ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རང་འགན་ཐེག་པ་འཁུར་ལེན་མངོན་པར་བྱས་ཏེ་དམ་པ་དོན་གཉེར་བྱེད་དགོས།

--དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལོ་ཧྲིལ་པོའི་ལས་དོན་གྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་སྐོར་གླེང་བ།

སྤེལ་དུས 2023-09-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
          ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བྱས་པའི་བཀོད་སྒྲིག་གིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དུང་བརྡ་གྲགས་ཡོད། གོམ་སྟབས་རྗེས་མར་ངེས་པར་དུ་བློ་གཅིག་སེམས་གཅིག་དང་ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་འགན་འཁྲི་ལྕི་པོ་འཁུར་བ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་སྤུས་འབོར་གཉིས་ལྡན་ངང་ལོ་ཧྲིལ་པོའི་ལས་དོན་ལས་འགན་ལེགས་སྒྲུབ་བྱས་ནས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
          “ལས་བྱེད་པ་ནི་ལས་ཀ་བྱེད་མཁན་ཞིག་ཡིན་པས། ལས་ཀ་ཨང་དང་པོར་འཇོག་དགོས” བོད་ལྗོངས་ལ་ཐོབ་པའི“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི། ཏང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འགོ་ཁྲིད་གནང་སྟེ་དམ་པ་དོན་གཉེར་དང་འགན་འཁུར་འབད་འཐབ་བྱས་པ་ལས་ཐོབ་པ་ཞིག་རེད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འགན་སེམས་དེ་བས་ཆེ་བ་དང་། ལས་དོན་དེ་བས་སྒྲུབ་མཁས་པ། འགན་འཁྲི་དེ་བས་འཁུར་ཕོད་པ། དམངས་སེམས་དང་དེ་བས་མཐུན་པ། ལེགས་སྐྱེས་དེ་བས་འབུལ་མཁས་པ་བཅས་བྱས་ནས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ནི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐེངས་གཅིག་བྱེད་པ་ཞིག་ཡིན། ང་ཚོས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་དམིགས་ཚད་དང་དངོས་ཡོད་དམིགས་ཚད་ཟུང་འབྲེལ་དང་། ཕུགས་བསམ་དང་བྱ་སྤྱོད་དངོས་ཟུང་འབྲེལ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དངོས་འཛིན་དངོས་སྒྲུབ་དང་། སྙིང་རུས་གཏན་འཁྱོངས། གོམ་སྟབས་བརྟན་པོས་མདུན་སྐྱོད་བཅས་བྱས་ནས་ལས་ཀའི་ཕན་འབྲས་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ནས་མངོན་པར་བྱེད་དགོས།
          དངོས་སྒྲུབ་ཡོང་བར་འགན་འཁྲི་འཁུར་དགོས། ལས་དོན་སྒྲུབ་པ་དང་ལས་སྒྲུབ་ཀྱི་འགན་འཁུར་རྒྱུ་ནི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་ཡིན་ལ་རིན་ཐང་མངོན་སའང་ཡིན། འགན་འཁྲི་ཇི་ཙམ་ཆེ་བ་འཁུར་ཐུབ་ན། བྱ་གཞག་ཆེན་པོ་དེ་བས་མང་པོ་སྒྲུབ་ཐུབ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། འགན་འཁྲི་འཁུར་མཁས་པ། འགན་འཁྲི་སྒྲུབ་ཐུབ་པ་བཅས་བྱས་ཏེ་དཀའ་ངལ་གྱི་མདུན་དུ་མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་བྱེད་དགོས་ལ། ཉེན་ཁའི་མདུན་དུ་སྒྲུབ་ཕོད་པ་དང་འགན་འཁྲི་འཁུར་ཕོད་པའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཏེ་ག་དུས་ཡིན་རུང“དུས་རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་སེམས་པའི”ཐོག་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ཏེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས།
          དངོས་སྒྲུབ་བྱེད་པར་དམ་པ་དོན་གཉེར་བྱེད་དགོས། འདི་ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་རེད་ལ། ཏང་ཡོན་ལས་བྱེད་པའི་འགོ་ཁྲིད་ཀྱིས་སྒྲུབ་དགོས་པའི་རྩ་བའི་བླང་བྱ་ཡང་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་སྟོང་གཏམ་ཉུང་ཙམ་ཤོད་པ་དང་། དོན་དངོས་མང་ཙམ་སྒྲུབ་པ། འགན་འཁྲི་ཁག་བགོས་ལ་གཞིགས་པ། སྒུག་བརྟེན་མི་བྱེད་པ། “འཕྲལ་མར་སྒྲུབ་པ་དང་ཡག་པོ་སྒྲུབ་པའི”ལས་ཀའི་གོམས་གཤིས་འཇགས་པར་བྱེད་པ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། ཚད་གཞི་མཐོ་ལ་ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བསྐྱར་ལོག་བྱ་རྒྱུ་སྔོན་འགོག་བྱེད་པ་དང་། ཕྱི་ཚུལ་ཙམ་གྱི་ཚ་ཚ་འུར་འུར་དང་། རྣམ་པ་ཙམ་གྱི་འཁྲུག་ཆ་དོད་པོ། ནང་དོན་ཐད་ཀྱི་ཚིག་སྐམ་ཆོ་མེད་བཅས་ཀྱི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
          དངོས་སྒྲུབ་བྱེད་པར་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། “གནད་འགག་ཆེ་སར་སྤྱོད་པ་དང་། འགག་གནད་ལ་དམ་འཛིན་བྱེད་དགོས” ད་ལོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ལས་འགན་རྙོག་འཛིང་ཆེ་ལ། ལས་དོན་དཀའ་རྫོབ་ཆེ་བ་ཞིག་ཡོད། དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཆོད་སེམས་ཡོད་དགོས་པ་མ་ཟད། ད་དུང་བྱེད་ཐབས་ལ་སྣང་ཆེན་དང་གཙོ་ཕལ་དབྱེ་འབྱེད་དང་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་འགན་འགག་སྒྲོལ་དང་ཚད་བརྒལ་ཐུབ་པར་བྱས་ཏེ་སྤྱི་ཡོངས་ཀྱི་ལས་དོན་ལེགས་སྒྲུབ་ཡོང་བར་སྣེ་ཁྲིད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་པོ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་ནི་གཅིག་གྱུར་དང་སྤྱི་ཡོངས་ཤིག་ཡིན་པས་སྤྱི་འདོམས་སྐུལ་འདེད་དང་ཕྱོགས་ཡོངས་ནས་འཛུགས་གཏོད་བྱེད་དགོས། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་མཁས་པོ་བྱས་ནས་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱེད་དགོས། ལྷག་པར་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ལེགས་ཆའི་ཐོན་ལས་འཕེལ་རྒྱས། ཚོང་འགུགས་མ་འདྲེན། བཅོས་བསྒྱུར་སྒོ་འབྱེད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་རྣམ་གྲངས་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་འདེགས་སྐྱོར། སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
          ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་ཇུས་འགོད་དང་བྱ་གཞག་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམིགས་ཚད་ལས་འགན་དོན་དངོས་སུ་འགྱུར་བ་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།