ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ས་མཐོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
             ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་བ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་རུ་བརྟན་པོར་བཅངས་ཏེ། མཉམ་འཛོམས་ཀྱིས་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་བཟང་ཐུན་མོང་ཐོག་བཏོན་ནས། གངས་ལྗོངས་ས་མཐོའི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་འདོན་འགོ་བཙུགས་ཡོད། ང་ཚོས་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
             ད་རེས་ཀྱི་ཚོགས་ཆེན་ནི་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་བཅས་ཀྱི་དུས་བབ་གསར་པར་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་དང་། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།
             2021ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་ལོ་རྒྱུས། བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ལོ་དེའི་ནང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཏེ། དཔའ་ངར་ཆེར་སྐྱེད་དང་གོམ་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད། ལོ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཞིང། མཚོ་ལས་ཟབ་པའི་བརྩེ་སེམས་དང་མངགས་བཅོལ་ཟབ་མོ་གནང་བས་ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་དང་ཆོད་སེམས་ཧ་ཅང་ཆེ་རུ་ཕྱིན་ཡོད། ལོ་དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དེ་རང་འགན་གཙང་སྒྲུབ་ཀྱི་འགན་སེམས་ཆེན་པོ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དེ་དངོས་འཛིན་དངོས་སྒྲུབ་ཀྱི་བྱ་སྤྱོད་ནུས་ལྡན་དུ་བསྒྱུར་བས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ། དམངས་འཚོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ཏན་ཏིག་དང་ནུས་ལྡན་བྱུང་བ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་མ་གཏིང་ཟབ་ཐེབས་པ། བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ནས། བོད་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་འོད་སྟོང་འཕྲོ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།
             གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་མིན་ཞིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་རེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱི་མཛུབ་ཁྲིད་ཡང་དག་ལས་བྱུང་བ་ཞིག་ཀྱང་རེད། ལྗིད་ཏིག་ཏིག་གི“གྲུབ་འབྲས་གསལ་ཐོའི”ནང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་དཀའ་སྤྱད་འབད་བརྩོན་འདུས་ཡོད་ལ། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བློ་གྲོས་དང་སེམས་ནུས་ཀྱང་འདུས་ཡོད།
             ལོ་གཅིག་རིང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཁར། ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་ཨང་དང་པོ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་པ། ལྟེ་བའི་ལས་དོན་ལ་དམིགས་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛུགས་ཀྱི་སྤུས་ཚད་ལེགས་སུ་དང་ལས་ཕྱོད་སྔར་བས་ཆེ་རུ་བཏང་བ། ལྟ་སྐུལ་དང་རྒྱབ་སྐྱོར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཕན་འབྲས་ཆེ་བའི་བཅོས་སྐྱོང་། སྤུས་ཚད་མཐོ་བའི་འཚོ་བ་བཅས་ལ་རམ་འདེགས་བྱས་པ། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་ཀྱིས་འཐུས་མིས་བྱེད་པོའི་ནུས་པ་འདོན་སྤེལ་སྔར་བས་ལེགས་པར་བྱ་རྒྱུར་ཞབས་འདེགས་དང་འགན་ལེན་བྱས་པ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་བླང་བྱ་གསར་པ་དང་ཟམ་མི་ཆད་པར་འཚམ་པར་བྱས་སྟབས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ལ་གྲུབ་འབྲས་གསར་པའང་ཐོབ་ཡོད།
             དཔའ་ངར་ཆེར་སྐྱེད་ཀྱིས་གསར་འབྱེད་བྱེད་རིང་ས་མཐོའི་ཡར་ཐོན་གྱི་ལོ་རྒྱུས་ཀྱི་འཆར་གཞི་བཀོད། འབད་འབུངས་མདུན་སྐྱོད་བྱེད་རིང་བོད་དར་རྒྱས་ཀྱི་དུས་རབས་ཀྱི་ལེའུ་གསར་མུ་མཐུད་གཏོད། འདི་ལོ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་དམིགས་ཏེ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ཁག་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལས་དོན་གཙོ་བོར་སྒྲུབ་པ། ལྷག་དོན་དུ་ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བློ་གཅིག་སེམས་གཅིག་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། འགོ་འཛུགས་ས་གསར་པར་གཞི་འཛུགས་པ་དང་། རྒྱང་སྐྱོད་ལམ་བུ་གསར་པར་གོམ་ཞེང་ཆེན་པོས་སྐྱོད། བོད་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཐད་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལ་དམ་པོར་དམིགས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། སྤུས་ཚད་མཐོ་པོས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། “སྲུང་སྐྱོང་གཉིས”ཀྱི་ལྷག་བསམ་རྣམ་དག་གི་ལག་ལེན་པ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ། “འཛུགས་གཏོད་བཞིར”སྐུལ་འདེད་བཏང་ནས་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་བྱེད་ཕོད་མཁན་གྱི་འགན་འཁུར་བ། འགན་ནུས་ཁག་ཡག་པོ་བསྒྲུབས་ནས་མི་དམངས་ལྟེ་བར་འཛིན་པའི་བློ་དཀར་སེམས་དཀར་གྱི་ལག་ལེན་པ། སྤྱོད་ཚུལ་བཟང་པོ་དར་སྤེལ་དང་དམ་པ་དོན་གཉེར་ལ་བརྩི་མཐོང་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་མཁན་གྱི་སེམས་ཐག་གཙང་བཅད་ཀྱི་བྱ་སྤྱོད་པ་བཅས་བྱེད་དགོས།
             དུས་རབས་ཀྱི་རྦ་རླབས་དྲག་པོ་མདུན་དུ་འཕྱུར། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ། འབད་འཐབ་ཀྱི་དམག་སྐུལ་དུང་བརྡ་ལྷག་པར་གསལ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་སྒྲུབ་པ། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་དང་གྲོས་རིམ་ཁག་ལ་དམིགས་ནས་གནད་ལ་འཕིགས་པའི་གྲོས་འགོ་དང་དོན་ལ་སྨིན་པའི་ཇུས་གཞི་འདོན་པ་བཅས་བྱས་ཏེ། ད་ཐེངས་ཀྱི་ཚོགས་འདུ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པར་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་དང་། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་ཡིད་ཆེས་བརྟན་པོ་ང་ཚོར་ཡོད།
             ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།