ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ཐད། “ཏང་འཛུགས་སྐྱོང+ཡ་རབས་ཁྱིམ་ཚང”དང་། “ཏང་འཛུགས་སྐྱོང+མི་སྡོད་ཁོར་ཡུག་བཅོས་སྒྲིག” “ཏང་འཛུགས་སྐྱོང+མཐའ་མཚམས་ཏང་རྩ་འཛུགས”སོགས་ཀྱི་ཁྱད་ལྡན་སྤུས་རྟགས་ཁག་ཅིག་བཏོད་དེ། ཏང་འཛུགས་སྐྱོང་ལས་དོན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་པ་རེད།
“ཏང་གི་བཀའ་དྲིན་ཡིད་ལ་བརྟན་པོར་བཅངས་བ”
སྣ་དཀར་རྩེ་རྫོང་གྲོང་དུ་བསྐྱོད་ཚེ། ཁྲོམ་གཞུང་གི་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པ་ཆུང་ཆུང་ཞིག་སྟེང་གི“ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས”ཞེས་པའི་ཡིག་འབྲུ་དགུ་པོ་མིག་ལམ་དུ་གསལ་པོར་མངོན་ཞིང་། ཐོག་བརྩེགས་གཉིས་ལྡན་གྱི་ཁང་པ་ཆུང་ཆུང་དེ་ནི་སྣ་དཀར་རྩེ་སྡེ་ཁུལ་གྱི་ཡུལ་མི་དོན་གྲུབ་ཀྱི་ཁྱིམ་རེད།
དོན་གྲུབ་ཀྱི་ཁྱིམ་དུ་འཛུལ་ཚེ། མགྲོན་ཁང་གི་སྒོ་ཐོད་དུ་སྦྱར་བའི“ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོ”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་དག་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་དང་། མགྲོན་ཁང་གི་གྱང་ལྡེབས་སུ་གཙོ་འཛིན་གྱི་སྐུ་པར་དང་། ལེ་ཧྥུང་དང་། ཏུང་ཚུང་རུའེ། ཧོང་ཅི་ཀོང་སོགས་གསར་བརྗེའི་དཔའ་པོའི་སྐུ་པར་བཀལ་ཡོད་པ་ལས་ཁྱིམ་ཚང་འདིའི་ཁྱིམ་བདག་གི་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་གྱི་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྣ་དཀར་རྩེ་རྫོང་གིས་ཡ་རབས་ཁྱིམ་ཚང་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་སྤེལ་བར་རྒན་བཀུར་གཞོན་གཅེས་དང་། བཟའ་ཚང་འཆམ་མཐུན། ཧུར་བསྲི་ཁྱིམ་སྐྱོང་། ཁྱིམ་མཚེས་མཐུན་སྒྲིལ་བཅས་ཀྱི་ཡ་རབས་ཁྱིམ་ཚང་ཁག་ཅིག་ཐོན་པ་དང་། དོན་གྲུབ་ཀྱི་ཁྱིམ་ནི་དེ་དག་གི་གྲས་ཤིག་ཡིན་པ་རེད།
“ང་ཚོའི་སྡེ་ཁུལ་གྱི་མི་ཚང་མས་དོན་གྲུབ་ཁྱིམ་གྱི་གཏམ་རྒྱུད་ཧ་གོ་གི་རེད། ཁོང་ཚོ་ནི་ང་ཚོའི་སློབ་སྦྱོང་གི་མིག་དཔེ་ལྟ་བུ་ཡིན”ཞེས་ཡུལ་མི་ཉི་སྒྲོན་གྱིས་བཤད།
འདི་ལོ་ལོ་51ལ་སླེབས་པའི་དོན་གྲུབ་ནི་ཏང་ནང་ཞུགས་ནས་ལོ་30ཙམ་ཕྱིན་པའི་ཏང་ཡོན་རྒན་གྲས་ཤིག་རེད།
སོ་སོའི་དངུལ་བཏོན་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གནས་སྤོ་བྱེད་རོགས་བྱེད་པ་དང་། ནམ་རྒྱུན་སུའི་ནང་ལ་རོགས་པ་དགོས་ཚེ་ལམ་སེང་རོགས་པ་བྱེད་པ། རིམས་ནད་ཐོན་རིང་རང་འགུལ་ངང་སྡེ་ཁུལ་གྱི་དང་བླངས་པ་བྱས་པ་ལ་སོགས།
2020ལོར། དོན་གྲུབ་ཀྱི་ཁྱིམ་ཚང“རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང”ལ་བདམས་པས་ཁོང་ཐེངས་དང་པོར་གནམ་གྲུར་བསྡད་དེ་པེ་ཅིང་དུ་བྱ་དགའ་ལེན་པར་ཕྱིན་པ་དང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བ་མ་ཟད་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྷན་དུ་དྲན་རྟེན་པར་ཡང་བརྒྱབ་པ་ཡིན། དངོས་གནས་སེམས་འགུལ་ཐེབས་བྱུང”ཞེས་དོན་གྲུབ་ཀྱིས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱས་པ་རེད།
དོན་གྲུབ་ཀྱིས་གསར་འགོད་པར“ངའི་ནང་གི་ཁང་པའི་གྱང་སྟེང་གི‘ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས’ཞེས་པའི་ཡིག་འབྲུ་དེ་དག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་མཚོན་འདོད་པ་མ་ཟད། དེ་བརྒྱུད་ཁྱིམ་མཚེས་དང་ཡུལ་མི་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་འདོད་པ་ཡིན”ཞེས་བཤད།
གྲོང་གསེབ་ཀྱི་ཡིད་དུ་འོང་བའི་མཛེས་ལྗོངས།
ཉེ་བའི་ལོ་ཤས་རིང་། སྟག་ལུང་གྲོང་རྡལ་གྱིས“ཏང་འཛུགས་སྐྱོང+སྐྱེ་ཁམས་ཁོར་ཡུག”གི་བྱེད་སྟངས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། “གྲོང་རྡལ་ཏང་ཨུད+གྲོང་ཚོའི་ཏང་ཀྲི་པུའུ+གྲོང་མིའི”འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་རྣམ་པ་ཆགས་པར་བྱེད་པ། གཞུང་ལམ་རྒྱུད་ཀྱི་མཚེའུ་དང་། ཆུ་བོ། ཆུ་ཡུར། ཆུ་རྫིང་བཅས་ཀྱི་ཁོར་ཡུག་གཙང་སྦྲ་ཆེ་མོའི་བྱ་སྤྱོད་སྤེལ་བ་བཅས་བྱས་པས། “གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་པ་དང་། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་བྱེད་པའི”ཕུགས་ཕན་གྱི་བཅོས་སྐྱོང་མ་ལག་ཅིག་རིམ་བཞིན་ཆགས་ཡོད་པ་རེད།
ཆུ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་བཀྲ་ཤིས་ཀྱིས“ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་སོང་པ་དང་བསྟུན་ནས། མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་ཀྱང་ག་ལེར་ཟབ་ཏུ་ཕྱིན་ནས་གོམས་གཤིས་ཤིག་ཏུ་གྱུར་འདུག”ཅེས་བཤད།
སྟག་ལུང་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ནང་། “མིང་ཐོ་དམར་པོ”དང་། “མིང་ཐོ་སྐྱ་བོ”“མིང་ཐོ་ནག་པོ”བཅས་གསུམ་ནི་གྲོང་ཚོ་ཁག་གི“འགྲན་བསྡུར”གཡུལ་ས་ལྟ་བུ་ཡིན་ལ། གྲོང་རྡལ་གྱིས“མིང་ཐོ་དམར་པོར”བྱ་དགའ་སྟེར་བ་དང་། “མིང་ཐོ་སྐྱ་བོར”ཡར་སྐུལ་བྱེད་པ། “མིང་ཐོ་ནག་པོར”ཆད་པ་གཅོད་པའི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་ཞིག་ཀྱང་རེད། ཚེ་རིང་བཀྲ་ཤིས་ཀྱིས“ཟླ་བ་ཁ་ཤས་རིང་། ང་ཚོ་ཆུ་ལུང་གྲོང་ཚོ‘མིང་ཐོ་དམར་པོ’ནས་ཟགས་མྱོང་མེད”ཅེས་སྤོབས་པ་ཆེན་པོས་བཤད།
ཁ་བ་བུ་ཡུག་འཚུབ་པའི་མཐའ་མཚམས་འགག་སྒོ་ནས་ལྷག་བསམ་མཚོན་པར་བྱས་པ།
ཕུ་མ་བྱང་ཐང་ཤང་ནི་མཐའ་མཚམས་ས་ཐིག་སྤྱི་ལེ་25དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཟིན་པའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད།
ཕུ་མ་བྱང་ཐང་ཤང་ལ་སྲིད་འཛིན་གྲོང་ཚོ་6དང་འབྲོག་ལས་ཐོན་སྐྱེད་ཚོགས་ཆུང་35ཡོད་པར་དུད་ཚང་283དང་མི་1045ཡོད་པའི་ནང་ཏང་ཡོན་239ཡོད། ཉེ་བའི་ལོ་ཤས་རིང་། ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག“མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་ཁྱམས་རིང”འཛུགས་སྐྲུན་གཞི་རྟེན་དུ་བྱས་ནས། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཞབས་ཞུ་རྣམ་པའི་ཏང་ཚོགས་ཆུང་9བཙུགས་ཏེ། མཐའ་མཚམས་ཀྱི་ཕྱུགས་འཚོ་སའི་ཏང་ཡོན་ཞབས་ཞུ་ཁུལ་ཆགས་ཡོད། དེ་དང་ཆབས་ཅིག “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་སྟེ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཕྱུགས་འཚོ་མཐའ་སྲུང་བྱེད་པ་དང་ཆབས་ཅིག མཉམ་འབྲེལ་མཐའ་སྐོར་བྱེད་པ་དང་། དེ་དང་དུས་མཚུངས་ཡུལ་སྐོར་བར་རོགས་སྐྱོབ་དང་། སྐྱས་སྤོ་རོགས། དབུལ་པོ་དང་དཀའ་ངལ་ཅན་ལ་རོགས་སྐྱོར་སོགས་ཀྱང་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་གྱི་དུས་རབས་གསར་པའི་འགན་འཁུར་གསར་པ་དང་བྱེད་ལས་གསར་པ་མངོན་པར་བྱས་པ་རེད།
ཕུ་མ་བྱང་ཐང་ཤང་གི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན། མཐོ་ཞིང་གྲང་ལ་གསོ་རླུང་ཤིན་ཏུ་དཀོན། མཁའ་རླུང་ནང་དུ་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ཡང་མི་ཟིན། ས་བབ་མཐོ་ཚད་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ལས་ཀྱང་ཧ་ལམ་སྨི་200ཡིས་མཐོ་བ་ཡོད། ཡིན་ན་ཡང་ཏང་ཡོན་ཚོ་གདོང་དུ་མཆོངས་ནས་ཁུ་སིམ་མེར་ལེགས་སྐྱེས་ཕུལ་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།