ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

སྤེལ་དུས 2023-01-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  སྔར་ནས་ད་བར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ་མེས་རྒྱལ་མཐའ་མཚམས་ཀྱི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་ཡོད།
  རིང་ཚད་སྤྱི་ལེ་4000ལྷག་ཙམ་ཡོད་པའི་མཐའ་མཚམས་ཀྱི་རྒྱུད་དུ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་བཞིན་ཡོད་པ་དང་། ད་ཆ་བོད་དུ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་ཐོག་རླངས་འཁོར་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ། ཡན་ལག་ལམ་ཐིག་གི་གནམ་ཐང་3སྐྲུན་པར་མགྱོགས་སུ་སྐུལ་འདེད་བཏང་བ། མཐའ་མཚམས་རྫོང་གྲོང་ཚང་མར་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་འཚོ་བའི་གད་སྙིགས་སྦས་ས་བཙུགས་པ། མཐའ་མཚམས་རྫོང་21ལ་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱེད་འགོ་ཚུགས་པ་བཅས་ལས་ལྗོངས་ཡོངས་ཀྱི་མཐའ་མཚམས་འཕེལ་རྒྱས་དང་བརྟན་ལྷིང་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད།
  མཐའ་དར་དམངས་ཕྱུག་བྱུང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཧ་ཅང་ལེགས་སུ་ཕྱིན་པ།
  བོད་ལྗོངས་ཀྱིས་མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་ཡོད།
  ལོ་ལྔའི་གོང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་དུད་ཚང་9དང་མི་གྲངས་32ལས་མེད་པས་རྒྱལ་ཡོངས་ཀྱི་མི་འབོར་ཉུང་ཤོས་ཀྱི་ཤང་ཞིག་ཡིན་པ་རེད། ད་ཆ་འདི་གར་དུད་ཚང་67དང་མི་གྲངས་240ཡོད། 2021ལོར་ཡུལ་སྨད་ཤང་གི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་910ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་38848.4ཟིན་པ་དེ་རང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པས། མིང་དོན་མཚུངས་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་ཞིག་ཏུ་གྱུར་ཡོད།
  ཡུལ་སྨད་ཤང་གི་འགྱུར་ལྡོག་ཆེན་པོའི་སྐོར་གླེང་སྐབས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དུ་ལོ་བརྒྱད་ལས་ཀ་བྱས་པའི་མི་དམངས་ཉེན་རྟོག་པ་རྒན་གྲས་ཝུའུ་ཤན་ཅན་ལ་མྱོང་ཚོར་ཟབ་ཅིང་། ཁོང་གིས“དེ་སྔའི་ཡུལ་སྨད་དེ‘ཁེར་ཆགས་གླིང་ཕྲན’ཞིག་དང་འདྲ་བར་དགུན་ཁ་གངས་ཀྱིས་ལ་འགག་རྗེས་ཕྱིར་ནད་ལྟ་བར་འགྲོ་ཧ་ཅང་ཁག་པོ་ཡོད”ཅེས་བཤད།
  ད་ཆ་དེ་གར་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། དགུན་དུས་གཞུང་ལམ་ཤར་གཏོང་འགན་ལེན་གྱི་ལས་གྲྭའི་རླངས་འཁོར་ཡོད་པས་གངས་ཆེན་པོ་བབས་ཀྱང‘ཁེར་ཆགས་གླིང་ཕྲན’དུ་འགྱུར་བའི་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད།
  ཡུལ་སྨད་ནི་རང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་བསྡུས་རིས་ཤིག་རེད།
  དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱིས་མཐའ་བརྟན་གྱི་དགོས་མཁོ་དང་མཐའ་མཚམས་མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་ཐག་གཅོད་བྱེད་རྒྱུ་དེ་འཇུག་གཞི་དང་འགག་གནད་སྒྲོལ་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཡུལ་མིའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་ཁྲི་1.26བར་མཐོ་རུ་བཏང་ཡོད། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་གཞིས་ཆགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ“ཏང་གི་འོད་སྟོང་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་དོད་པའི་ལེའུ་ཞིག་བརྩམས་ཡོད།
  མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་ལས་མང་ཚོགས་ཀྱི་ས་སྲུང་མཐའ་བརྟན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ།
  གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་ནི་མཐའ་མཚམས་ཤང་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5370ཟིན་ནས་རང་བྱུང་ཁོར་ཡུག་ཧ་ཅང་ཞན། མགོ་བོ་བཏེགས་ནས་མུ་མཐའ་མེད་པའི་རྒྱང་རིང་གི་རི་ཀླུང་ལ་ལྟ་སྐབས། མངོན་གསལ་དོད་པའི“དར་ཆ་དམར་པོ”ཞིག་གིས་རི་བོ་བརྒལ་བཞིན་འདུག
  དེ་ནི་འཕྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གི་སྦག་སྦག་སྐོར་གཡེང་རུ་ཁག་ཡིན་པ་དང་། སྦག་སྦག་རེ་རེའི་ཐོག་སྐར་ལྔའི་དར་དམར་རེ་བཙུགས་ནས་ལ་རླུང་བརྒལ་ཏེ་སྐོར་གཡེང་བྱེད་བཞིན་འདུག དྲག་ཆར་རླུང་འཚུབ་ཡིན་ནའང་འདྲ། ཡང་ན་ཁ་བ་བུ་ཡུག་ཡིན་ནའང་འདྲ། སྦག་སྦག་རུ་ཁག་གིས་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་མཐའ་མཚམས་སུ་སྐོར་གཡེང་བྱས་ནས་ཁྱིམ་གཞིས་ཀྱི་དུས་བདེ་སྲུང་སྐྱོང་བྱེད་ཀྱི་ཡོད།
  “དཀའ་ལས་ཁག་གི་མི་འདུག ང་ཚོ་ཚང་མ་གོམས་འདུག དེ་སྔ་རྟ་བཞོན་དུས་དུས་ཚོད་རིང་པོ་འགོར་གྱི་ཡོད། ད་ལྟ་སྦག་སྦག་བཞོན་ནས་འགྲོ་དུས་མགྱོགས་པོ་ཚར་གྱི་འདུག”ཅེས་འཕྲང་སྒོ་ཤང་གི་གཞི་རིམ་ཏང་ཡོན་སྲི་ཆོད་ཀྱིས་བཤད། ལོ་བཅུ་ལྷག་ཙམ་རིང་སྲི་ཆོད་ཀྱིས་སྦག་སྦག་བཞོན་ནས་སྐོར་གཡེང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གོམས་གཤིས་དང་ལས་འགན་ཞིག་ཏུ་བརྩི་བ་དང་།མཐའ་མཚམས་ལ་སྐོར་གཡེང་དང་སྲུང་སྐྱོང་བྱ་རྒྱུ་དེ་ཁོང་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།
  སྲི་ཆོད་རུ་མི་གཞན་དག་དང་འདྲ་བར་ལས་བྲེལ་ཆེ་བའི་སྐབས་ཁྱིམ་དུ་ལོག་རྒྱུ་བརྗེད་ཀྱི་ཡོད་མོད། འོན་ཀྱང“རྒྱལ་ཁབ་མེད་ན། ཁྱིམ་ཚང་ག་ལ་ཡོད་སྲིད”ཅེས་པའི་ནང་མིའི་སྐད་ཆ་དེ་ཐོས་སྐབས། ཁོང་ཚོའི་མཐའ་མཚམས་སྲུང་བའི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་འགྲོ་གི་ཡོད།
  “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད”ཅེས་པའི་སྐད་ཆ་འདི་ཡུལ་སྨད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་རྒྱུན་དུ་ཤོད་ཀྱི་ཡོད།
  ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཆབ་སྲིད་སློབ་སྟོན་པ་ཝང་ཝུའེ་ཡིས་ཟླ་རེར“རང་རེའི་ཀྲུང་ཧྭ་ལ་དགའ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད”དང“ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་”སོགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་གྱི་ཡོད།
  “སངས་རྒྱས་ཆོས་པ་ནང་མིའི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་ཀྱིས་ང་ལ་སྔ་ཕྱི་བར་གསུམ་དུ་སྐུལ་ལྕག་ཐེབས་ཀྱི་འདུག ཡུལ་སྨད་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་དེ་བས་འབད་བརྩོན་ལྷོད་མེད་བྱས་ཏེ་མང་ཚོགས་སྐུལ་ཁྲིད་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་ཡུལ་སྨད་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན”ཞེས་ཝང་ཝུའེ་ཡིས་བཤད།
  ཡུལ་སྨད་ཤང་ཙམ་མ་ཟད། སྒར་རྫོང་བཀྲ་ཤིས་སྒང་ཤང་དང་། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ། སྨན་གླིང་རྫོང་གཏམ་སྙན་ཤང་སོགས་མཐའ་མཚམས་ཀྱི་འཐབ་ས་དང་པོར་མི་ཚང་མ་ནི་སོ་དམག་དང་། དུད་ཚང་ཚང་མ་ནི་སོ་ལྟ་ཁང་། གྲོང་ཚོ་ཚང་མ་ནི་བཙན་རྫོང་། ཐོན་སྐྱེད་ནི་སྡོད་བྱ། ཕྱུགས་འཚོ་བ་ནི་སྐོར་གཡེང་བཅས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། མཐའ་མཚམས་མང་ཚོགས་ཀྱིས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་རྣམ་པའི་ཐོག་ནས་རྒྱལ་གཅེས་ཀྱི་བསམ་པ་མཚོན་པར་བྱེད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་མེས་རྒྱལ་མཐའ་མཚམས་ཀྱི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱེད་ཀྱི་ཡོད།
  སེམས་ནུས་གཅིག་སྒྲིལ་གྱིས་མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བ།
  ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཆུ་མཁོ་སྤྲོད་ཐད་མཐའ་མཚམས་རྫོང་གྲོང་21ལ་སྤྱི་པའི་ཆུ་མཁོ་སྤྲོད་ཁྱབ་ཚད་84.5%ཟིན་པ་དང་མཐའ་མཚམས་རྫོང་གྲོང་17ལ་བཙོག་ཆུ་གཙང་གསིང་སྒྲིག་ཆས་བསྒར་ནས་བཙོག་ཆུ་གཙང་གསིང་བྱེད་ཚད་80%ཡན་ཟིན་པ་དང་། འཕྲིན་གཏོང་ཐད་སྒྲིག་ཚུད་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་99%ཡན་ཟིན་པ། འགྲོ་ལམ་ཐད་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་མཁོ་འདོན་ཐད་གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་བཅས་བྱས་ཡོད།
  རྨང་གཞིའི་སྒྲིག་བཀོད་ཀྱི་མཁྲེགས་ཆས་ཆུ་ཚད་མཐོ་རུ་ཕྱིན་པ་དེས་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་གནས་ཀྱི་སྒུལ་ཤུགས་བསྣན་པ་དང་། མཐའ་མཚམས་ས་ཁུལ་ཁག་གིས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།
  མཐའ་མཚམས་མི་སེར་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་གྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་འོག་བོད་ཀྱི་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་མཐའ་མཚམས་ས་ཁུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མི་སེར་གྱི་འཚོ་བ་ཚ་སོབ་སོབ་ཡིན་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་དར་མཐའ་བརྟན་དང་མཐའ་སྲུང་གི་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་ལ་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།