ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“འགྲིམ་འགྲུལ་དྲ་བ”ཤར་གཏོང་ཐུབ། “བདེ་སྐྱིད་ལམ་བུ”གསར་དུ་བཏོད།

སྤེལ་དུས 2022-01-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
​ཆབ་མདོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་སྐོར་བཀོད་པ།
             “བོད་ཤར་རྒྱུད་ཀྱི་མུ་ཏིག”ཅེས་འབོད་པའི་ཆབ་མདོས་ཞོགས་པ་གསར་པ་ཞིག་བསུས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་གཞུང་ལམ་ཐོག་ལྷོ་ནས་བྱང་དུ་འགྲོ་མཁན་རླངས་འཁོར་བརྟན་ལ་གོ་རིམ་ལྡན་པའི་ངང་འགྲོ་བཞིན་མཆིས། རྫོང་དང་ཤང་གི་གཞུང་ལམ་རེ་རེ་བཞིན་གྲོང་ཚོ་དང་དུད་ཚང་དུ་ཤར་གཏོང་ཐུབ་ཡོད་པ་འདི་ཆབ་མདོའི་མི་སེར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་དང་། དམངས་འཚོ་འཕེལ་རྒྱས་ཀྱི་ལམ་བུ། ལྗང་མདོག་མཆོང་སྐྱོད་ཀྱི་ལམ་བུ་བཅས་སུ་གྱུར་ཡོད།
             2018ལོའི་ཟླ་12པར་ཆབ་མདོ་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གཏོང་འགོ་ཚུགས་པ་ནས་བཟུང་། རྒྱ་ཆེའི་གྲོང་མི་མང་ཚོགས་ཕྱིར་སྐྱོད་པར་ཧ་ཅང་སྟབས་བདེ་བསྐྲུན་ཡོད། 2020ལོའི་ཟླ་8པར་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཐེན་ཅིན་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱིས་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་24མཉམ་དུ་ཉོས་ནས་ཆབ་མདོ་གྲོང་ཁྱེར་ལ་སྤྲད་པས། གྲོང་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་50ཟིན་ནས་མཐའ་འཁོར་ཁུལ་ལ་ཁྱབ་པའི་སྤྱི་སྤྱོད་རླངས་འཁོར་གྱི་དྲ་བ་ཞིག་སྤྱིར་ན་ཆགས་ཡོད། གྲོང་ཁྱེར་ཙམ་མ་ཟད། ད་དུང་ཆབ་མདོ་གྲོང་ཁྱེར་གྱིས་དཔའ་ཤོད་དང་དཔལ་འབར་རྫོང་གཉིས་ལ་གྲོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་སྔོན་ལ་ཁྱབ་གདལ་གཏོང་བར་ལྕག་སྐུལ་བྱས་ཏེ། སྤྱི་སྤྱོད་རླངས་འཁོར་6བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ལྗང་མདོག་འགྲིམ་འགྲུལ་གྱི་འགྲུལ་བཞུད་བྱེད་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།
             2021ལོའི་ཟླ་9ཚེས་24ཉིན་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཕྱོགས་བསྡུས་འགྲིམ་འགྲུལ་འགྲུལ་སྐྱེལ་ལྟེ་བའི་བབས་ཚུགས་ཀྱི་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་ཤིང་། གྲོང་ཁུལ་ནས་དཔལ་འབྱོར་གསར་སྤེལ་ཁུལ་བར་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་20མང་དུ་བཏང་ཡོད། རྣམ་གྲངས་བསྐྲུན་རྗེས་ཆབ་མདོའི་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྔར་བས་བསྐངས་ནས་ཕྱིར་སྐྱོད་ཀྱི་ལམ་གྲོན་དམའ་རུ་འགྲོ་རྒྱུ་མ་ཟད། ཕྱིར་སྐྱོད་ཀྱི་དུས་ཚོད་ཀྱང་གྲོན་ཆུང་ཐུབ་རྒྱུ་རེད།
             ད་ཆ་སྟབས་བདེ་ལ་ནུས་ཆེའི་སྤྱི་སྤྱོད་རླངས་འཁོར་དྲ་བ་ལས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་བཟང་པོ་བཏོད་ཡོད། དེས་མ་ཚད་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དེའང་ཆབ་མདོ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་ཞབས་ཞུའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་གནད་ཅིག་རེད། 2021ལོ་ནས་བཟུང་G318ལམ་ཐིག་གི་གྲུ་པ་རོང་ནས་ཉིང་ཁྲི་བར་གྱི་ལམ་ངོས་གཙོ་བོ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་ཇོ་ལའི་ཕུག་ལམ་ཟླ་10པར་ཤར་གཏོང་ཐུབ་པ་དང་། G349ལམ་ཐིག་གི་དཔལ་འབར་ནས་ལྷ་རི་རྫོང་སྙེའུ་ཤང་བར་གྱི་དུམ་བུ་དང་། དཔལ་འབར་མཚོ་ཁ་གྲོང་རྡལ་ནས་སྤྱི་གླིང་ཤང་བར་གྱི་ཕུག་ལམ། འབྲི་ཆུའི་རྒྱུད་ཀྱི་S201ལམ་ཐིག་གི་གཏོར་སྐྱོན་ཕོག་པའི་ལམ་བསྐྱར་སྐྲུན་ལས་གྲྭ་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་འཆར་གཞི་ལེགས་སྒྲུབ་བྱེད་ཚད་80%ཟིན་པ། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་གཞུང་ལམ་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། བྲག་གཡབ་རྫོང་ཁེ་ལྗོངས་གྲོང་ཚོ་ནས་ཤིང་དཀའ་བར་གྱི་གཞུང་ལམ་ལས་གྲྭ་དང་། གོ་འཇོ་རྫོང་ལྷ་རྒྱལ་ཤང་ནས་འབོ་ལོ་གྲོང་རྡལ་གྱི་ལེ་རུ་མ་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་2021ལོའི་ཟླ་9ཚེས་30ཉིན་འོས་སྐུལ་གསལ་བསྒྲགས་སྤེལ་བ་སོགས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགྲིམ་འགྲུལ་གྱི་མ་ལམ་སྔར་བས་ཤར་གཏོང་ཐུབ་ཡོད་པ་རེད།
             2021ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིར”མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་1.43ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་གི་75%བཟུང་བ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར“བརྒྱ་ཆ་བརྒྱ་བྱས་པ་གསུམ”ཤར་གཏོང་ཐུབ་པ་བྱས་ནས་ཤར་བགྲོད་ཐུབ་ཚད་100%དང་། 98% 77%བཅས་སོ་སོར་ཟིན་ཡོད་པ་རེད།
             གཞུང་ལམ་ཤར་བགྲོད་ཐུབ་ན་བྱ་གཞག་དར་རྒྱས་འགྲོ་ཐུབ། འགྲིམ་འགྲུལ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན། ཆབ་མདོ་གྲོང་ཁྱེར་གྱི“འགྲིམ་འགྲུལ་དྲ་བ”ཉིན་བཞིན་ཤར་གཏོང་ཐུབ་པ་དང་བསྟུན་ནས་རི་བོ་བརྒལ་བ་དང་ཆུ་བོ་སྒྲོལ་བའི་འགྲིམ་འགྲུལ་ལམ་ཐིག་ཆེན་པོ་ཞིག་བསྐྲུན་པ་དེས་རི་ཁུལ་གྱི་འགྲོ་ལམ་བདེ་པོ་ཞིག་བཏོད་དེ་མི་སེར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི“བདེ་སྐྱིད་ལམ་བུའི”ཕྱོགས་སུ་བསྐྱོད་ཐུབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་གཤོག་ཟུང་བསྒར་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།