འདས་ཟིན་པའི་ལོ་གཅིག་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས། ཞིང་ལས་ཞིང་གྲོང་གི་ལས་དོན་ལ་དམ་འཛིན་བྱ་གཞི་དང་བཀྲག་མདངས་འཚེར་ས་མང་པོ་བྱུང་བ་མ་ཟད། ཕན་འབྲས་ཀྱང་ལེགས་པོ་ཐོན་ཡོད། གྲུབ་འབྲས་ཁས་ལེན་པའི་དུས་མཚུངས་སུ། ང་ཚོས་རྨང་གཞིའི་སྒྲིག་ཆས་ཞན་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་པོ་མེད་པ། ཚན་རྩལ་ཞབས་འདེགས་འཇོན་ཐང་མི་འདང་བ་བཅས་ནི་སྔར་བཞིན་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ཡིན་པར་ངོས་འཛིན་གསལ་པོ་ཐུབ་དགོས།
དེས་ན། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ་དང་། འཕེལ་རྒྱས་གཏོང་ཤུཌ་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཇི་ལྟར་བྱེད་དགོས་སམ་ཞེ་ན། སྨྱུག་འཛིན་པས་བསམས་ན་གཤམ་གསལ་གྱི་ཕྱོགས་འགའ་ནས་ཤུགས་རྒྱག་དགོས།
གཅིག རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ཞན་ཆ་ནུས་ཤུཌ་ཡོད་རྒུས་སེལ་དགོས། གཞིས་རྩེ་གྲོང་ཁྱེར་གྱིས“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་སེལ་བའི་རྣམ་གྲངས་མཛོད་སྐྲུན་པའི་ལས་དོན་ཡག་པོ་བསྒྲུབས་ནས། ཞིང་ལས་ཐོན་སྐྱེད་དང་། ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུ། གྲོང་གསེབ་ཀྱི་དམངས་འཚོ་སོགས་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཞན་ཆར་གཙོ་གནད་དམིགས་པ་དང་རྨང་གཞི་བརྟན་གཏོང་དང་། ཕུགས་ལ་ཕན་པ། ཞན་ཆ་སེལ་བ། ཤུགས་རྐྱེན་ནུས་པ་ལྡན་པ་བཅས་ཀྱི་རྣམ་གྲངས་གལ་ཆེན་འབོར་ཆེན་གྲབས་གསོག་ཧུར་ཐག་བྱས་ཏེ། “ཞིང་གསུམ”འཕེལ་རྒྱས་ལ་རྣམ་གྲངས་ཀྱིས་འདེགས་སྐྱོར་བྱེད་དགོས།
གཉིས། ཚན་རྩལ་ཞབས་འདེགས་ཁྱབ་ཁོངས་ཀྱི་ཞན་ཆ་ཧུར་ཐག་སེལ་དགོས། གཞིས་རྩེ་གྲོང་ཁྱེར་གྱིས་སྣེ་འདྲེན་ཁེ་ལས་སྣ་ཚོགས་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་རྟེན་གཞི་སྐྲུན་དགོས། དེ་དང་དུས་མཚུངས་ལྗོངས་ཕྱི་ནང་གི་རྩལ་ནུས་གསོ་སྦྱོང་སྒྲིག་གཞིའི་དབར་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཆེད་ལས་ཞིང་འབྲོག་པ་གསར་པའི་གསོ་སྦྱོང་གི་ཕན་འབྲས་དང་སྤུས་ཚད་འགན་ལེན་བྱེད་དགོས།
གསུམ། གནོད་འཚེ་སྔོན་འགོག་ཁྱབ་ཁོངས་ཀྱི་ཞན་ཆ་ཧུར་ཐག་སེལ་དགོས། རྫོང་དང་ཆུས་ཁག་གིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ནས་གནོད་འཚེའི་ཤུགས་རྐྱེན་ལ་དབྱེ་ཞིབ་ཡང་དག་དང་གནོད་འཚེ་སྔོན་འགོག་གི་དངོས་ཟོག་གྲབས་གསོག་གནས་ཚུལ་གསལ་པོ་ཤེས་རྟོགས་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་གནོད་འཚེ་སྔོན་འགོག་གི་དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས། ལྗོངས་ཕྱི་ནང་དུ་ཐོན་སྲིད་པའི་མངོན་མེད་རྐྱེན་ངན་ལ་དམིགས་ནས་དུས་ཐོག་ཏུ་དོ་ཁུར་དང་མ་བྱུང་སྔོན་འགོག་བྱས་ཏེ། འཕྲལ་སྡོམ་དང་འགན་བཅོལ་སོགས་སྡེ་ཚན་དང་འབྲེལ་མཐུད་ཡག་པོ་བྱེད་པ་དང་། གུན་གསབ་ཞིབ་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བཅས་གང་ལེགས་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།