ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལེའུ་གསར་པ་ལེགས་པོར་འབྲི་དགོས།

སྤེལ་དུས 2021-12-24 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           “རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་འཛིན་ཞིང་རྒྱལ་སྲིད་སྲུང་དགོས། སྲུང་དགོས་པ་ནི་མི་དམངས་ཀྱི་སེམས་ཡིན།”འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་དམངས་ཀྱི་ལྟ་བ་དང་སྲིད་སྐྱོང་ལྟ་བའི་ཕྱོགས་བསྡུས་དང་གཅིག་གྱུར་གྱི་མཚོན་ཚུལ་གསར་ཤོས་དེ་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་དེ་སེམས་ཀྱི་དཀྱིལ་དབུས་སུ་བཞག་ཡོད་པའི་ཏང་གཤིས་རྩ་དོན་མངོན་པར་མཚོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད》ཀྱིས། མི་དམངས་ལྟེ་བ་ཡིན་པའི་དཔྱད་ཞིབ་གལ་ཆེན་འབུར་དུ་ཐོན་པར་བྱས་ཏེ། ང་ཚོས་མགོ་རྩོམ་ས་གསར་པ་རུ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལེའུ་གསར་པ་ལེགས་པོར་འབྲི་བ་ལ་ཉམས་མྱོང་གི་བློ་འབྱེད་དང་འགུལ་སྐྱོད་ཀྱི་ལམ་སྟོན་འདོན་སྤྲོད་བྱས་ཡོད།
           ལངས་ཕྱོགས་ནི་ང་ཚོས་སྐད་ཆ་ཤོད་ཅིང་བྱ་བ་སྒྲུབ་པའི་རྐང་འཛུགས་ས་དང་རིན་ཐང་གི་འཁྱེར་སོ་ཡིན། ལངས་ཕྱོགས་ཀྱིས་བསམ་བློ་ཐག་གཅོད་དེ། མི་རྣམས་ཀྱིས་གནད་དོན་ལ་བསམ་གཞིགས་བྱེད་པ་དང་ལས་དོན་སྒྲུབ་པའི་རྐང་འཛུགས་ས་དང་གཞི་འབབ་ས་ཐག་གཅོད་བྱེད་པ་ཡིན། མི་དམངས་ཀྱི་ལངས་ཕྱོགས་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རྩ་བའི་ཆབ་སྲིད་ལངས་ཕྱོགས་ཡིན་པ་དང་། མི་དམངས་ནི་ལོ་རྒྱུས་མདུན་སྐྱོད་ཀྱི་སྒུལ་ཤུགས་དངོས་དེ་ཡིན་ལ། མི་དམངས་ཀྱི་ཁེ་ཕན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བྱ་བ་ཡོད་ཚད་ཀྱི་རྩ་བའི་རྐང་འཛུགས་ས་དང་གཞི་འབབ་སར་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ང་ཚོའི་ཏང་ལ་རང་གི་དམིགས་བསལ་གྱི་ཁེ་ཕན་མེད་དེ། ཏང་གིས་དུས་སྐབས་ནམ་ཞིག་ཡིན་རུང་མང་ཚོགས་ཀྱི་ཁེ་ཕན་དེ་ཨང་དང་པོར་འཇོག་པ་ཡིན། འདི་ནི་ང་ཚོའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ཆ་ནས་སྲིད་ཏང་གཞན་དང་མི་འདྲ་བའི་མཚོན་རྟགས་གསལ་པོ་དེ་ཡིན།”
           ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་མི་དམངས་ལ་ཟུག་ཅིང་། ཟུངས་ཁྲག་མི་དམངས་དང་འདྲེས་ཡོད་ལ། སྟོབས་ཤུགས་མི་དམངས་ཀྱི་ཁྲོད་དུ་ཡོད་པ་ཡིན། མི་དམངས་བླ་ན་མཐོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དགོངས་དོན་གྱི་གཅིག་བསྡུས་མཚོན་ཚུལ་ཡིན་པ་དང་། མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པའི་དངོས་གཙོ་ལོ་རྒྱུས་ལྟ་བའི་གཅིག་བསྡུས་མཚོན་ཚུལ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མངོན་གསལ་གྱི་ཁྱད་ཆོས་དང་གཞུང་ལུགས་ཀྱི་གཤིས་ཀ་ཡིན། དུས་ཡུན་རིང་མོའི་ཁྲོད་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཏན་ཏིག་ནུས་ལྡན་ཀྱི་བྱེད་ཐབས་མང་དུ་བསྟར་ནས། མི་དམངས་ཀྱི་རེ་སྒུག་གསར་པ་མངོན་འགྱུར་བྱས་པ་དང་། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་བཏེགས་ཡོད། འཐབ་ལམ་གསར་པའི་སྟེང་དུ་ང་ཚོས་ངེས་པར་དུ་མི་དམངས་རྒྱབ་རྟེན་དུ་བཟུང་ནས་ལོ་རྒྱུས་གསར་གཏོད་བྱེད་ཅིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོལ་བར་བྱེད་པ། མི་དམངས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱེད་པ་བཅས་ཀྱིས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་དགོས་ཤིང་། དངོས་གནས་སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བ་སྲུང་སྐྱོང་བྱས་ནས། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་དོ་མི་མཉམ་པ་དང་འདང་ངེས་མིན་པའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་ཞེན་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།
           ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་ལེགས་ཉེས་དེ་སེམས་སུ་ཉར་ནས། སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ཀྱིན་པའི་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་འགོད་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ནས། དོན་དག་རེ་རེ་བཞིན་ལག་བསྟར་ནན་འཛིན་བྱེད་པ་དང་། ལོ་རེ་རེ་བཞིན་རྒྱུན་མཐུད་ཀྱིས་བསྒྲུབས་ཏེ། ཧུར་ཐག་སྒོས་མང་ཚོགས་ལ་འགྱུར་ལྡོག་མཐོང་དུ་འཇུག་པ་དང་ཕན་ཁེ་རེག་ཏུ་འཇུག་དགོས། མུ་མཐུད་དུ་ཐོན་ལས་དང་ལས་ཞུགས་ཀྱི་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྒོས་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་དང་ཤིན་ཏུ་ཉེ་བའི་མི་ཞིག་བྱས་ཏེ་མང་ཚོགས་ཀྱི་དཀའ་ཉེན་སེལ་ཞིང་མང་ཚོགས་ཀྱི་སེམས་ཁྲལ་བསལ་བ་དང་། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་སྒྲུབ་བྱས་ཏེ། ང་ཚོས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ནུས་ཕྱོད་མཐོར་འདེགས་གཏོང་དགོས་ཤིང་། སྔར་ལས་ལེགས་པའི་སྒོ་ནས་མི་དམངས་ཀྱི་ཉིན་བཞིན་གོང་དུ་འཕེལ་བའི་ཕྱོགས་མང་པོའི་དགོས་མཁོ་བསྐང་དགོས།
           མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་བྱེད་པ་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་གནད་ས་གཙོ་བོར་འཛིན་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བ་རིམ་བཞིན་མངོན་འགྱུར་བྱེད་པ་དེ་ཆེས་གལ་ཆེ་བའི་གོ་གནས་སུ་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། མཐར་དེད་ན་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱ་རྒྱུ་དེ་ཡིན།”མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱོད་བཟང་གོང་དུ་བཀུར་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདུན་གསར་པ་སྐོང་བ་དེ་འཕེལ་རྒྱས་ཀྱི་གཞི་འབབ་སར་བྱས་ཏེ། ས་ཁུལ་གྱི་བར་ཁྱད་དང་མཁར་གྲོང་གི་བར་ཁྱད། ཡོང་འབབ་ཀྱི་བར་ཁྱད་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། ཡང་དག་པའི་སྒོ་ནས་ཕན་ཕྱོད་དང་འདྲ་མཉམ་གྱི་འབྲེལ་བ་ཐག་གཅོད་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་ཡར་སྐུལ་བྱེད་པ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས། མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་གྱི་ཕྱོགས་སུ་གོམ་ཁ་བརྟན་པོས་བསྐྱོད་དགོས།
           ལོ་བརྒྱའི་འབད་འཐབ་ཀྱི་ལམ་བུར་ཕྱིར་ལྟ་ཞིག་བྱས་ན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བཟུང་ཡོད། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱས་ཏེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་དང་ལག་བསྟར་བྱེད་དགོས་ལ། ནམ་ཡང་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས། ནམ་ཡིན་ཡང་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་སྒོས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལེའུ་གསར་པ་ཧུར་བརྩོན་གྱིས་ལེགས་པོར་འབྲི་དགོས། །
རྩོམ་སྒྲིག་པ། བདེ་སྒྲོན།