་ཁྱེར་དང་ཀན་ལྷོའི་ཀླུ་ཆུ་རྫོང་དང་ཉེ་ཞིང་། བྱང་ཕྱོགས་ནི་སྔོན་གྱི་ཡ་རྫི་མཁར་ཏེ་དེང་གི་མཚོ་སྔོན་གྱི་ཞོན་ཧྭ་ས་ཆ་དང་རེ་གོང་གསེར་མོ་ལྗོངས་དང་འབྲེལ། ནུབ་ཁུལ་ནི་མཚོ་སྔོན་གྱི་རྩེ་ཁོག་ས་ཆ་དང་འབྲེལ་ཡོད་པ་ཞིག་ཡིན་ལ། ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༨༠༣༧.༧དང་། མི་འབོར་ལ་ཁྲི༨༥༠༠ལྷག་ཡོད་པའི་རྫོང་ཞིག་ཡིན། བླ་བྲང་ཞེས་པའི་མིང་འདི་ལ་བསང་གཞུང་དང་སྤྱང་ཁོག་ཟེར་བ་སོགས་བཞེས་པ་མི་མཐུན་པ་རེ་འགའ་ཡོད་དེ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》ལས། “གནའ་བོའི་གེ་སར་རྒྱལ་པོའི་བསང་བཏང་བའི་དབང་གིས་བསང་གཞུང་དུ་མིང་ཆགས་པ་ཡིན”ཞེས་ཆོས་ལུགས་བྱེད་སྒོའི་མིང་ས་མིང་དུ་སྦྱར་བར་བཤད་ལ། དེ་སྔོན་ས་མིང་རྒྱ་ཡིག་གི“夏河县”དེ་ཐད་ཀར་རྒྱ་བསྒྱུར་བགྱིས་ཏེ“ཞཱ་ཧོ་རྫོང”དུ་འབོད་མོད། འོན་ཀྱང་ལོ་ཉེ་འགའི་སྔོན་དུ་མིང་བརྗེས་ཏེ“བསང་ཆུ་རྫོང”ཞེས་གསར་དུ་བཏགས། དེང་སང་རྒྱུན་འབྱམས་དུ་གྱུར་ཏེ་བསང་ཆུ་རྫོང་ཞེས་འབོད་བཞིན་ཡོད། 
གཉིས་པ། འཛེམ་བྱའི་གོ་དོན་དང་སྤྱིའི་གྲུབ་ཚུལ་བརྗོད་པ།  
          འཛེམ་བྱ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཡོངས་ཁྱབ་ཏུ་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ལ། དེ་ཡང“འཛེམ་བྱ་ཞེས་པ་ནི་ཕྱི་གླིང་གི་མིའི་རིགས་རིག་པ་དང་། དམངས་སྲོལ་རིག་པའི་ཞིབ་འཇུག་ཁྲོདtabooཞེས་བརྗོད་ཀྱིན་ཡོད་པ་དེ་ནི་ཞི་བདེ་རྒྱ་མཚོ་ལྷོ་མའི་ཐང་གའི(tonga)གླིང་ཕྲན་གྱི་ཡུལ་མིའི་སྐད་ཡིན”ཞེས་བརྗོད་ཀྱི་ཡོད།  གཞན《བླ་བྲང་དམངས་སྲོལ་རིག་གནས་དཔྱིད་དཔལ་ཀུན་རྫོགས》 ལས“འཛེམ་བྱ་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་གཙིགས་སུ་བཀུར་བའི་དངོས་པོ་དེ་དག་ལ་ཁྱད་འཕགས་ཅན་གྱི་རང་བཞིན་ལྡན་པས་རང་དགར་དུ་བཀོལ་སྤྱོད་བྱེད་མི་ཆོག་ལ། དེ་ལས་ལྡོག་སྟེ་དེ་དག་ལ་ཕོག་ཐུག་བཏང་ན་བཀྲ་མི་ཤིས་པར་བརྩི་བ་དང་། དེ་དག་ལ་མཐུན་པར་བྱས་ཚེ་བདེ་ལེགས་འབྱུང་སྲིད་པ། ཅིག་ཤོས་ནི་བཀྲ་མི་ཤིས་པ་དང་མི་གཙང་བ། ཉེན་ཁ་ཅན་གྱི་དངོས་པོ་ལ་ལག་པ་སོགས་ཀྱིས་རེག་མི་ཆོག་པ་སྟེ་བཀྲ་མི་ཤིས་པའི་རྟགས་སུ་འདོད་ནས་འཛེམ་དགོས”ཞེས་འཁོད་ཡོད།   ངེད་ཅག་བོད་མི་རིགས་འདི་ནི་སྲོལ་རྒྱུན་རིག་གནས་ཀྱི་རྨང་སྟུག་ཅིང་། མི་རྣམས་ཆོས་ལ་དད་ཞེན་ཆེ་བ་བཅས་ཀྱི་རྐྱེན།  བོད་མིའི་གོམས་གཤིས་ཁྲོད་དུ་འཛེམ་བྱའི་རིགས་སྣ་ཚོགས་ཤིག་གིས་ཁྱབ་ནས་ཡོད། ལྷག་པར་དུ་གཡུང་དྲུང་བོན་ལ་དད་མོས་བྱེད་པ་ནི་བོད་ཀྱི་གདོད་མའི་དུས་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ། དེ་ནི་གདོད་མའི་དུས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐད་རྩོད་བྱེད་པའི་ཁྲོད་དུ་མིའི་བསམ་བློའི་འདུ་ཤེས་སུ་ཕྱི་སྣོན་ཀྱི་གནས་ས་རི་ཀླུང་གི་ཆགས་གནས་འཇིག་སྟོང་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་རང་བྱུང་གི་ཆོས་ཉིད་དག་བློས་དཔྱད་མ་ནུས་པར། དེ་དག་ཡོད་ཚད་ནི་རང་བྱུང་ཁམས་ཀྱི་མི་མངོན་པའི་སྟོབས་ཤུགས་ཤིག་གིས་ཁ་ལོ་བསྒྱུར་བར་འདོད་ཀྱིན་ཡོད། དེང་སང་མང་ཆེ་བས་འཛེམ་བྱ་ནི་ཚན་རིག་རང་བཞིན་མ་ལྡན་པའི་རྨོངས་པ་ཞིག་ཏུ་བརྩི་བཞིན་ཡོད་མོད། འོན་ཀྱང་ལེགས་པར་བརྟག་ན་དེ་ཡང་མ་ཡིན་ཏེ། “འཛེམ་བྱ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དུས་རིམ་ངེས་ཅན་ཞིག་ལ་འཕེལ་རྒྱས་ཟིན་པའི་ཐོན་རྫས་ཤིག་ཡིན་ལ། དེ་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་གི་སྣང་ཚུལ་འཇིགས་སུ་རུང་བ་དག་ནི་རང་བྱུང་ལས་འདས་པའི་སྟོབས་ཤུགས་ཤིག་གིས་བཀོད་འདོམས་བྱེད་པར་འདོད་པའི་བསམ་བློའི་རྨང་གཞིའི་སྟེང་དུ་བྱུང་བ་ཞིག་ཡིན།”   དེ་བས་འཛེམ་བྱ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་དགོས་མཁོ་ངེས་ཅན་ཞིག་དང་བསྟུན་ནས་བྱུང་བ་ཞིག་ཡིན་པ་ནི་ངེས་པར་དུ་ཤེས་དགོས་པའི་གནད་ཅིག་ཡིན། བོན་ཆོས་ནི་གདོད་མའི་དུས་ནས་བྱུང་བ་ཞིག་ཡིན་ལ། དེས་འཇིག་རྟེན་ཁམས་ཀྱི་འགྲོ་བ་མིའི་རིགས་འདི་ནི་ལྷ་ཀླུ་གཉན་གསུམ་སོགས་ཀྱིས་དབང་བསྒྱུར་བ་དང་། ང་ཚོས་དེ་དག་གི་གཅིག་ལ་གནོད་པ་བྱས་ན་ཅིག་ཤོས་ལ་གནོད་པ་ཐེབས་པར་བཤད་པ་དང་། འཇིག་རྟེན་གྱི་དངོས་པོ་ཀུན་ལ་སེམས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དངོས་པོ་ཀུན་ལ་སེམས་ཡོད་པར་ངོས་འཛིན་བྱེད་པ་འདི་ནི་འཛེམ་བྱ་རིག་གནས་སྤྱི་ལ་མངའ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་མཐོང་། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྐྱི་གཡའ་བ་དེ་དག་དང་དེའི་སྟོབས་ཤུགས་ལ་ཡང་དག་པའི་ངོས་འཛིན་བྱེད་མ་ཐུབ་པར། དངོས་པོ་ཀུན་ལ་རྣམ་ཤེས་ཡོད་པའི་ལྟ་ཚུལ་གྱིས་བཅིངས་ཏེ་ལྷ་ཀླུ་གཉན་བཙན་སོགས་ལ་སྐྱབས་བཅོལ་བ་དང་མཆོད་ཅིང་བསྟོད་པར་བྱེད་པ། བོད་མིའི་འདུ་ཤེས་སུ་ཆུ་ལ་ཆུ་ལྷ་དང་ཞིང་ལ་ཞིང་ལྷ། རི་ལ་རི་ལྷ། བྲག་ལ་བྲག་ལྷ་ཞེས་ལྷའི་རིགས་ནི་གནས་གང་ས་གང་དུ་གཞི་སྡོད་བྱས་ཡོད་པས་ལྷ་ལ་བཀུར་ཞིང་མཆོད་ཅིང་། རང་བྱུང་ཁམས་ནི་ཆོས་ལུགས་ཀྱི་ཆེས་ཐོག་མའི་དམིགས་བྱ་ཡིན་ལ་འཛེམ་བྱའི་ཆེས་ཐོག་མའི་དམིགས་བྱའང་ཡིན། གདོད་མའི་དད་མོས་ཀྱི་ལྟ་སྟངས་ཟབ་མོ་དེ་འདྲའི་གནས་ཚུལ་འོག་ཆེས་གནའ་བོའི་འཛེམ་བྱ་རྣམས་གྲུབ་ནས་རིམ་བཞིན་དར་ཞིང་འཕེལ་བ་ཡིན།  དེས་ཤུགས་རྐྱེན་ནི་དེ་རིང་གི་དུས་འདིར་ཡང་བོད་མིའི་འཚོ་བ་དངོས་དང་འདུ་ཤེས་ཀྱི་ཁྲོད་དུ་གནས་ཡོད་དེ། བོད་མི་རྣམས་ཀྱིས་ཕྱིའི་འབྱུང་བའི་གནད་དང་ནང་སེམས་ཁམས་ཀྱི་ནད་སོགས་ལྷ་འདྲེ་གདོན་བགེགས་ལས་བྱུང་བའི་ནད་རིགས་ཡིན་པར་བསམ་པ་དང་། མི་གཙང་བའི་དུག་རྫས་སོགས་བསྲེགས་ནས་ཡུལ་ལྷ་ལ་མནོལ་གྲིབ་ཕོག་པ་དང་། ཡུལ་ལྷ་གནས་རིའི་ས་ནས་ས་བརྐོ་རྡོ་སློག་སོགས་ཀྱི་བྱ་སྤྱོད་ལས་ཡུལ་ལྷར་ཕོག་ཐུག་བྱུང་བར་བསམ་ནས་ཡུལ་ལྷ་ལ་བསང་གསོལ་བ་དང་ཐུགས་དམ་བསྐང་བ། འགྱོད་བཤགས་སོགས་བྱེད་ཀྱི་ཡོད།  “འཛེམ་བྱ་ནི་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། དད་པའི་བྱ་སྤྱོད་བཀག་རྒྱའམ་ཚོད་འཛིན་བྱེད་པའི་འདུ་ཤེས་སམ་བྱ་ཐབས་སྤྱིའི་མིང་ལ་ཟེར”བ་ནང་བཞིན།  “གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྟོབས་ཤུགས་རིགས་ལ་དད་བཀུར་དང་གཡོལ་གང་ཐུབ་བྱེད་པ་ལས་ལྡོག་ཐབས་བྲལ་ཞིང་། ཐ་ན་གནོད་འཚེ་གཏོང་མཁན་གྱི་སྟོབས་ཤུགས་དེ་རིགས་ཀྱི་མིང་འབོད་པ་དང་། དེ་ཚེའི་སྐད་སྒྲའམ་སྟངས་སྟབས་ཀྱི་ལད་མོ་བྱས་ནས་མཐའ་འཁོར་གྱི་སྐྱེ་བོ་གཞན་རྣམས་སྐྲག་སྟེ་གདོང་མདོག་ལོག་འགྲོ་བར་བྱེད་པ་དེ་རིགས་ལ་ཁ་རྡུང་གཏོང་བ་དང་། བྱ་སྤྱོད་དེ་རིགས་བཀག་སྡོམ་གྱི་སྲོལ་ཆགས།  དེ་ནི་གདོད་མའི་འཛེམ་བྱའི་སྣང་ཚུལ་དུ་གྲུབ་ཡོད”ཅེས་པ་ལྟར།    འགྲོབ་མིའི་རིགས་ཀྱིས་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་པའི་དུས་ཡུན་རིང་བོའི་ནང་དུ་ལག་ལེན་དངོས་ཀྱི་ཐོག་ནས་བྱ་བ་གང་བྱས་ན་འབྲས་བུ་ངན་པ་ཅི་འཁོར་བ་དང་། ཟ་མ་གང་ཟས་ན་གཟུགས་གཞིའི་བདེ་ཐང་ལ་གནོད་ཀྱི་ཡོད་པའི་ཆོས་ཉིད་ལ་ཕྱོགས་བསྡོམས་བྱས་ཤིང་། གནོད་འཚེ་དང་བགེགས་བར་ཆད་མི་ཡོང་བའི་ཆེད་ཆ་རྐྱེན་གང་གི་འོག་གཏམ་སྤྱོད་གང་དང་ཅི་བཤད་མི་རུང་བ་དང་། བྱ་མི་རུང་བའི་བཀག་རྒྱ་ཆུང་བ་དེ་དག་ཕྱིས་སུ་དར་ཁྱབ་ཇེ་ཆེར་ཕྱིན་ནས་ཀུན་གྱིས་སྲུང་བར་བྱ་བའི་འཛེམ་བྱ་ཆགས། དེ་བས་འཛེམ་བྱའི་རིག་གནས་དེ་རྗེས་སུ་ཆ་ཇེ་ཚང་དང་འཐུས་སྒོ་ཇེ་རྒྱས་ཇེ་ལེགས་སུ་སོང་སྟེ་ཁྲིམས་ལུགས་ཀྱི་མ་ཕྱི་ལྟ་བུར་གྲུབ་བོ། ། 
གསུམ་པ། ཐབ་ལྷའི་སྐོར་གྱི་འཛེམ་བྱ།         
          ༡.ཐབ་ལྷའི་འཛེམ་བྱ་དེ་འཛེམ་བྱའི་རིགས་གང་གི་ཁོངས་སུ་གཏོགས་པར་བཤད་པ། འཛེམ་བྱ་ནི་ང་ཚོ་བོད་མིའི་དམངས་སྲོལ་རིག་གནས་ཀྱི་ཡན་ལག་ལྟ་བུ་ཞིག་ཡིན་ལ། དེ་ལའང་རྣམ་གྲངས་གང་མང་བོ་ཡོད་དེ། དབྱེ་ན་རིགས་བཞི་ཡི་ཁོངས་སུ་བསྡུས་ཆོག  དེ་དག་ནི། ཆོས་ལུགས་སྐོར་གྱི་འཛེམ་བྱ། ཐོན་སྐྱེད་སྐོར་གྱི་འཛེམ་བྱ། སྐད་ཆ་སྟེ་ངག་གི་བྱེད་སྒོའི་སྐོར་གྱི་འཛེམ་བྱ། འཚོ་བའི་སྐོར་གྱི་འཛེམ་བྱ་དང་བཅས་སོ། ། རྩོམ་ཐུང་འདིའི་བརྗོད་གཞིར་གྱུར་བའི་ཐབ་ལྷའི་འཛེམ་བྱ་འདི་ནི་ཆོས་ལུགས་སྐོར་གྱི་འཛེམ་བྱའི་ཁོངས་ལ་གཏོགས་པར་སྙམ་སྟེ། རྒྱུ་མཚན་ནི་ཆོས་ལུགས་སྐོར་གྱི་འཛེམ་བྱ་ནི་འཛེམ་བྱའི་རིགས་གཞན་དག་ལས་བྱུང་བར་སྔ་ཤོས་ཡིན་ལ་འཚོ་བའི་ཁྲོད་དུའང་དར་ཁྱབ་ཀྱང་ཆེ་བ་ཡིན། ལྷག་པར་དུ་བོན་པོའི་ཆོས་ལུགས་ཀྱིས་རི་ལ་རི་ལྷ་དང་ཆུ་ལ་ཆུ་ལྷ། ཤིང་ལ་ཤིང་ལྷ། ཡུལ་ལ་ཡུལ་ལྷ། དེར་མ་ཟད་ཕོ་ལྷ། མོ་ལྷ། དགྲ་ལྷ་སོགས་དང་། ཐ་ན་ཁྱོམ་ཚང་ལ་ཡང་ཁྱིམ་ལྷའམ་སྲུང་མ་ཡོད་པར་བཤད་པ་དང་། དངོས་པོ་ཡོད་དོ་ཅོག་ལ་སེམས་ཡོད་པར་བཞེད་ཀྱི་ཡོད། དེ་བས་ཁྱིམ་ཚང་གི་འཚོ་བའི་རྟེན་གཞི་ཐབ་ཀ་ལའང་ཐབ་ལྷ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡུལ་བླ་བྲང་ས་ཆའི་བོད་མི་མང་ཆེ་བའི་ཐབ་ལྷ་དེ་རང་ཁྱིམ་གྱི་སྲུང་མར་ངོས་འཛིན་གྱི་ཡོད། ལོ་ཆུང་བྱིས་པ་གློ་བུར་དུ་བླ་འཁྱམས་པ་སོགས་བྱུང་ཚེ། ཁྱིམ་གྭི་ལོ་ན་བགྲེས་པའི་ཨ་མྱེས་དང་ཨ་ཡེ་སོགས་ཀྱིས་དགོང་ཁའི་དུས་སུ་རང་ཁྱིམ་གྱི་ཐབ་ཀའི་ནང་ལ་ཁ་གཏད་དེ། “ཨ་མ་ལྷ་མོ། ངའི་བུ×××འདི་སྐྲག་ནས་བླ་འཁྱམས་སོང་། ང་བུ་འདིའི་བླ་འབོད་དུ་ཡོང་བ་ཡིན ། ཨ་མ་ལྷ་མོ། ངའི་བུ×××འདིའི་བླ་ཕྱིར་རང་གི་ནང་ལ་དགུག་རིགས་ཞུ། ངའི་བུ×××འདི་མེ་ལ་མི་སྐྲག  ཆུ་ལ་མི་སྐྲག”ཅེས་བླ་འབདོ་ཞོར་དུ་གྲི་ཆུང་ཞིག་གིས་ཐབ་ཚང་གི་སྒོ་ཐེམ་ལ་རྒྱག་པའི་སྲོལ་དུས་ད་ལྟའི་བར་དུ་གནས་ཡོད། བླ་བྲང་ས་ཆར་མཚོན་ན། ཡུལ་འཛེམ་བྱའི་རིག་གནས་དང་ཡུལ་ལུགས་གོམས་གཤིས། དད་གུས་སོགས་མང་ཆེ་བ་ཆོས་ལུགས་ཀྱི་ཆོ་ག་དང་དད་མོས་དང་འབྲེལ་བ་ཆེན་པོ་ཡོད། ལྷག་པར་དུ་ཡུལ་དེར་གནས་ཆགས་པའི་མཚན་སྙན་འཛམ་གླིང་ལ་གྲགས་བཞིན་པའི་བོད་ཀྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་བླ་བྲང་དགོན་པ་གཙོར་གྱུར་པའི་དགོན་ལག་གང་མང་ཡོད་པས། ས་འདིར་ཆོས་ལུགས་དང་འབྲེལ་བའི་འཛེམ་བྱའི་སྐོར་འདི་དར་ཁྱབ་ཆེན་པོ་ཡོད་དེ། ། 
           ༢.ཐབ་ཀའམ་མེ་ཐབ་ཀྱི་བྱུང་བ། ང་ཚོས་ཤེས་གསལ་ལྟར་མེ་ནི་གནའ་ནས་ད་ལྟའི་བར་དུ་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་གྱིན་ཡོད་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱིས་མེ་དེ་ཕྱིའི་དགྲ་བོ་དང་བགེགས་སོགས་ཀྱི་གནོད་པ་སྲུང་བྱེད་ཀྱི་རང་བྱུང་གི་མཚོན་ཆ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།  དཔེར་ན། བོད་ཀྱི་ཡུལ་སྡེ་ལུང་བ་མང་པོ་ཞིག་གིས་བུད་མེད་ཀྱིས་བྱིས་པ་བཙའ་བ་དང་། ཁྱིམ་དུ་ནད་པ་དྲག་ཆེན་ཡོད་གྱུར་ན། རང་ཚང་གི་སྒོ་ཡི་ཕྱི་རོལ་དུ་མེ་ཐོ་བསླངས་ཏེ་ཕྱི་ཡི་འགྲུལ་བ་འགོག་པ་དང་ཡང་ན་རྒྱ་སྒོའི་ངོས་སུ་ཤུག་པ་འཛེར་བའི་སྲོལ་ཡོད་པ་དང་། ཁྱིམ་གཅིག་གིས་མི་ཡིན་ཡང་ཕྱི་རོལ་ནས་ནང་ལ་ཡོང་ཚེ། ངེས་པར་དུ་མེ་ཐོ་བསླངས་ཏེ་མེ་ལ་འགོམས་རྗེས་ད་གཟོད་ནང་དུ་འཛུལ་ཆོག ལྷག་པར་དུ་མཚན་གུང་ལ་ནང་དུ་འཛུལ་བར་འཛེམ་གྱི་ཡོད། ད་དུང་ས་རུབ་པའི་རྗེས་སུ་ཕྱི་ཤ་སོགས་ནང་ལ་འཁྱེལ་བར་འཛེམ་པ་དང་། གལ་ཏེ་འཁྱེར་ན་སྔོན་ལ་མེ་ཕུང་སྦར་ཞིང་དེ་ལ་འགོམ་དགོས་པ་དང་། ཕྱི་ནས་འཁྱེར་ཡོང་བའི་ཤ་སོགས་ལ་མི་གཙང་བ་འགོས་ཡོད་པ་དང་། དགོང་མོ་ཕྱི་ཤ་ཡི་རྗེས་སུ་ཡི་དྭགས་སོགས་ངན་སོང་རྗེས་བསྙེགས་ཡོད་པས་ཐད་ཀར་ཁྱིམ་དུ་འཁྱེར་ན་བསམ་ཡུལ་ལས་འདས་པའི་ནད་འབྱུང་སྲིད་པ་སོགས་ཀྱིས་ངེས་པར་དུ་སྔོན་ལ་མེ་ལ་འགོམ་དགོས་པ་སོགས་ཀྱི་བཤད་རྒྱུན་ཁོ་བོའི་ཨ་མྱེས་ལགས་ཀྱིས་གསུངས་མྱོང་།  ཁོང་རྒན་རབས་པ་ཚོ་ད་དུང་དེའི་སྐོར་ཀྱི་མྱོང་བ་དངོས་དང་གཏམ་རྒྱུད་སོགས་མི་ཉུང་བ་ཞིག་གསུངས་རྒྱུ་ཡོད་མོད་ཡིག་ཚོགས་མང་བོར་དོགས་ནས་ཞིབ་ཏུ་མ་བྲིས་སོ། ། དེ་ཡང་གདོད་མའི་སྤྲ་མི་རྣམས་རིམ་བཞིན་མི་རུ་འགྱུར་བའི་གོ་རིམ་ཁྲོད་དུ་མེ་བཀོལ་སྤྱོད་ཤེས་པ་ནས། མེ་དང་མི་གཉིས་ནམ་ཡང་ཁ་བྲལ་མ་མྱོང་ཞིང་། མེ་ལ་བརྟེན་ནས་དྲོད་འཚོལ་བ་དང་ཟས་འཚོལ་ཅིང་སྲེག་པ་སོགས་བྱེད། རྒན་ལྕགས་ཐར་རྒྱལ་གྱིས“མེ་སོན་ལ་རྡོ་བ་དང་འཇིམ་པ་སོགས་ཀྱིས་སྐོར་བ་བྱེད་པའམ་མེ་ཡི་གནས་མལ་དུ་གཤོང་བུ་བརྐོས་པ་ལས་མེ་ར་བྱུང་ཞིང་། མེ་རའི་ནུས་པ་ནི་མེ་ཕུང་མཉམ་དུ་བསྡུས་ཏེ་མེ་སོན་ཡུན་རིང་དུ་ཉར་འཇོག་བྱེད་པ་ལས་གཞན་དུ། མེ་དབལ་མཉམ་དུ་བསྡུས་པའི་སྟེང་དུ་ཁ་ཟས་འཚོད་བསྲེག་བྱེད་ཅིང་། མཚན་མོར་མི་རྣམས་མེ་རའི་མཐའ་རུ་ཉལ་བས་གྲང་བ་སྐྱོབ་པ་དེ་ཡིན་ཕྱིར། གནའ་དུས་སུ་མེ་རའི་མཐའ་སྐོར་ལ་བྱིས་པ་ཉལ་ས་བྱེད་པའི་སྲོལ་ཡོད་པ་དང་། མེ་ར་དང་མེ་གཞོང་། མེ་རྐོང་ཞེས་པའི་ཐ་སྙད་ད་དུང་མ་ཉམས་པར་གནས་པའི་ཁར། མེ་ཡི་འོད་ཀྱིས་འགྲོ་བ་མིའི་ཉིན་དཀར་གྱི་འཚོ་བའི་ཡུན་བསྲིངས་ཤིང་། མཚན་མོར་མུན་པའི་འཇིགས་པ་ལས་སྐྱོབ་པ་དང་། མེ་ར་ནི་མེ་སོན་དམངས་ཀྱི་སྡོད་ཁྱིམ་དུ་དྲངས་པའི་ཐབ་ཀའི་ཆེས་ཐོག་མའི་རྣམ་པ་ཞིག་ཏུ་འཁུམས”ཞེས་བརྗོད་པ་ལས། ང་ཚོས་ཐབ་ཀའི་ཐོག་མའི་རྣམ་པ་ཞིག་རགས་ཙམ་རྒྱུས་ལོན་ཐུབ་སོང་། དེ་ནས་ཐབ་ཀ་འཕེལ་འགྱུར་བྱུང་སྟེ་སུམ་ཐབ། འབྲོག་ཐབ། ཚ་ཐབ་སོགས་བྱུང་བ་དང་། དེང་སང་ཧ་ཅང་བཀོལ་བདེ་བོ་ཡོད་པའི་ལྕགས་ཐབ་སྣ་ཚོགས་ཡོད་པ་ལྟ་བུའོ། ། 
          ༣. ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་ཐབ་ལྷའི་འཛེམ་བྱ།  བོད་མི་རིགས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་ནས་ལག་ལེན་བཀིལ་བཞིན་པའི་བྱ་སྤྱོད་དེ། རྟེན་འབྲེལ་དང་གུས་ལུགས། གཙང་སྦྲ། གྲིབ་ཁ། ངོ་ཚའི་རིགས་སོགས་དོ་སྣང་དང་འཛེམ་པའི་སྲོལ་ཡོད།  དགོས་སུ་བླ་བྲང་ས་ཆར་བོད་རིགས་རིགས་མང་ཆེ་བའི་ཐབ་ལྷ་དེ་ཁྱིམ་ཚང་གི་སྲུང་མར་ངོས་འཛིན་པ་དང་དུས་རྟག་ཏུ་ཐབ་ཀའི་གཙང་སྦྲའི་ཐད་ལ་དོ་སྣང་གལ་ཆེན་པོ་བྱེད་ཀྱིན་ཡོད།  ཐབ་ཚང་དང་ཐབ་ཀ ཐབ་ཀའི་ཐོག་གི་ཅ་ལག་སོགས་ལ་ཤིན་ཏུ་ནས་གཙང་མར་འབྱིད་དེ་ཐབ་ལྷ་ལ་བཀུར་ཅིང་བརྩི་བཞིན་ཡོད།  བུད་མེད་དང་སྐྱེས་པ་སུ་ཞིག་ཡིན་རུང་ཐང་ཀའི་གཡང་གཡོན་ནས་སྐྲ་ཤད་པ་དང་སྐྲ་བཀྲུ་བ་སོགས་མི་བྱེད་ལ། ལས་དེ་དག་ནི་ཐབ་ཀ་མནོལ་གྲིབ་ཤོར་བའི་མི་གཙང་བར་བསམ་ཏེ་འཛེམ་གྱིན་ཡོད། ཐབ་ཀ་ནི་འགོམ་མནོལ་བྱ་སླ་བའི་གནས་ཤིག་ཡིན་ལ། གལ་ཏེ་ཐབ་ཀ་ལ་མནོལ་གྲིབ་ཐེབས་གྱུར་ན་དེ་ལས་ཐོན་པའི་མེ་ཡིས་བསང་ཕུལ་བ་དང་། ཚ་གསུར་གཏོང་བ བདུག་པ་བདུགས་ཚེ་མནོལ་དྲི་གཞན་ལ་ཐེབས་པར་དོགས་ནས། ཐབ་ཀ་མནོལ་གྲིབ་མི་ཕོག་པར་བྱེད་པ་ནི་རྒན་གཞོན་ཆེ་ཆུང་ཚང་མའི་ངེས་པར་དུ་བརྩི་དགོས་པའི་གོམས་སྲོལ་ཞིག་ཏུ་ཆགས་ཡོད། རང་ཁྱིམ་ནས་ཁ་ཟས་མ་གཡོས་གོང་ལ་ཤུག་པ་སོགས་མི་གཙང་བའི་མནོལ་གྲིབ་སེལ་བའི་ནུས་པ་ཡོད་པའི་རྫས་གང་རུང་ཞིག་གིས་ཐབ་ཀ་ལ་གདུག་པར་བྱེད་ཅིང་། མང་ཆེ་བར་ཤུག་པས་བདུགས་པར་བྱེད་ཀྱི་ཡོད། ཤ་ཡི་རིགས་ནི་དམར་ཟས་ཡིན་པས་ཐབ་ཀའི་སྟེང་དུ་མི་འཕེན། ཁྱིམ་མི་ཆེ་ཆུང་གི་གོན་པ་སྤྱི་དང་ཕྱིའི་མགྲོན་པོའི་ཅ་ལག་གང་ཡིན་ཡང་ཐབ་ཀའི་སྟེང་དུ་འཇོག་པར་མི་བྱེད། དེ་མ་ཟད་ཐབ་ཀའི་ནང་དུ་འགྱིག་ལྤགས་དང་ཤ་དང་རུས་པ་སོགས་མི་བསྲེགས་ཤིང་དྲི་ངན་བཟོ་བར་འཛེམ་པ་དང་། རང་ཁྱིམ་གྱི་ཐབ་ཀའི་སྟེང་དུ་རྐང་བ་མི་འཇོག་པ། དམར་གྱི་རིགས་སོགས་མེ་ནང་དུ་མི་ཤོར་བར་བྱེད་ཀྱི་ཡོད། ནམ་རྒྱུན་རང་གི་འགྲོ་འདུག་སྤྱོད་གསུམ་ལ་གཟབ་དགོས་ཏེ། ལྷམ་དང་རས་འབོག་སོགས་ཐབ་ཀའི་སྟེང་དུ་མི་འཇོག་པ།   དེ་དག་གིས་ཐབ་ལྷ་མནོལ་བར་འཛེམ་གྱི་ཡོད། དེ་ལས་ད་དུང་། ཐབ་ཁུང་དུ་ཁ་ལུད་འཕེན་པ་དང་གད་སྙིགས་འཕེན་པ། ཐབ་ཀར་རྒྱབ་བསྟན་ནས་འདུག་པ། ཐབ་ཀ་ལ་འགོམ་ནས་འགྲོ་བ་སོགས་གང་ཡིན་ཡང་འཛེམ་གྱི་ཡོད། གཞན་དཀར་ཡོལ་དང་བཀོལ་སྣོད་ཁ་སྦུབ་ཏུ་འཇོག་པ། ཁྱིམ་གྱི་ནང་དུ་ཤུ་སྒྲ་རྒྱག་པ། སླེ་བོ་སྟོང་བ་འཁྱེར་ནས་ཁྱིམ་ཚང་གཞན་དུ་འགྲོ་བ་སོགས་ནི་གཏན་ནས་བྱེད་མི་རུང་བ་དང་། བུད་མེད་རྣམས་ནི་དུས་རྒྱུན་ཐབ་ཀ་དང་འབྲལ་མེད་དུ་གནས་ཕྱིར། ཉིན་གཅིག་ཐུན་རེར་ཟ་མ་སྐོལ་དུས། སྔོན་ལ་ཐབ་ཀ་ལ་གཙང་སྦྲ་བྱེད་པ་དང་། ཇ་དང་ཐུག་པ་སོགས་ཡར་འཕྱུར་ཏེ་བོབ་ན་འཕྲལ་འཕྲལ་དུ་འབྱིད་པར་བྱེད་དགོས་པ་དང་། དེ་ལས་ལྡོག་སྟེ་ཐབ་ཀ་ལ་ནག་ནོག་གིས་བགོས་ནས་ཟས་ལྷ་མི་འཁོར་བས་ཐབ་ཀ་ལ་གཙང་མ་བྱེད་རྒྱུ་གོམས་དགོས།     གོང་ནས་སྤྲོས་པའི་མི་གཙང་བའི་ལས་དེ་དག་གིས་ཐབ་ལྷ་ཁྲོས་པའམ་ཕོག་ཐུག་ཤོར་ན་ཁྱིམ་ཚང་ལ་བསམ་ཡུལ་ལས་འདས་པའི་ནད་དང་གོ་ཆག་སོགས་ཡོང་བཞིན་ཡོད་པས།  ཐབ་ལྷ་ལ་མི་གཙང་བ་བཟོ་བར་ཤིན་ཏུ་ནས་ཀྱང་འཛེམ་གྱིན་ཡོད། ཁྱིམ་ཚང་མང་ཆེ་བའི་ལོ་རེ་བཞིན་སྲུང་མའི་བསྐང་བ་སོགས་ཀྱི་རིམ་གྲོ་བསྒྲུབས་པ་དང་ཐབ་ཀ་ལ་དག་གཙང་བཟོ་བ་བཅས་བྱས་ཏེ། ཁྱིམ་ཚང་གི་བགེགས་བར་ཆད་བཟློག་ཐབས་བྱེད་པ་སོགས་ཆོ་ག་མང་པོ་སྤེལ་གྱི་ཡོད་དོ། ། 
བཞི་བ། འཛེམ་བྱ་རིག་གནས་ཀྱི་དགེ་མཚན།  
           “རིག་གནས་ཟེར་བ་ནི་ཤེས་བྱ། དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། གོམས་སྲོལ་སོགས་མི་སྒེར་དང་སྤྱི་ཚོགས་ལ་ཆགས་ཤིང་གྲུབ་པའི་ཕྱོགས་བསྡོམས་ཀྱི་གཟུགས་ཅན་ཞིག་ཡིན།” གོང་ནས་གླེང་བའི་ཐབ་ལྷའི་སྐོར་གྱི་འཛེམ་བྱ་དག་ལས་ང་རང་ཚོས་བསམ་གཞིགས་ཤིག་བྱས་ན། འཛེམ་བྱའི་རིག་གནས་འདི་ལའང་དགེ་མཚན་བླ་ན་མེད་པ་ཡོད་པ་ཞིག་ཡིན། ང་ཚོའི་འཚོ་བའི་ཁྲོད་ཀྱི་འཛེམ་བྱ་མང་པོ་ཞིག་ལ་ཐུན་མོང་གི་དགེ་མཚན་གྱི་ཆ་ཞིག་ལྡན་པར་འདུག་སྟེ། གཅིག་ནི་འཛེམ་བྱའི་རིག་གནས་དེ་དག་གིས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་ཐད་ལ་ཞི་མཐུན་མཉམ་གནས་ཡོང་རྒྱུའི་ལྟ་སྟངས་ཤིག་དངཕན་ཚུན་མཐུན་སྦྱོར་ཡོང་བའི་དགེ་མཚན་ཞིག་ལྡན་ཡོད་དེ། དཔེར་ན། འཛེམ་བྱའི་རིག་གནས་ཏེ་ལྷག་པར་དུ་ཆོས་ལུགས་སྐོར་གྱི་འཛེམ་བྱའི་ཁྲོད་དུ་དགེ་བ་བཅུའི་ཁྲིམས་ཀྱི་སྲོག་རྩར་གྱུར་ཞིང་། རི་སྐྱེས་སྲོག་ཆགས་སོགས་ཀྱི་སྲོག་གཅོད་པར་འཛེམ་པ་དང་རྩྭ་དང་རྩི་ཤིང་ནགས་ཚལ་སོགས་གང་འདོད་འདོད་དུ་མི་གཅོད་པ། དེང་སང་འཛམ་གླིང་གི་མི་ཚང་མའི་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དྲག་ཏུ་འཕྱུར་ཞིང་བྱེད་སྒོའང་མང་པོ་སྤེལ་མུར་མཆིས། ཕྱོགས་ཡོངས་ནས་འཆམ་མཐུན་སྤྱི་ཚོགས་འཛུགས་རྒྱུའི་ཐད་ལ་རང་ནུས་གང་ཡོད་འདོན་བཞིན་ཡོད་པས། འཛེམ་བྱའི་རིག་གནས་ཀྱིས་ཀྱང་དེ་དག་དང་མཐུན་སྦྱོར་ཡོང་བར་དགེ་མཚན་བླ་མེད་མཆིས་ཡོད། དགེ་མཚན་ཅིག་ཤོས་ནི་འཛེམ་བྱའི་རིག་གནས་ཀྱིས་ང་ཚོའི་མི་དང་མིའི་བར་ལའང་ཞི་མཐུན་མཉམ་གནས། ཕན་ཚུན་བརྩི་བཀུར་ཡོང་བའི་ཐད་ལ་དགེ་མཚན་ལྡན་ཡོད་དེ། དཔེར་ན། ཡུལ་མི་ཁྱིམ་མཚེས་སོགས་ལ་མི་ཤི་དོན་རྐྱེན་གྱི་ཆག་སྒོ་ཡོང་བ་དང་། ཡང་ན་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད་དུས། གྲོང་པའི་གཡས་གཡོན་གྱི་མིས་རྟེན་འབྲེལ་གྱི་བྱེད་སྒོ་སོགས་མི་སྤེལ་བ་དང་། གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་མི་བྱེད་པ། སྐད་ཤུགས་ཆེན་པོས་སྐད་ཆ་མི་བཤད་པ། ཤོག་སྦག་སྟེ་ཨམ་སྐད་དུ་དུག་ཤོག་སོགས་མི་རྒྱག་པ། མི་ཤི་ཆག་སྐྱོན་སོགས་བྱུང་བའི་ཁྱིམ་དེར་སོང་ནས་སེམས་གསོ་དང་མྱ་ངན་ཞུ་བ། རྒྱུ་ཤུགས་གང་རུང་གི་རོགས་རམ་བྱེད་པ་སོགས་བྱས་ཏེ་མཐུན་པའི་ལག་རྡང་སྦྲེལ་རྒྱུ་དང་སྐྱོད་སྡུག་མཉམ་རོལ་བྱེད་པ་བཅས་ལ་དགེ་མཚན་ལྡན་ཡོད་པ་ཡིན། མི་གཞན་དང་དགོས་སུ་རང་ལས་ལོ་ན་བགྲེས་པའི་རྒན་རབས་པ་རྣམས་ལ་ཞེ་ཚིག་སྦྱོར་བ། ངག་འཇམ་པོས་ངང་སྐད་ཆ་ཤོད་པ། ལོ་ན་བགྲེས་པ་དང་སེར་མོ་བའི་མགོ་ལ་ལག་པས་མི་རེག་པ། སྤུན་མཆེད་སོགས་ལ་འདོད་གཏམ་བཤད་པ་དང་ཕ་མའི་འཁྲིས་ནས་འདོད་གཏམ་སྨྲ་བ་སོགས་ལ་འཛེམ་པར་བྱས་ཏེ་མི་དང་མི་ཡི་བར་ལ་བརྩི་བཀུར་དང་མཛའ་མཐུན་ཡོང་བ་བཅས་ལ་དགེ་མཚན་མང་པོ་ཡོད་དོ། ། 
མཇུག་བསྡུ་བ། 
          མདོར་ན། འཛེམ་བྱའི་རིག་གནས་འདི་ནི་ངེད་ཅག་བོད་ཀྱི་ཤེས་རིག་གི་ལྡུམ་རྭའི་ནང་གི་ཁྱད་ཆོས་ལྡན་པའི་ཆ་ཤས་ཤིག་ཡིན་ལ། མི་རིགས་ཤིག་གི་རིག་གནས་དར་སྤེལ་དང་བརྒྱུད་འཛིན་བྱེད་དགོས་ན། རང་ལ་ཡོད་པའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་རྣམས་སྡུད་ལེན་དང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་ཀྱི་ལེགས་པའི་ཆ་དེ་ནང་འདྲེན་གྱིས་རང་མི་རིགས་ཀྱི་རིག་གནས་འདི་གོང་འཕེལ་གཏོང་དགོས་པ་སྟེ། མཁས་པའི་དབང་བོ་དམུ་དགེ་བསམ་གཏན་མཆོག་གིས“ངས་ནི་བོད་རང་ལ་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་ཤིག་ཡོད་པ་འདི། སྐུ་དྲིན་ཅན་སྲོང་བཙན་དང་བཀའ་དྲིན་ཅན་ཐོན་མི་སམ་བྷོ་ཊ་གཉིས་ནས་བཟུང་། རང་གི་བླ་མའི་བར་གྱི་མཁས་དབང་རྣམས་ཀྱི་དྲིན་རེར་བསམ་ཡོད། རིག་གནས་འདི་ལྟ་བུ་ཞིག་མེད་ན། མི་རིགས་ཅུང་ཟད་ཆེན་པོ་འགའ་ཞིག་ལྟར་རྒྱ་མིན་གཞན་མིན་དུ་འགྱུར་བ་དང་། ཡང་ན་མི་རིགས་ཁ་ཅིག་ལྟར་རིག་གནས་དཔལ་འབྱོར་གང་ཐད་ནས་རྗེས་ལུས་ཐ་ཆད་དུ་འགྱུར་བ་དང་། ཡང་ན་མི་རིགས་ཀྱི་མིང་ཙམ་ལས་ལྷག་མེད་རྒྱུ་རེད་སྙམ” ཞེས་གསུངས་འདུག  རྩོམ་ཐུང་འདིར་ཐབ་ལྷའི་སྐོར་གྱི་འཛེམ་བྱའི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་མདོ་ཙམ་བརྗོད་ཡོད་མོད། ནོར་འཛོལ་གྱི་ཆ་དང་མ་འདང་བའི་ཆ་ཡང་མང་པོ་ཡོད་ངེས་མཁྱེན་དཔྱོད་ཤེས་རྒྱ་ཡངས་པའི་མཁས་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་པོར་བསྩོལ་རོགས་ཞུ་ཞུ།  
ཟུར་ལྟའི་དཔྱད་གཞི། 
༡.དབལ་མང་པན་ཊི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོ། ཤོག་ངོས༦ 
༢. ཉི་མ་རྒྱལ་མཚན། 《བོད་ཀྱི་འཛེམ་སྤང་གི་རིགས་དང་དེའི་ཁྱད་ཆོས་སྐོར་བཤད་པ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོ། ཤོག་ངོས༨པ་དང་༡༥༦ཅེས་སུ་གསལ། 
༣.华锐东智:《拉卜楞民俗文化》甘肃民族出版社  2011年10月第一版,p/397。 
༤ . 内玛才让:《略论藏族传统禁忌习俗》 ,中央民族大学硕士学位论文, p/8 
༥. རྒྱང་འཁོར་ཚེ་ཕུན། 《བོད་ཀྱི་དམངས་སྲོལ་བླང་དོར་གསལ་བའི་སྒྲོན་མེ》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ལོ། ཤོག་ངོས༢༦དང༢༨ཅེས་སུ་གསལ།  
༦.ལྕགས་ཐར་རྒྱལ། 《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་ངོས༣༡༣ 
༧.བྱ་མདོ་དོན་གྲུབ་ཚེ་རིང་གིས་བསྒྲིགས། 《མཁས་པའི་ཞལ་གདམས》  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ལོ། ཤོག་ངོས༣       
《བོད་ཀྱི་དམངས་སྲོལ་རིག་གནས》སྟེང་བཀོད།