ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་འཛུཌ་སྐྲུན་བྱས་ཏེ་དམངས་འཚོར་ཕན་བདེ་སྐྲུན་ཤུགས་ཆེ་རུ་གཏོང་དགོས།
སྤེལ་དུས 2020-04-24
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ལྷ་སའི་གྲོང་མི་དེ་བས་མང་བར“ལྗང་མདོག”གི་ཕན་བདེ་ཚོར་བ་ནི་ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས། རྒྱ་ཆེའི་མང་ཚོགས་ཀྱིས་ཁོར་ཡུག་གི་སྤུས་ཚད་དང་བདེ་ཐང་གི་ཆུ་ཚད་ལ་དོ་ཁུར་བྱེད་ཤུགས་སྔར་བས་ཆེ་རུ་སོང་བ་དང་། “ལྟོ་གོས་གཉིས་འཛོམས་ཡོང་རེ་བྱེད་པ”ནས“ཁོར་ཡུག་སྲུང་སྐྱོང་ཐུབ་རེ་བྱེད་པའི”བར་དང་། “ལྟོ་གོས་འཚོལ་བ”ནས“སྣོད་བཅུད་སྲུང་སྐྱོང་བྱེད་པའི”བར། སྣོད་བཅུད་ཁོར་ཡུག་བཟང་པོ་དེ་ཉིན་བཞིན་འཚོ་བའི་སྤུས་ཚད་ཀྱི་ནང་དོན་གལ་ཆེན་ལ་གྱུར་ནས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་སྟོན་གྲངས་ནང་གི་གནས་བབ་རྒྱུན་ཆད་མེད་པར་མངོན་གསལ་དོད་པོར་གྱུར་ཡོད།
དམངས་ཀྱི་རེ་འདོད་ནི། སྲིད་སྐྱོང་གི་ཁ་ཕྱོགས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། “སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལྷ་ས་གྲོང་ཁྱེར་གྱི་མི་ཚང་མའི་སེམས་སུ་ཟུག་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུ་ནི་ལྷ་ས་བའི་ཐུན་མོང་གི་བསམ་འདུན་ལ་གྱུར་ཡོད། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང“མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཡིན་པའི”མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཤིང་། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་བསྒྱུར་རྗེས། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་དགོས་ལུགས་སྔོན་ལ་བཏོན་ཏེ། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་དང་། དམར་ཐིག དམ་བསྒྲགས་ཚད་གཞི་བཅས་ནན་དུ་གཏོང་བ་དང་། ངེས་པར་དུ་དཔལ་འབྱོར་གྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་བཅས་ལ་ཐོག་མཐའ་བར་གསུམ་དུ་བསྟུན་དགོས་ལུགས་གསལ་སྟོན་བྱེད་པ། རང་བྱུང་ཁོར་ཡུག་བློས་གཏོང་རྒྱུ་རིན་དོད་དུ་མི་བྱེད་པ། དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་བར་མཐོང་ཆེན་བྱེད་པ་བཅས་བྱས་ནས། མི་དང་རང་བྱུང་ཞི་མཐུན་འཕེལ་རྒྱས་ཡོང་བ་བྱས་ཡོད།
ཐུན་མོང་མ་ཡིན་པའི་མཚོ་བོད་ས་མཐོའི་ཆུ་འགོ་དང་། ས་རྒྱུ། མཁའ་རླུང་། མི་ཆོས་ཁོར་ཡུག་བཅས“སྦགས་བཙོག་མེད་པ་བཞིའི”ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་བཏོད་པ་ལས་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལྗང་མདོག་སྣོད་བཅུད་ཞིང་ལས་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད་པས། ལྗང་མདོག་ཐོན་རྫས་དང་ཚེ་སྲོག་དང་བདེ་ཐང་གི་གོ་དོན་ཟུང་འབྲེལ་དམ་ཟབ་ཐུབ་པའི་གསར་གཏོད་ལ་དོ་ཁུར་རྒྱ་ཁྱབ་བྱུང་བ་དང་། ས་གཙང་བདེ་ཐང་ཐོན་ལས་ཀྱི་འཕེལ་རྒྱས་ནི་ལྷ་ས་གྲོང་ཁྱེར་གྱི་སྦགས་བཙོག་མེད་པའི་ཆུ་དང་། ས། མཁའ་རླུང་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ཞིང་། དེ་དག་ལས་སྔར་མུས་བཞིན་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཀྱི་ཕན་འབྲས་ཆེན་པོ་ཐོན་དང་ཐོན་བཞིན་ཡོད་པ་དང་། དེ་ཐོག་ནས“སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་ཕན་བདེ་ཞིག་ཡིན་པ”ར་འཕྲོད་གང་ལེགས་ཐུབ་ཡོད།