རིམས་འགོག་བྱེད་རིང་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱེད་དགོས།
སྤེལ་དུས 2020-05-08
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
རིམས་ནད་ཐོན་ཚུན། བོད་རང་སྐྱོང་ལྗོངས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་ལེན་དཔེ་བཟང་དང་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་བཏོན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་བྱས་ཏེ་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཤིང་། རིམས་འགོག་བྱེད་རིང་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་ཏེ་ལྗོངས་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད།
གློ་བུར་དུ་ཐོན་པའི་རིམས་ནད་མདུན་དུ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་དཔའ་ངར་ཞུམ་མེད་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ། རིམས་ནད་འགོག་རྒོལ་གྱི་ལྕགས་རི་རིང་པོ་བསྐྲུན་པ་རེད། ཁོང་ཚོ་ནི་འཐབ་ས་དང་པོར་འབད་བརྩོན་བྱེད་པའི་སྨན་དོན་པ་དང་། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། གྲོང་སྡོད་ལས་བྱེད་པ་སོགས་རེད། རིམས་ནད་ཀྱི་སྐབས་སུ། ཁོང་ཚོས་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས་རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་དང་ཚོད་འཛིན་ནི་འགན་འཁྲིར་བརྩིས་ཏེ་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་མ་ཟད། སྡེ་ཁུལ་ནས་ཞིང་འབྲོག་ཁུལ་བར་དང་། སྒོ་བསྟེན་སྨན་ཁང་ནས་ཚོང་ར་དང་སྒོ་རྩིས་ཚོང་ཁང་བར་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་འགོག་བྱེད་རིང་གུང་ཁྲན་ཏང་ཡོན་གྱིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དང་ཉམས་འགྱུར་ལག་བསྟར་བྱེད་བཞིན་ཡོད།
ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱ་རྒྱུ་ནི་མི་དམངས་ཀྱི་དམག་འཁྲུག་ཅིག་ཡིན་པས་རྒྱ་ཆེའི་མང་ཚོགས་ནས་དེའི་ནང་ཧུར་ཐག་ཞུགས་དགོས་ངེས་རེད། རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་རིམས་ནད་འགོག་རྒོལ་གྱི་གཡུལ་ས་མདུན་མར་བསྐྱོད་ནས“རིམས་ནད་ནང་དུ་མི་ཁྱབ་པ་དང་ཕྱི་ནས་མ་འགོས་པ་བྱེད”པའི“སྒོ་སྲུང་བ”བྱས་པ་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་གྱི“དྲིལ་བསྒྲགས་པ”བྱས་པ། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་འགན་སྲུང་གི“ཚབ་ཉོ་བ”བྱས་པ་སོགས་ཚན་རིག་དང་མཐུན་ལ་དུས་ཐོག་གི་དྲིལ་བསྒྲགས་དང་དེ་བཞིན་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་པ་ལས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རིམས་ནད་ཀྱི་ཚབས་ཆེན་རང་བཞིན་དང་། ཏང་དང་སྲིད་གཞུང་གི་བྱེད་ཐབས་རབ་དང་རིམ་པ་རྟོགས་ཏེ་དམངས་སེམས་བརྟན་དུ་སོང་བ་དང་ཡིད་ཆེས་ཆེ་རུ་ཕྱིན་ཁར་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་བྱུང་ནས་རིམས་ནད་འགོག་རྒོལ་གྱི་འཐབ་འཛིང་སྟོབས་ཤུགས་ཆེན་པོ་སྔར་བས་འཕེལ་ཡོད་པ་རེད།