ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཏན་ཏིག་གཏོང་དགོས།
སྤེལ་དུས 2020-04-24
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔའི་རིམས་ནད་ཀྱི་དུས་བབ་དང་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་དབྱེ་ཞིབ་གཏིང་ཟབ་གནང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཐད་བཀོད་སྒྲིག་གནང་བ་དང་འབྲེལ་བླང་བྱའང་བཏོན་ཏེ། ས་ཁུལ་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ས་དང་པོ་དང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། དེས་ང་ཚོས་ད་ལོའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཡིད་ཆེས་བརྟན་དུ་བཏང་བ་དང་ངར་ཤུགས་འཕེལ་བར་བྱས་ཡོད།
ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་གནད་སྨིན་ཇུས་བསྟར་བྱེད་དགོས། ཚང་མ་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། གནད་སྨིན་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོ་གཉིས་ཀར་དམ་འཛིན་དང་། གཉིས་ཀར་དམ་འཛིན་ལྷོད་མེད། གཉིས་ཀར་རྒྱལ་ཁ་ཐོབ་པ་བཅས་འགན་ལེན་བྱེད་དགོས།
ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་འགུལ་ངང་ཁེ་ལས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོར་གཞིགས་ནས་དཀའ་ངལ་ཡོད་པའི་ལས་རིགས་དང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལེ་ལག་ཚང་བའི་སྲིད་ཇུས་ལག་བསྟར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་དངུལ་རྩ་དང་ཁྲལ་བསྡུ་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་གང་མགྱོགས་དོན་འཁྱོལ་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པ། “དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི”འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ཁྲོད་ཀྱི་དཀའ་ངལ་སྔར་བས་ཞི་ལྷོད་དུ་བཏང་ནས་ཁེ་ལས་ཀྱི་ཡིད་ཆེས་དང་སྔོན་དཔག་བརྟན་དུ་དང་ཆེ་རུ་བཏང་སྟེ་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་དང་། དམ་འཛིན་ཏན་ཏིག། དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། ས་ཁུལ་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་ནན་དུ་བཏང་ནས་ཁེ་ལས་དང་བྱ་གཞག་ཚན་པར་རིམས་འགོག་གི་དཀའ་གནད་ཐག་གཅོད་བྱེད་པར་རོགས་སྐྱོར་ཧུར་ཐག་བྱེད་པ་དང་། རང་ངོས་ཚན་པའི་ཁྱད་ཆོས་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཚད་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཁེ་ལས་ཁག་དང་ཚན་པ་ཁག་གིས་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ། ལས་མིའི་འགོག་སྲུང་དང་། བརྟག་དཔྱད་ཚད་ལེན། ཁོར་ཡུག་དུག་སེལ་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་བཀོད་སྒྲིག་བྱེད་པ་དང་། མི་སྣ་འདུ་འཛོམས་བྱེད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་པ་བཅས་བྱས་ཏེ་ལས་མིའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས།