ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་དམངས་ལྟེ་བར་འཛིན་ནས་དམངས་འཚོར་ཕན་བདེ་དེ་བས་མང་བ་བསྐྲུན།

སྤེལ་དུས 2022-10-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན་པས། ངེས་པར་དུ་དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ་དང་། འཕེལ་རྒྱས་ཁྲོད་དམངས་འཚོའི་ཞན་ཆ་ཁ་གསབ་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་དོ་སྙོམས་མེད་པ་དང་འཕེལ་རྒྱས་གང་ལེགས་མ་བྱུང་བའི་གནད་དོན་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན། ཐག་གཅོད་བྱེད་མ་ཐུབ་པར་ལུས་པའི་གནད་དོན། རེ་སྒུག་བྱེད་བཞིན་པའི་དོན་དག་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པས། དམངས་འཚོ་འགན་ལེན་ནུས་ལྡན་བྱུང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་སྔར་བས་ཆེ་བ་དང་། སྔར་བས་འགན་ལེན་ཡོད་པ། སྔར་བས་རྒྱུན་མཐུད་བཅས་ཐུབ་ཡོད།
      སྟོན་མཇུག་ཏུ། ཀན་སུའུ་ལན་ཀྲོའུ་ཁུལ་གསར་གྱི་ཡུལ་མི་གནས་སྤོས་ཀྱི་གྲོང་གསེབ་བཀོད་སྒྲིག་ཁུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཡངས་ཤིང་ཁོད་སྙོམས་པའི་གྲོང་ཚོའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། ཟ་ཁང་དང་ཚོང་ཁང་། ལྕགས་རིགས་སྒྲིག་སྦྱོར་ཡོ་བྱད་ཚོང་ཁང་། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་སོགས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཁུལ་ཚང་མ་འཛོམས་ཡོད། ཉིན་འདི་དག་རིང་། འབྲུག་ཆུ་རྫོང་ཧྥུང་ཏེ་གྲོང་རྡལ་ཧྲ་ཀོའུ་གྲོང་ཚོའི་དབྱང་ཏའེ་ཧྲེང་གིས་སྨི་ངོས་གྲུ་120ཟིན་པའི་བཀོད་སྒྲིག་ཁང་པར་ཁྱིམ་ཆས་གསར་པ་སྒྲིག་སྦྱོར་བྱེད་བཞིན་ཡོད།
      དབྱང་ཏའེ་ཧྲེང་གིས། འབྲུག་ཆུའི་གྲོང་ཚོ་ཚང་མ་རི་རྐེད་དུ་གནས་ཡོད་སྟབས། ཆར་པ་བབས་མ་ཐག་རི་ཉིལ་གྱི་ཡོད། ད་ཆ་སྨན་བཅོས་དང་སློབ་གསོའི་ཆ་རྐྱེན་ཚང་མ་ཡག་པོ་ཡོད་པ་དང་། ཞོགས་པ་ཕྱིར་གླ་པར་འགྲོ་བ་དང་དགོང་མོ་ནང་མི་ཚང་མ་རུབ་རུབ་བྱས་ནས་མཉམ་དུ་བསྡད་ཆོག་པས་འཚོ་བ་དངོས་གནས་སྐྱིད་པོ་འདུག་ཅེས་བཤད་པ་རེད།
      དེང་གི་ཀྲུང་གོས་གྲོང་གསེབ་དར་རྒྱས་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཟོ་བཞིན་ཡོད། འདས་ཟིན་པའི་ལོ་བཅུའི་ནང་། རང་རྒྱལ་གྱི་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་ཡོད།
      སྟོན་མཇུག་ཏུ་ཅང་ཞི་ཡི་སྣུམ་ཇ་འཐུ་བའི་དུས་སུ་སླེབས་ཡོད། སྣུམ་ཇ་འདེབས་འཛུགས་དུད་ཆེན་ཧུའེ་ཁྲང་རྫོང་ཧྥུ་ཁྲེང་ཤང་ཞའོ་ཧྲ་གྲོང་ཚོའི་གྲོང་མི་ལི་ཁྲུན་ལ་ཐོན་འབབ་ཡག་པོ་བྱུང་ཡོད། ཁོང་གིས། 2012ལོ་ནས་བཟུང་། ངས་སྣུམ་ཇ་འདེབས་འགོ་བཙུགས་པ་ཡིན། སྐབས་དེ་དུས་མུའུ་10ལས་མེད། ད་ཆ་ལོ་བཅུའི་གོང་དང་བསྡུར་ན་མུའུ་100མང་དུ་བཏང་ཡོད། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་12ཡན་རག་གི་ཡོད་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་ཏུ་ཕྱིན་ཡོད་ལ་རེ་བ་དང་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།
      སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཇུས་ཆེན་དང་འབྲེལ་བ་ཡོད་ལ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་དེ་བས་ཀྱང་འབྲེལ་བ་ཡོད། ལོ་བཅུའི་རིང་། རང་རྒྱལ་གྱི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བས། སློབ་གྲྭ་ཆེན་མོའི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་དུང་ཕྱུར་2.18ལས་བརྒལ་བ་དང་། མཐོ་རིམ་སློབ་གསོ་ཡང་སྤྱི་དམངས་ཅན་ནས་ཡོངས་སུ་ཁྱབ་གདལ་ཅན་དུ་འགྱུར་བའི་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་མཆོང་བརྒལ་བྱུང་ཡོད། དེ་དང་དུས་མཚུངས“གཉིས་འཕྲི”དང་དེ་བཞིན་སློབ་གསོ་བཅོས་སྐྱོང་གི་སྲིད་ཇུས་རབ་དང་རིམ་པ་བཏོན་པས། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐད་བློ་ཡིད་ཚིམ་ཚད་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཐན་ཅིན་གྲོང་ཁྱེར་ཧོ་ཞི་ཁུལ་ཕིང་ཧྲན་ཏའོ་སློབ་ཆུང་གི་དགེ་རྒན་ཡོན་ལི་ཡིས། སྐད་ཡིག་དང་རྩིས་རིག་“གཉིས་འཕྲི”བྱས་པ་ཕུད་དཀའ་ཚད་གཞན་ཆུང་དུ་བཏང་མེད།  འོན་ཀྱང་ང་ཚོས་ཁུར་པོ་ལྕི་དྲགས་པ་ཁག་གཅིག་ཡང་དུ་བཏང་ཡོད་པས། ཕྲུ་གུ་ཚོ་ཁྱིམ་དུ་ལོག་རྗེས་དཔེ་དེབ་ལྟ་ཀློག་དང་ཁྱིམ་ལས་བྱེད་པའི་དུས་ཚོད་མང་པོ་ཡོད་སྟབས། ཕྲུ་གུ་ཚོ་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་དེ་བས་ཆེ་བ་ཡོད་ཅེས་བཤད་པ་རེད།
      རྒན་གསོའི་བྱ་གཞག་དེ་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་རེད། ལོ་བཅུ་པོ་འདིའི་རིང་། རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་359བཏང་ནས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་རེད། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་དེ་གཞི་རྩའི་ཆ་ནས་གྲོང་ཁྱེར་གྱི་སྡེ་ཁུལ་ཡོངས་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཕྱེད་ཀ་ཡན་ལ་ཁེབས་ཡོད། རྒྱལ་ཡོངས་སུ་རིགས་ཁག་གི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་སྒྲིག་བཀོད་ཁྲི་36ཡོད་པ་དང་། ཉལ་ཁྲི་ཁྲི་812.6ཟིན་ནས་ཉལ་ཁྲིའི་གྲངས་འབོར་2012ལོའི་ལྡབ་2ཙམ་ཟིན་ཡོད་པ་རེད། ཧྲན་ཏུང་ཝུའེ་ཧྥང་གི་རྒན་གསོ་ལྟེ་གནས་ཤིག་གིས་རྒན་གསོ་དང་སྨན་བཅོས་ཟུང་འབྲེལ་དམ་ཟབ་བྱས་པས། དགུང་ལོ་87ལ་ཕེབས་པའི་བགྲེས་སོང་ཀེང་ཧྲོའུ་ཐེན་གྱིས་དེར་བསྔགས་བརྗོད་ཆེན་པོ་གནང་གི་ཡོད། ཁོང་གིས། རྒན་གསོ་ལྟེ་གནས་སུ་ཁ་ལག་ཡག་པོ་ཟ་རྒྱུ་ཡོད་པ་དང་། སྡོད་ས་ཡག་པོ་ཡོད་པ། རྩེད་ས་ཡག་པོ་ཡོད་པ་བཅས་མ་ཟད། ད་དུང་སྨན་པས་ཉིན་ལྟར་ཁང་པའི་ནང་བརྟག་དཔྱད་བྱེད་པར་ཡོང་གི་ཡོད་དེ། མཚམས་རེ་སྔ་དྲོ་དང་། མཚམས་རེ་ཕྱི་དྲོ། སྐབས་རེ་དགོང་མོ་ཡང་ཡོང་གི་ཡོད་པས། གཟུགས་པོ་ཡང་སྔོན་མ་ལས་ཡག་ཏུ་ཕྱིན་སོང་ཞེས་གསུངས་པ་རེད།
      དམངས་འཚོར་ཤུགས་སྣོན་དང་དམངས་འཚོ་ལེགས་སུ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་མི་དུང་ཕྱུར་13.6ལ་ཁྱབ་ནས་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། རྒྱལ་ཡོངས་སུ་རིགས་ཁག་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་98ཙམ་བཙུགས་ཡོད་པ་དང་། སྲང་ལམ་དང་། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་ཚང་མར་ཁྱབ་ཡོད། ད་ཆ། ཁྱིམ་ཚང་90%སྐར་མ་15ཡི་ནང་ཚུན་དུ་ཐག་ཉེ་ཤོས་ཀྱི་སྨན་བཅོས་ས་ཚིགས་སུ་སླེབས་ཐུབ་ཀྱི་ཡོད།
      རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཁག་7ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ནས་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་པའི་བར་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་བསྐྲུན་པ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཀོད་བྱས་པའི་བར། སྲིད་གཞུང་སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་པ་ནས“ཞིང་ཆེན་སྒྲོལ་ནས་ཐུན་མོང་ཐོག་སྒྲུབ་པའི”དོན་གནད་དེ་བས་མང་བ་དྲ་ཐོག་ཏུ་སྒྲུབ་པ་དང་ཐེངས་གཅིག་ལ་སྒྲུབ་རྒྱུར་སྐུལ་འདེད་བཏང་བའི་བར། ལོ་བཅུའི་རིང་། ཏང་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་དམངས་ལ་ཕན་བདེ་བསྐྲུན་པ་དང་མི་རིགས་བསྐྱར་དར་དོན་གཉེར་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།