ཁྱད་ལྡན་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་གཏོང་དགོས།
སྤེལ་དུས 2020-04-26
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་4ཚེས་24ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རིམ་སྤེལ་དཔྱད་གཏམ་བཞི་པ《ཁྱད་ལྡན་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་གཏོང་དགོས》ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག
རྩོམ་ཡིག་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་གྱི་རྩ་བའི་ཐབས་ཇུས་ཤིག་ཡིན། ཡུལ་བབ་དང་བསྟུན་ནས་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཏུ་བརྩི་དགོས”ཞེས་གསུངས་ཡོད། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམག་འཐབ་ཀྱི་ལོ་ཞིག་ཡིན་པ་མ་ཟད། ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱེད་དགོས་པས་ལས་དོན་ཁག་གི་ལས་འགན་ལྕི་ལ་བླང་བྱ་དེ་བས་མཐོ་པོ་ཡོད། ངེས་པར་དུ་ཐོན་ལས་དབུལ་སྐྱོར་ལ་མུ་མཐུད་དམིགས་ཏེ་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱོད་པ་དང་། རྒྱུན་མཐུད་འཕེལ་རྒྱས་བཏང་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དབུལ་པོ་ཚོས་མུ་མཐུད་ཐོན་ལས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འགན་ལེན་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། ཁྱད་ལྡན་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགག་རྩའི་བྱ་ཐབས་དང་རྩ་བའི་ཐབས་ཇུས་ཤིག་རེད།
རྩོམ་ཡིག་ནང་བསྟན་དོན། ཁྱད་ལྡན་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་འགྲོ་བའི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་དོན་ལ་གནས་པ་དང་ཇེ་ཡངས་སུ་འགྲོ་ཐུབ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཇུས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་གྱི་མ་རྩར་བརྩིས་ཏེ་ནས་དང་འབྲི་གཡག་གིས་གཙོས་པའི་འདེབས་གསོའི་ལས་རིགས་དང་། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཚོང་དོན་འཁོར་རྒྱུག་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2019ལོ་ཁོ་ནར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་367ལྷག་ཙམ་བཏང་ནས་རྣམ་གྲངས་2600ལྷག་ཙམ་ལག་ལེན་བསྟར་བ་དང་མི་འབོར་དབུལ་པོ་ཁྲི་24ཙམ་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་བྱས་པས་མང་ཚོགས་ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
རྩོམ་ཡིག་ནང་བསྟན་དོན། ཁྱད་ལྡན་ཐོན་ལས་སྟོབས་ཆེར་དང་འཕེལ་རྒྱས་གཏོང་བར་ཁྱད་ལྡན་ཐད་ཤུགས་རྒྱག་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཐོན་ལས་ཀྱི་འཆར་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་བ། རིམ་པ་མང་བ་དང་ཕྱོགས་ཡོངས་ནས་ཐོན་ལས་ཀྱི་མ་ལག་སྐྲུན་པ་བཅས་བྱས་ཏེ་ནས་དང་འབྲི་གཡག་སོགས་ཁྱད་ལྡན་འདེབས་གསོའི་ལས་རིགས་འཕེལ་རྒྱས་གཏོང་བ་དང་འཛད་སྤྱོད་དབུལ་སྐྱོར་ཟུང་འབྲེལ་བྱས་ཏེ་རིམ་བཞིན་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཞིང་འབྲོག་ཐོན་རྫས་ཀྱི་ཚོང་གཉེར་ཐབས་ལམ་རྒྱ་ཆེར་བཏང་ནས་སྡེབ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་ཁྲོམ་རའི་བྱེད་པོ་དང་དབུལ་ཞྭ་ཕུད་པའི་རྫོང(ཆུས)དབར་ཡུན་རིང་བའི་ཐོན་འཚོང་བརྟན་པོའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཟོག་འགྲེམས་སྡེབ་སྐྱེལ་མ་ལག་དང་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞིའི་གྲང་ཕྲེང་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྐྱོར་ཐོན་ལས་ཀྱི་ཐོན་རྫས་བྲིན་ཚོང་གི་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས། གཙང་པོ་རྒྱུག་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་གཙང་པོ་རྒྱུག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཡུལ་སྐོར་གྱི་འཆར་འགོད་ཡག་པོ་བཟོས་ནས་ཁུལ་ཡོངས་ཡུལ་སྐོར་དང་ས་མཐོའི་ཡུལ་སྐོར་སོགས་འཕེལ་རྒྱས་ཡག་པོ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཡུལ་སྐོར་དང་། གྲོང་གསེབ་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར། ཞིང་ལས་ཉམས་ལེན་ཡུལ་སྐོར་སོགས་ལས་རྣམ་ཐོན་རྫས་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཏོད་དེ། མང་ཚོགས་དེ་བས་མང་བས་རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུ་ཡིན་པ་ཤེས་སུ་བཅུག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་དངོས་འབྲེལ་བཏང་སྟེ་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།