ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

སྤེལ་དུས 2022-11-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
  “མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ”ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་འདོན་སྤེལ་གང་ལེགས་བྱེད་དགོས་པ”དམིགས་བསལ་དུ་ནན་བཤད་གནང་བ་དང་། “རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི”བླང་བྱ་བཏོན་གནང་བ། “ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི”འབོད་སྐུལ་གནང་བ་བཅས་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་། བསམ་བློ་གཏོང་ས་གཅིག་ལ་གཏོང་བ། ཤུགས་རྒྱག་ས་གཅིག་ལ་རྒྱག་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤག་དང་གྲུ་གཡོར་འཕྱར་ནས་མདུན་སྐྱོད་བྱེད་དུ་འཇུག་དགོས།
  ཀྲུང་གོ་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་པོ་ཆེ་ལྡན་པའི་མི་དམངས་ཤིག་ཡིན། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། སྐུལ་སློང་ཐུབ་པའི་མཐུན་རྐྱེན་བཟང་པོ་མཐའ་དག་སྐུལ་སློང་། ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བའི་ལོ་རྒྱུས་ཐོག་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་བརྗིད་ཆེའེ་ཡིད་དབང་འཕྲོག་པའི་ལེའུ་བརྩམས་ཡོད། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་ཐོབ་པ་ཞིག་རེད། ལོ་བཅུའི་རིང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་ཐུབ་པ་དང་། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ། ཏང་ཡོངས་བསམ་བློའི་ཐོག་དེ་བས་གཅིག་གྱུར་དང་། ཆབ་སྲིད་ཐོག་དེ་བས་མཐུན་སྒྲིལ། བྱ་སྤྱོད་ཐོག་དེ་བས་གཅིག་མཐུན་བཅས་བྱུང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དཀའ་ཉེན་སྣ་ཚོགས་འཕྲད་སྐབས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་ཡོངས་ཀྱི་བློས་འགེལ་ཤོས་ཀྱི་སྲོག་ཤིང་དུ་གྱུར་པ་བཅས་བྱུང་བས། ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་ལ་དོ་ནན་གྱིས་ཁ་གཏད་གཅོག་པར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་དེ་བས་རང་རྟོན་དང་། རང་ཚུགས། རང་དར་བཅས་བྱུང་བ་དང་། ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་འཕེལ་བ། བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་སྔར་ན་མེད་པའི་ཆེ་རུ་ཕྱིན་པ། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་བས་རབ་ཏུ་འཕེལ་བ།
  རང་རྒྱལ་གྱི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་བྱུང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་བཅས་བྱུང་ཡོད། དུས་རབས་གསར་པར་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ལས་ང་ཚོས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཡོད།
  འབད་འཐབ་ཀྱི་དམིགས་ཚད་གཏན་འཁེལ་བྱས་པ་ལས་བྱུང་བའི་མཐུན་སྒྲིལ་ནི་ཆེས་བརྟན་ཤོས་ཀྱི་མཐུན་སྒྲིལ་ཞིག་ཡིན་པར་དམིགས་པ་དང་མཐུན་སྒྲིལ་དམ་ཟབ་བྱས་ནས་བྱུང་བའི་འབད་འཐབ་ནི་ཆེས་ནུས་ལྡན་གྱི་འབད་འཐབ་ཅིག་ཡིན་པར་བརྟེན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་མཛད་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་བྱས་ནས། 2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་ཚད་དང་འབྱུང་འགྱུར་ལོ་5ཡི་དམིགས་ཚད་དང་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། རྒྱང་ལམ་གསར་པའི་ཐོག་འབད་འཐབ་ཀྱི་དམིགས་ཚད་གསར་པར་ཕྱོགས་ནས་རླུང་རླབས་ཆེ་བ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ནན་པོ་ཐེག་པའི་གྲ་སྒྲིག་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ང་ཚོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་ཟ་ཟིར་བྱེད་མི་རུང་ལ་གཡོ་འགུལ་ཡང་གཏོང་མི་རུང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་དར་འོག་མཐུན་སྒྲིལ་བྱས་ཏེ“སྲ་ཞིང་བརྟན་པའི་ངར་ལྕགས”ལྟ་བུར་འགྱུར་བར་བྱས་ཏེ་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་བྱས་ཚེ་གཞི་ནས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་སྟོབས་ཤུགས་རླབས་པོ་ཆེ་གཅིག་འགྲིལ་ཐུབ་པའི་ངོས་འཛིན་བྱེད་དགོས། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། དེ་བས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་དང་། དེ་བས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་སྲུང་སྐྱོང་བཅས་བྱས་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཡང་དག་ཁ་ཕྱོགས་འགན་ལེན་དང་། ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ལྡན་པའི་འགན་ལེན་ཏན་ཏིག་བྱས་ཏེ་གཞུང་འཁྱོངས་གསར་འབྱེད་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བའི་ཐད་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱེད་དགོས།
  མཐུན་སྒྲིལ་ནི་ལྕགས་དང་། མཐུན་སྒྲིལ་ནི་ངར་ལྕགས། མཐུན་སྒྲིལ་ནི་སྟོབས་ཤུགས་བཅས་ཡིན། མཐུན་སྒྲིལ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་འགྲོ་ལམ་ཐོག་གི་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ནི་གོམ་སྟབས་གཉིས་སུ་ཕྱེ་ཡོད་པ་སྟེ། 2020ལོ་ནས་2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་རྒྱུ་དེ་རེད། དེ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་དང་ཀྲུང་ཧྭའི་ཤེས་དཔལ་གྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་པའི་དུས་རབས་རླབས་པོ་ཆེ་ཞིག་རེད། ཀྲུང་གོའི་མི་དམངས་ཀྱི་སྤྱི་དམངས་ཡོངས་དང་ཀྲུང་ཧྭ་མི་རིགས་ཡོངས་ཀྱིས་དུས་རབས་རླབས་པོ་ཆེ་འདི་འདྲ་ཞིག་ཏུ་གནས་པར་སྤོབས་སེམས་སྐྱེ་འོས་པ་ཞིག་རེད། རྒྱང་ལམ་རླབས་པོ་ཆེ་གསར་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། དྲག་ཆར་རླུང་འཚུབ་ལ་མི་འཛེམས་པར་མདུན་སྐྱོད་བཅས་བྱས་ཚེ་ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་བརྗིད་ཆེའི་ལེའུ་བརྩམས་ནས་མིའི་རིགས་ཀྱི་དུས་ཚོད་དང་ལོ་རྒྱུས་རླབས་པོ་ཆེའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རླབས་པོ་ཆེ་གཏོད་ཐུབ་ངེས་རེད།
  རྩོམ་སྒྲིག་པ། བདེ་སྒྲོན།