ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་ཐམས་ཅད་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། འཕེལ་རྒྱས་འགྲོ་བའི་དཔེ་རིས་གསར་པ”ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ལེའུ། 

          ད་ཆའི་བོད་དུ་འཁྱགས་རོམ་དང་རྩྭ་ཐང་གི་ཁོར་ཡུག་དྭངས་ཤིང་གཙང་ལ་འདབ་ཆགས་དང་རི་དྭགས་ཀྱིས་ཁེངས་ནས་སྐྱེ་ཁམས་མ་ལག་ཧྲིལ་པོ་བརྟན་ལ་ཁོར་ཡུག་གི་སྤུས་ཚད་ཀྱང་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
          མི་རྣམས་ཀྱི་མིག་དབང་འཕྲོག་པའི་ཡུལ་ལྗོངས་དེ་བོད་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་ཐམས་ཅད་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱས་པ་ལས་བྱུང་། དུས་ཡུན་རིང་པོའི་ནང་བོད་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་འཛུགས་སྐྱོང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།
          རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁུར་བ། 
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་སྤྱི་ཡོངས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བྱེད་ཐབས་ཁག་ཏན་ཏིག་ནུས་ལྡན་ངང་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
          —— ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》སོགས་ཁྲིམས་སྲོལ་ལམ་ལུགས་ཁག་70ལྷག་ཙམ་ཡོངས་བསྒྲགས་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱུང་བ་དང་།
          —— སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱས་ཏེ། 《བོད་རང་སྐྱོང་ལྗོངས་དང(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ》བཟོས་ནས་ས་གནས་ཏང་སྲིད་ཚན་པའི་བྱེད་པོའི་འགན་འཁྲི་དང་སྡེ་ཚན་48ཀྱི་ལས་རིགས་འགན་འཁྲི་ཁ་གསལ་བཟོས་པ་དང་འབྲེལ། ནགས་ཚལ་དང་། ན་ཁ། འདམ་ར། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་བཅས་ཀྱི་ཕན་འབྲས་ཁ་གསབ་དང་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་ཀྱི་ལམ་སྲོལ་བཙུགས་པ།
          —— སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་ཕྱོགས་ཡོངས་ནས་ཕྱེ་སྟེ། སྐྱེ་ཁམས་ཀྱི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་45%བཟུང་བ།
          —— ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། བཙོག་འབུད་ཆོག་འཐུས་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་འགན་འཁྲི་ཚེ་གང་རྩད་གཅོད་གཏོང་བའི་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་བྱེད་པའི་ཐོ་འགོད་ལག་བསྟར་བྱས་པ། རྒྱལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་ཡོངས་བཤེར་ཐེངས་གཉིས་པ་ལེགས་གྲུབ་བྱུང་བ། ཆུའི་ཐོན་ཁུངས་དོ་དམ་ནན་ཤོས་ལ་སྐུལ་འདེད་བཏང་བ། གཙོ་གནད་ཆུ་བོའི་དུམ་བུ་དང་ཚོར་སྐྱེན་ཟབ་པའི་ཆུ་ཁོངས་སུ་བྱེ་མ་སྔོག་འདོན་བྱེད་པའི་བྱེད་སྤྱོད་56ལ་ཚོད་འཛིན་ནན་པོ་བྱས་པ། སྐྱེ་ཁམས་རྒྱུ་ནོར་ལ་ཚོད་སྐོར་དང་ཐཱན་འདུས་དཔལ་འབྱོར་ལ་ཞིབ་འཇུག་བཅས་བྱས་པ།
          —— གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པས་ནག་ཆུ་དང་མངའ་རིས་ཀྱི་ས་བབ་མཐོ་བའི་ཤིང་འཛུགས་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་དང་། གྲོང་ཁྱེར་དང་ས་ཁུལ་5དང་རྫོང་3དུ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ།“ལྗོན་ཤིང་མེད་པའི་གྲོང་ཚོ”1079དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་10.5ལ་ཕྱོགས་ཡོངས་ནས་ལྗོན་ཤིང་བཏབ་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཟིན་པ་བཅས་རེད། མིག་སྔར་བོད་དུ་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས་1072ཟིན་པ་དང་། ཁྲུང་ཁྲུང་སྐེ་ནག་8000ལྷག་ཙམ་བར་མང་དུ་ཕྱིན་པ། གཙོད་ཁྲི་20ལས་བརྒལ་ཡོད།
          “སྐྱེ་ཁམས”ཀྱི་འདུ་ཤེས་ཟབ་ཏུ་བཏང་བས་ལྗང་མདོག་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།
          སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་བྱུང་བའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས“དེ་སྔ་རི་ལ་ཤིང་བཅད་ནས་འཚོ་ཐབས་བྱེད་པའི་དཀའ་ངལ་ཡུལ་མི་ཚོས་ནམ་ཡང་བརྗེད་མི་སྲིད། ཤིང་གཅོད་པའི་དུས་སུ་ཕ་དང་ཡུལ་མི་ཚོས་རི་ལ་གུར་བརྒྱབ་ནས་སྡོད་དགོས་སྟབས་ཟླ་བ་ཁ་ཤས་མཐོང་རྒྱུ་མེད། དེས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་མ་ཟད། དགུན་ཁ་གཅིག་དཀའ་ལས་བརྒྱབ་ཀྱང་ཡོང་འབབ་སྒོར་ཆིག་སྟོང་ཙམ་ལས་རག་གི་མེད”ཅེས་མྱོང་བ་ཟབ་མོས་བཤད།
          ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་ཕྱོགས་གཅིག་ནས་མང་ཚོགས་ལ་རི་རྒྱ་བསྡམས་ནས་ཤིང་གཅོད་དུ་མི་བཅུག་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཀ་ལ་གྲོང་ཚོའི་ཁམ་བུའི་སྡོང་པོར་བརྟེན་ནས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་རེད། ད་ཆ་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་སྔར་བས་འཁྲུག་ཏུ་ཕྱིན་ནས་ཉིང་ཁྲིར་ཡུལ་སྐོར་དུ་བསྐྱོད་པའི“གསེར་གྱི་མིང་བྱང”ལྟ་བུར་གྱུར་ཡོད།
          ཀ་ལ་གྲོང་ཚོ་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད། ལོ་མང་རིང་། བོད་ཀྱིས་སྐྱེ་ཁམས་ཀྱི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། སྐྱེ་ཁམས་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་296.3དོན་འཁྱོལ་བྱས་པས་མང་ཚོགས་དེ་བས་མང་བར་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་བྱུང་སྟེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱ་རྒྱུ་དེ་སྤྱི་ཚོགས་ཀྱི་རང་རྟོགས་སུ་གྱུར་ཡོད། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི“སྒུལ་ཤུགས”དང་མི་སེར་འབབ་འཕར་ཕྱུག་འགྱུར་གྱི“ནོར་གཞོང”ཞིག་ཏུ་གྱུར་ཡོད།
          མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་བྱས་པས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ།
          དིང་རི་རྫོང་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཡན་ཟིན་པས་གྲང་ངར་ཆེ་ལ་ལྷགས་པ་ཚ་བའི་གནམ་གཤིས་ཀྱིས་སྡོང་ཕྲུག་གསོན་ཚད་དང་སྔོ་ཁེབས་སྐྱེ་འཚར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེའི་ནང་ཕན་ཆུ་རྒྱུག་ཁུལ་དུ་ལོ་ལྟར་བྱེ་རླུང་ལྡང་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ། བྱེ་འགྱུར་ཚབས་ཆེ་ཙམ་ཡོད་པ་རེད།“གནད་དོན་འདིར་དམིགས་ཏེ། དིང་རི་རྫོང་གིས་འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཡོད། རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་6.2ལྷག་ཙམ་བཏང་ནས་བྱེ་འགོག་བྱེ་བཅོས་ཀྱི་སྐྱེ་ཁམས་སླར་གསོའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། མིག་སྔར་རྣམ་གྲངས་ལག་བསྟར་རྒྱ་ཁྱོན་མུའུ་ཁྲི་29.45ལྷག་ཙམ་ཟིན་པ་དང་སྔོ་འགྱུར་ནགས་གསོའི་སྡོང་ཕྲུག་གསོན་ཚད་80%ཡན་ཟིན་ནས་བྱེ་འགོག་བྱེ་བཅོས་ལ་ཕན་འབྲས་བཟང་པོ་ཐོན་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་དིང་རི་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས་བཤད།
          མིག་སྔའི་བར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་ས་ཁུལ་5དང་རྫོང(ཆུས)3ལ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་གི་མཚན་སྙན་ཐོབ་པ་དང་། རིམ་རྩིས་བྱས་ན། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་རྫོང་22དང་། སྐྱེ་ཁམས་ཤང་གྲོང་269 སྐྱེ་ཁམས་གྲོང་ཚོ་3087བཅས་ལ་མིང་བཏགས་པ། ལྷུན་རྩེ་རྫོང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་རེད།
          མཛེས་སྡུག་ལྡན་པའི་བོད་ལྗོངས། ང་ཚོས་མཉམ་སྤྱོད་མཉམ་སྐྲུན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ་བཅས་ཀྱི་བརྗིད་ཆགས་ཡིད་འོང་གི་སྐྱེ་ཁམས་རྣམ་པ་ཞིག་ཕྱོགས་ཡོངས་ནས་སྐྲུན་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།