ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

སྤེལ་དུས 2021-08-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རིམ་སྤེལ་དཔྱད་གཏམ་དང་པོ།
          ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པ་བཅས་ཀྱི་སྐབས་འདིར། ང་ཚོས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་བསུས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལྗོངས་སུ་གཟིགས་ཞིབ་དང་མཛུབ་ཁྲིད་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་སྟེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཡོད། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་གང་ལེགས་མཚོན་གྱི་ཡོད། དེ་ལས་ས་མཐོའི་ས་གཞི་ཆེ་མོར་དགའ་བ་དཔག་མེད་སྐྱེས་པ་དང་སྤྲོ་སེམས་རབ་ཏུ་འཕེལ་ལ། བོད་ཀྱི་བུ་ཕྲུག་ཚོར་དྲོ་སྐྱིད་དཔག་མེད་བྱུང་བ་དང་སྤོབས་སེམས་རབ་ཏུ་རྒྱས་ཡོད།
          མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར། རླབས་ཆེན་གྱི་ལོ་རྒྱུས་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཤིང་། 1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནི་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ལ་ཐོབ་པའི་རྒྱལ་ཁ་གལ་ཆེན་ཞིག་དང་བོད་ལྗོངས་ཀྱི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་རེད། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བསྐྱོད་ཡོད། ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་སྟེ། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་གསོན་ཉམས་ལྡན་པའི་ལེའུ་བརྩམས་པ་དང་གནམ་ས་བརྗེ་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལག་ལེན་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་གསར་པའང་མེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ལྗོངས་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ།
          མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར། རླབས་ཆེན་གྱི་དགོངས་པ་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་སུ་སྒྱུར་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་བརྒྱུད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་པ། དུས་བབ་དང་མཐུན་པའི་བྱ་སྤྱོད་རྩ་འཛིན་བཟོས་པ། འཐབ་ཇུས་རང་བཞིན་གྱི་བརྗིད་ཆེའི་འཆར་གཞི་བཀོད་ནས་ང་ཚོར་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དེ་སྔོན་སྒྲུབ་དགོས་བསམས་ཀྱང་བསྒྲུབས་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་པ། བོད་ལྗོངས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ལྷག་པར་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། སྐུ་ངོ་མས་ཕྱག་བྲིས་ཕྱག་བསྟར་མ་གནང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སླར་ཡང་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་སྟེ། ང་ཚོ་དུས་རབས་གསར་པའི་རྒྱུགས་འབུལ་ལམ་དུ་ཡག་པོ་བསྐྱོད་པར་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཧ་ཅང་ཆེན་པོ་དང་ལྕག་སྐུལ་ཧ་ཅང་ཆེན་པོ་གནང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། དཀའ་སྤྱད་འབད་འཐབ་ཀྱིས་བཏིང་བའི་རྨང་གཞི་བརྟན་པོ་བཅས་ཡོད་པས། བྱམས་བརྩེའི་ཐུགས་ཁུར་དེ་འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་སུ་བསྒྱུར་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཚེ། ང་ཚོས་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་ཐུབ་པ་དང་ལོ་རྒྱུས་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་ངེས་རེད།
          མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར། རླབས་ཆེན་འཐབ་རྩོད་བྱེད་རིང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་སྟོབས་ཤུགས་འཕེལ་བར་བྱེད་དགོས་ཤིང་། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་གནས་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད། དེས་ན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས་པ་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།