“དྲ་ཐོག་མིང་ཅན”མཛེས་ལྗོངས་ཀྱི་སྙན་གྲགས་རྒྱུན་གནས་ཐུབ་པར་བྱེད་དགོས།
སྤེལ་དུས 2023-08-09
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། དབྱང་དབྱང་།
ཉེ་བའི་ལོ་ཤས་རིང་། བརྙན་ཐུང་ལས་སྟེགས་སོགས་སྨྱན་སྦྱོར་བརྒྱུད་ཁྱབ་སྤེལ་བཏང་བས། བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་གསར་པ་མི་ཉུང་བ་ཞིག“དྲ་ཐོག་མིང་ཅན”མཛེས་ལྗོངས་ཁུལ་དུ་གྱུར་ཏེ། མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱུང་ནས་ཡུལ་སྐོར་བ་མང་པོའི་བློ་ཡིད་བཀུག ཆ་རྒྱུས་གང་ཡང་མེད་པ་ནས་སྐད་གྲགས་ཆོད་པའི་བར་དང་། དྲ་ཐོག་ཏུ་དོ་ཁུར་ཆེན་པོ་བྱེད་པ་དང་སྦྲགས་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཡོད་མོད། འོན་ཀྱང་དོན་དངོས་ཀྱི་རྣམ་པ་དང་དྲ་རྒྱའི་ཐོག་བསྐུར་བའི་པར་རིས་དང་བརྙན་ཐུང་དབར་ཧེ་བག་ཆེན་པོ་ཡོད་པ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་ཞབས་ཞུ་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཡང་ཐོན་གྱི་ཡོད། “དྲ་ཐོག་མིང་ཅན”གྱི་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ་ཧོབ་སྟེ་མི་ཚོགས་ཀྱིས་ཁེངས་པ་ནས་ལམ་སེང་སྟོང་སང་སང་དུ་འགྱུར་བའི་སྣང་ཚུལ་ཐོན་གྱི་ཡོད།
ས་གནས་ཀྱི་ངོས་ནས་བརྗོད་ན། ནུས་ཤུགས་ཡོད་རྒུས“དྲ་ཐོག་མིང་ཅན”གྱི་མཛེས་ལྗོངས་ཁུལ་གཏོད་པ་དང་འབྲེལ་བྲིན་ཚོང་ཁྱབ་གདལ་གཏོང་བ་དེ་ནི་སྐད་གྲགས་ཆོད་པར་བྱེད་པ་དང་། ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་པ། གཉེར་སྐྱོང་ཡོང་འབབ་འཕར་བར་སྐུལ་ཁྲིད་བཅས་ཀྱི་ཐབས་ལམ་ནུས་ལྡན་ཞིག་རེད། འོན་ཀྱང་ཁྱད་ཆོས་དང་། བཀྲག་མདངས་འཚེར་ས། རིག་གནས་ཀྱི་ནང་དོན་བཅས་མི་འདང་བ་དང་། དྲིལ་བསྒྲགས་འོས་སྦྱོར་བྱས་པ་བཞིན་དོ་དམ་ཞབས་ཞུའི་མཛེས་ལྗོངས་མེད་ན་དོ་ཁུར་རྒྱུན་རིང་བྱེད་མི་སྲིད་པ་ང་ཚོས་ངེས་པར་དུ་གསལ་པོར་ཤེས་དགོས། ལྷག་པར་དུ་ས་ཆ་ཁ་ཤས་སུ་རྨོངས་ཚོད་ཀྱིས“དྲ་ཐོག་མིང་ཅན”གྱི་རྗེས་སུ་འབྲངས་ནས་མཛེས་ལྗོངས་ཀྱི་པར་རིས་དག་འབྲེལ་ཡོད་མཉེན་ཆས་དང་སྒྲིག་ཆས་ཀྱིས་མཛེས་བཟོ་གང་ཐུབ་བྱེད་ཀྱི་ཡོད། དྲ་ཐོག་གི་འདྲ་པར་དང་མཛེས་ལྗོངས་དངོས་དབར་གནམ་ས་འཛོལ་བའི་ཁྱད་པར་ཡོད་པ་ཤེས་འཕྲལ་རེ་བ་སྟོང་ཟད་དུ་གྱུར་འགྲོ། དེ་ནི་ཕུགས་ཕན་གྱི་བྱེད་ཐབས་ཤིག་གཏན་ནས་མིན། གནས་སྐབས་སྐད་གྲགས་ཆོད་རུང་འཛད་སྤྱོད་པའི་ཡིད་ཆེས་དང་གདེང་འཇོག་མེད་ཚེ་མཐའ་མཇུག་ཏུ་མཛེས་ལྗོངས་ཁུལ་ཙམ་མ་ཟད། ཐ་ན་ས་ཁུལ་ཞིག་གི་ཡུན་རིང་ཁེ་ཕན་ལ་གནོད་འཚེ་ཕོག་སྲིད།
“དྲ་ཐོག་མིང་ཅན”མཛེས་ལྗོངས་ཁུལ་གྱི་སྙན་གྲགས་རྒྱུན་འཁྱོངས་དགོས་ན་དྲ་ཐོག་ཙམ་མིན་པར་དྲ་ཕྱིར་ཡང་ཤུགས་རྒྱག་དགོས། ངེས་པར་དུ་ཕུགས་ལ་དམིགས་པ་དང་ནང་ཁུལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ཡུལ་སྐོར་ཞབས་ཞུ་དང་། ལེ་ལག་ཚང་བའི་སྒྲིག་བཀོད། རིག་གནས་ཡུལ་སྐོར་གྱི་ནང་དོན། ཐོན་རྫས་གསར་གཏོད། སྤུས་ཚད་འགན་ལེན་སོགས་ལ་བསམ་བློ་གཏོང་བ་དང་། ཡུལ་སྐོར་བའི་རང་གཤིས་ཅན་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ། ས་གནས་དེ་གའི་དངོས་པོ་དང་མངོན་མིན་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ། “གཞན་ལ་མེད་པ་རང་ལ་ཡོད་པ”དང“ངའི་དེ་གཞན་ལས་ལྷག་པའི”རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཧུར་ཐག་གཏོད་དགོས། ཡུལ་སྐོར་ཐོན་ལས་དར་འགོར་བ་དང་རྨང་གཞིའི་སྒྲིག་བཀོད་ཅུང་ཞན་པའི“དྲ་ཐོག་མིང་ཅན”མཛེས་ལྗོངས་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་དེ་བས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ། ཡུལ་སྐོར་བས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཡུལ་སྐོར་བས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བཅས་བྱས་ནས། མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་བ། གླེང་ཕྱོགས་བཅས་ཕྱོགས་གསུམ་གཞི་གཅིག་གི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱས་ཏེ། མིང་དོན་མཚུངས་པའི་མཛེས་ལྗོངས་ཁུལ་སྐྲུན་དགོས།
མཐར་གཏུགས་ནས་བཤད་ན། ཡུལ་སྐོར་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ནི་སྔར་མུས་བཞིན་སྤུས་ཚད་ལ་བརྟེན་དགོས། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་གང་རུང་གི་དར་རྒུད་ནི་གང་དེའི་ཁྱད་ཆོས་དང་། ནང་དོན་གཙོ་བོ། ཞབས་ཞུ་བཅས་ལ་བརྟེན་ནས་འཛད་སྤྱོད་པའི་ཁས་ལེན་ཐོབ་མིན་ལ་ལྟ་དགོས། “དྲ་ཐོག་མིང་ཅན”མཛེས་ལྗོངས་ཁུལ་གྱིས་སྙན་གྲགས་རྒྱུན་གནས་དགོས་ན། མིག་མདུན་གྱི་སྙན་གྲགས་ཁོ་ནར་བསམ་ནས་མ་བསྡད་པར་ཏན་ཏན་ཏིག་ཏིག་གིས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བར་དཀའ་སྤྱད་འབད་བརྩོན་དང་ཀུན་གྱི་བསྔགས་བརྗོད་ལ་བརྟེན་ནས་དོ་ཁུར་ཐོབ་པར་བྱེད་པ་དང་སྤུས་ཚད་ལ་བརྟེན་ནས་འབྱུང་འགྱུར་རང་ཉིད་ལ་དབང་བ་བྱེད་དགོས།
རྩོམ་སྒྲིག་པ། ལྷ་འབྲུག