དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས།
སྤེལ་དུས 2020-05-06
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
ཟླ་5ཚེས་1ཉིན་ནས་བཟུང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་པ་རེད། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་བཅས་ཡིན་པ་དེར་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པས། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་གལ་འགངས་ཆེ་ཞིང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ངེས་རེད།
《སྲོལ་ཡིག》གི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། 《སྲོལ་ཡིག》དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན། བཟོ་བཅོས་ཐེངས་མང་དང་ཡང་ཡང་བརྒྱབ་པ་བརྒྱུད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་ཡོད། དེ་ནི་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ། རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ། བོད་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་བློ་སྟོབས་མཚོན་པ་བཅས་ཀྱི་གལ་འགངས་ཧ་ཅང་ཆེ་བའི་ས་གནས་ཀྱི་ཁྲིམས་སྲོལ་ཞིག་རེད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་ཞིང་།《སྲོལ་ཡིག》ནང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་ཚད་གཞི་དང་། གཞི་རྩའི་གཞི་འཛིན་ས། བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལས་རིགས་ཁག་དང་བྱ་གཞག་ཁག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་གཏོད་པའི་མཐོ་ཚད་ཐོག་ནས། 《སྲོལ་ཡིག》གི་གཏན་འབེབས་ལག་བསྟར་ལ་ངོས་འཛིན་གཏིང་ཟབ་བྱེད་པ་ནི་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་ཐབས་གལ་ཆེན་ཞིག མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པས། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བ་བྱེད་དགོས། བཅའ་ཁྲིམས་ཀྱི་དོན་སྙིང་ལག་བསྟར་ལ་ཐུག་ཡོད་ལ། བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལས་རིགས་ཁག་དང་བྱ་གཞག་ཁག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་ནས《སྲོལ་ཡིག》གི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མའི་སེམས་སུ་ཟུག་པར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ལ་འགྱུར་བ་བྱེད་དགོས། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་དང་ཕྱོགས་ཡོངས་དང་རྒྱུན་སྲིང་ངང་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་ཡོངས་ལ་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། 《སྲོལ་ཡིག》ལག་བསྟར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་དད་མོས་འཛུགས་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཁྲིད་སྟོན་གྱིས་རང་རྟོགས་ངང་བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་པར་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་ཡོད་པ་དང་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་དགོས།
ང་ཚོས《སྲོལ་ཡིག》ལག་བསྟར་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པ་ཞིག་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཕྱོགས་ཡོངས་དང་གཏིང་ཟབ་རྒྱུན་སྲིང་ངང་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བཏོད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།