ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“འཛུགས་གཏོད་བཞིར”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་སྐོར་གླེང་བ།

སྤེལ་དུས 2021-12-24 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
            བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བྱེད་དགོས། དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི”ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་གང་ལེགས་མཚོན་པ་དང་། ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བློ་སྟོབས་བརྟན་པོ་མཚོན་གྱི་ཡོད་ཅེས་གསལ་པོར་བཏོན་ཡོད།
            རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པ་བྱེད་པར། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འཁེལ་བྱས་པའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིའི”གྲས་ཤིག རྒྱལ་ཁབ་ཀྱི་དོན་ཆེན་ཞིག་བཅས་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་བ་ཞིག་རེད”ཅེས་པའི་མཛུབ་སྟོན་གྱི་བླང་བྱར་གཞིགས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། བོད་ལྗོངས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འཐབ་ས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། འབྱུང་འཕྲོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་བཅས་སུ་ཧུར་ཐག་བཏོད་དེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་བའི་འགན་ལེན་བྱས་ནས། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་གྱི་བཟུང་ཚད་100%ཟིན་པ་དང་། དཔེ་སྟོན་རྫོང(ཆུས)གི་བཟུང་ཚད་20%ཡན་ཟིན་པར་བྱེད་དགོས།
            རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པར་བྱེད་པར། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འབྱུང་འཕྲོད་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྲུང་སྐྱོང་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ས་མཐོའི་སྐྱེ་ཁམས་ཞིང་འབྲོག་ལས་དང་། འབྱུང་འཕྲོད་ལས་སྣོན་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས་སོགས་སྐྱེ་ཁམས་ཐོན་ལས་སྐྲུན་པ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་གཏོད་པ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་སྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་། འཁྱགས་ས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་ངང་སྤེལ་བ། རྩྭ་ཐང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ལྟ་འདོམས་ལ་ཤུགས་སྣོན། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་གཙོ་བོར་དམིགས་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་དོན་འཁྱོལ་དང་། ནགས་ཚལ་དང་། འདམ་ར། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆུའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་དང་རི་སྐྱེས་སྲོག་ཆགས་ཀྱིས་རྩྭ་རའི་ཐོན་ཁུངས་བཙན་བཟུང་བྱེད་པའི་ཁ་གསབ་ལམ་སྲོལ་འཛུགས་པ། ཐཱན་བསྡུའི་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས། མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ལ་ཞུགས་སྐབས་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་པ་དང་སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱེད་དགོས།
            རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བྱེད་པར། ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་མགྱོགས་མྱུར་སྐྲུན་དགོས། རང་ལྗོངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་རང་ངོས་རྒྱུན་འཁྱོངས་དང་སླར་གསོ་བྱེད་ནུས་ཞན་པའི་དངོས་ཡོད་ལ་གཞི་ཚུགས་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོར་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། ཁོར་ཡུག་སྲུང་སྐྱོང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་བརྩི་བ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྐྱེ་ཁམས་ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཆུའི་ཐོན་ཁུངས་དོ་དམ་ནན་ཤོས་ལག་ལེན་བསྟར་བ། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་ཚོད་འཛིན་ལམ་ལུགས་བཟོ་བ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་བཏང་སྟེ་ཆུ་དཔོན་ལམ་ལུགས་དང་། མཚོ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་བཅས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཙང་པོའི་ཆུ་འགོ་དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བསྡུ་སྤྱོད་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒྲིག་བཀོད་བཟོ་སྐྲུན་ལ་ཞིབ་བཤེར་མཆན་འགོད་ནན་པོ་བྱས་ནས། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ(གོ་གནས་འཁུར་རིང)རྩིས་བཤེར་ནན་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ལྟ་བཤེར་དང་དཔྱད་ཞིབ་ཀྱི་འགན་འཁྲི་ནན་ཤོས་ལག་བསྟར་བྱེད་དགོས།
            འཆར་གཞི་བཀོད་ཟིན་པས་འགག་རྩ་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པར་བྱེད་རིང་མང་ཚོགས་ཀྱི་མདུན་དུ་སྐྱོད་པ་དང་། དངོས་སྒྲུབ་འབད་འཐབ་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་འདོན་དགོས། ལས་གནས་ནི་འགན་འཁྲི་ཡིན་པ་བློ་ལ་བརྟན་པོར་ངེས་ཏེ་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་རང་འགན་ནན་སྒྲུབ་དང་དཀའ་སྤྱད་ལས་བརྩོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ས་ཁུལ་གྲས་ཤིག་ཡིན་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།