ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དམངས་འཚོ་ལེགས་སུ་བཏང་། བདེ་སྐྱིད་ཚོར་སྣང་ཆེ།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། འཕེལ་རྒྱས་འགྲོ་བའི་དཔེ་རིས་གསར་པ”དམངས་འཚོའི་བདེ་རྩའི་ལེའུ།
               བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ནས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་དག་ཅིག་ཐག་གཅོད་བྱས་པ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཡོད། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་བསལ་བའམ་ཡང་ན་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་སྤྱོད་བཅས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་། ལག་ཏུ་ཡོད་པའི་མ་དངུལ་གྱི་90%དང་བོད་སྐྱོར་མ་དངུལ་གྱི་80%ཡན་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བའམ་ཡང་ན་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་71.1བར་མཐོ་རུ་སོང་བ་སོགས་གང་ཡིན་ཡང་མི་སེར་གྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ནས་གངས་ལྗོངས་ས་མཐོའི་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་དཔེ་རིས་ཤིག་བཏོད་ཡོད་པ་རེད།
              “ད་ཆའི་བདེ་སྐྱིད་འཚོ་བ་ནི་དེ་སྔ་ངས་བསམ་ཡང་མི་ཕོད་པ་ཞིག་རེད། སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ་ང་ཚོ་མི་སེར་གྱི་འཚོ་བ་གོང་ནས་གོང་དུ་འཕེལ་ཞིང་། ང་ཚོའི་ཏང་གི་རྗེས་སུ་འབྲངས་ནས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང”ཞེས་ལྷ་ས་གྲོང་ཁྱེར་རབ་གསལ་སྡེ་ཁུལ་གྱི་བགྲེས་སོང་གོམས་བཟང་གིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
              དེ་སྔ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་སྒར་ཐོག་གྲོང་ཚོའི་དུད་ཚང་དབུལ་པོ་ཡིན་པའི་ལྕགས་ཐར་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་དབུལ་སྐྱོར་དམངས་ཕན་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ཕྲུ་གུ་གསུམ་སློབ་གྲྭར་བསྐྱོད་པར་ཡང་སློབ་གསོའི་དབུལ་སྐྱོར་མ་དངུལ་གྱི་རོགས་སྐྱོར་ཐོབ་པ་རེད། “ཕྲུ་གུ་ནི་ང་ཚོའི་རེ་བ་ཡིན། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་ཕྲུ་གུར་སློབ་གསོ་ཐོབ་པ་དང་ལས་དབང་ལ་འགྱུར་ལྡོག་ཕྱིན་པས་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་ལྕགས་ཐར་གྱིས་བཤད།
              ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུའི་འགོ་འཛུགས་ས་དང་དོན་ལ་བབས་ས་འདིར་དམ་འཛིན་ཡག་པོ་བྱས་ཏེ། དམངས་འཚོ་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམངས་འཚོ་འཕེལ་རྒྱས་ཀྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། དམངས་འཚོ་འཕེལ་རྒྱས་ཀྱི་བྱེད་ཐབས་དོན་འཁྱོལ་བཅས་བྱས་ཏེ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། དམངས་འཚོའི་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་འགྱུར་ལྡོག་དངོས་སུ་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་བྱས་ཡོད།
              2020ལོར་བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་རང་ཡོད་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་41.46ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་རང་ཡོད་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་ནས་བདེ་སྐྱིད་ཀྱི་སྟོན་གྲངས་ཆེས་ཆེར་འཕར་བ་རེད། 2011ལོ་ནས་2020ལོའི་བར། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་172.8བཀོད་སྒྲིག་བྱས་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་35.19བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ་དང་། 2019ལོའི་ཚུན་དུ། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.3བཀོད་སྒྲིག་བྱས་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་ཀྱི་དུད་ཚང་8900ལྷག་ཙམ་སྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། ཞིང་འབྲོག་ཁུལ་གྱི་ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བརྙན་འཕྲིན། ཁོར་ཡུག་ལེགས་སུ་གཏོང་རྒྱུ་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། 2020ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས་ལོ་གོང་མ་ལས་12.7%འཕར་བ་དང་། ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཉེ་བའི་ལོ་5ཡི་འཕར་ཚད་13%ཡས་མས་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་པ་དེ་ལོ་གོང་མ་ལས་10%འཕར་བ་བཅས་རེད།
              དགའ་འོས་པའི་གྲངས་གཞི་འདི་དག་ནི་མང་ཚོགས་ཚོས་བོད་ལྗོངས་ཀྱི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཆོད་སེམས་དང་བདེ་སྐྱིད་སྟོན་གྲངས་ཚོར་ཐུབ་པའི་གྲངས་གཞི་ཤ་སྟག་རེད།
              དམངས་འཚོ་ལེགས་སུ་གཏོང་བར་རྒྱུན་མཐུད་ཟམ་མི་ཆད་པའི་འགོ་འཛུགས་ས་མ་གཏོགས་མཇུག་འགྲིལ་མཚམས་མེད། མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་ལྟར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།