སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགན་ལེན་ནུས་ལྡན་བྱེད་དགོས།
--དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་སྐོར་གླེང་བ།
སྤེལ་དུས 2023-09-18
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་སྤེལ་སྐྱོན་སྤོང་དང་ཡུལ་བབ་དང་བསྟུན་ནས་བོད་ལྫོངས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་གསུངས་པ་རེད། སྒྲིག་སྲོལ་མཐུན་ན་བྱ་གཞག་དར། ལམ་སྲོལ་འཕེལ་ན་འགྲོ་ལམ་ཡངས། མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པའི་ཕྱོགས་བསྡུས་ཀྱི་རང་བཞིན་དང་བརྒྱུད་རིམ་གྱི་རང་བཞིན་ལྡན་པའི་འདུ་འགོད་ཅིག་ཡིན་པས། ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་ངེས་པར་དུ་ནུས་ཆེ་གོ་ཆོད་ཀྱི་འགན་ལེན་ལམ་སྲོལ་ཆ་ཚང་ཞིག་དགོས། དོན་འཁྱོལ་གྱི་ལམ་སྲོལ་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཚེ་གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་ནུས་པ་གང་ལེགས་འདོན་ཐུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བ། གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་ནས། རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བར་འགན་ལེན་བྱེད་ཐུབ།
འགན་འཁྲི་ཁ་གསལ་བཟོ་རྒྱུ་ནི་ལས་ཀར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། འགན་འཁྲི་རྩད་གཅོད་དང་བདའ་འདེད་གཏོང་རྒྱུ་ནི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་ལེན་ཞིག་ཡིན། དོན་འཁྱོལ་ལ་དམ་འཛིན་བྱེད་པར་འགན་འཁྲིའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཞིབ་ཚགས་སུ་བཏང་སྟེ། དུས་ཚོད་རེའུ་མིག་དང་། ལས་འགན་ཡི་གེ འཆར་འགོད། འགན་འཁུར་བ་བཅས་ཁ་གསལ་བཟོས་ནས་དམིགས་ཚད་ལས་འགན་སྡེ་ཚན་དང་ཞིབ་ཕྲའི་རྣམ་གྲངས་ནང་ཁག་བགོས་དང་། ལས་གནས་ཐོག་དོན་འཁྱོལ། མི་ཐོག་ཏུ་ཚད་གཞི་བཟོ་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ནི་འཆར་འགོད་དོན་འཁྱོལ་བྱེད་མཁན་གྱི་འགོ་ཁྲིད་པ་དང་། ལག་བསྟར་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་ཡིན་པས་འགོ་ཁྲིད་གཙོ་བོས་དམ་འཛིན་བྱས་ནས་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་དགོས་པ་ལས་“གཞན་ལ་བཀོད་པ་གཏོང་རྐྱང་གཏན་ནས་”བྱེད་མི་རུང་བ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་མདུན་དུ་བསྐྱོད་ནས་བཀོད་འདོམས་བྱས་ཏེ་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཞིབ་ཕྲ་བཅས་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་སྟེ་སེམས་ལ་དམིགས་ཚད་ཡོད་པ་དང་མི་ཚང་མའི་ཕྲག་ཏུ་འགན་འཁྲི་ཡོད་པར་བྱེད་དགོས།
བོད་ལྗོངས་ཡོངས་ཀྱི་“བསམ་ཇུས་གཅིག་”གི་འདུ་ཤེས་བརྟན་པོ་བཙུགས་ནས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ང་ཚོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་“རྒྱལ་ཁ་ལེན་པའི་”ཐབས་མཆོག་ཅིག་ཡིན་ལ། རྐང་བཟུང་ནས་ཡན་ལག་ཐོན་པ་བཞིན་ལོ་ཧྲིལ་པོའི་ལས་དོན་ཡག་པོ་བསྒྲུབ་པའི་གཙོ་གནད་ཅིག་ཡིན། བཀོད་གཏོང་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་དོན་འཁྱོལ་བྱེད་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་“ཁུལ་གསུམ་དང་མཐོ་ས་གཅིག་”དང་ཐོན་ལས་ཆེན་པོ་བརྒྱད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མི་འདང་བའི་ཆ་འཚོལ་ཞིབ་བྱས་ནས་དམིགས་ཚད་ལས་འགན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། ལྷག་པར་དུ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ལར་དུས་ཐོག་ཏུ་བཀོད་གཏོང་དང་། སྐབས་བསྟུན་དཀའ་གནད་སེལ་བ། དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། གང་དུ་སྐུལ་འདེད་བཏང་ན་དེ་གར་མཐུན་སྦྱོར་དང་བཀོད་གཏོང་ཡོང་བར་བྱས་ནས། བརྒྱུད་རིམ་ཧྲིལ་པོར་མཐུན་སྦྱོར་བཀོད་གཏོང་གིས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་མངོན་འགྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།
ལམ་སྲོལ་གྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་གཏན་འཁེལ་བའི་ལས་འགན་ལེགས་སྒྲུབ་ལ་ལྟ་བཤེར་བྱེད་པར་ཤུགས་སྣོན་རྒྱག་པ་དང་བྱ་དགའ་དང་ཆད་གཅོད་ནན་པོ་བྱེད་དགོས། ཕྱོགས་གཅིག་ནས་ལྟ་བཤེར་ལམ་སྲོལ་ཟམ་མི་འཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་གནད་ལ་མི་འཁེལ་བའི་ལྟ་བཤེར་བྱེད་སྟངས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”དང་། དུས་བཀག་ལྟ་བཤེར་དང་སྐབས་བསྟུན་འཐེན་བཤེར། གསལ་བཤེར་དང་ལྐོག་ཞིབ་ཟུང་འབྲེལ་བཅས་ཀྱི་བྱེད་ཐབས་སྤྱད་ནས་ཐབས་ཇུས་ལྟ་བཤེར་དང་། ཆེད་དོན་ལྟ་བཤེར། གཙོ་གནད་ལྟ་བཤེར། སྤྱོད་ཚུལ་ལྟ་བཤེར་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དུས་བཀག་ནང་ས་གནས་ས་ཐོག་ཏུ་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཚུལ་དང་གནད་དོན་ཐག་གཅོད་བྱེད་ཚུལ་ཤེས་རྟོགས་བྱས་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་། འཕེལ་རིམ་ལ་ལྟ་སྐུལ། རྗེས་སྙེག་ཕན་འབྲས་རྩད་གཅོད་བཅས་བྱེད་དགོས། ཕྱོགས་གཞན་ཞིག་ནས་བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ཀྱི་“བཀོད་འདོམས་དབྱུག་པ་”དང་“རླུང་ཕྱོགས་སྟོན་རྟགས་”ཀྱི་ནུས་པ་གང་ལེགས་འདོན་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་དེ་ལས་བྱེད་པའི་དཔྱད་ཞིབ་དང་། བྱ་དགའ་ཆད་གཅོད། གནས་སྤར་བེད་སྤྱོད་བཅས་དང་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས། ལས་ཀའི་འཐབ་ས་དང་པོར་ལས་བྱེད་པ་འདེམས་སྤྱོད་ལ་སྣང་ཆེན། འཚོལ་ཞིབ་བྱེད་མཁན་ལ་སྐུལ་ལྕག སྒྱུར་བཅོས་བྱེད་མཁན་ལ་རྒྱབ་སྐྱོར། བྱས་རྗེས་འཇོག་མཁན་ལ་བསྔགས་བརྗོད། ཕམ་ཁ་མྱོང་མཁན་ལ་བསམ་ཤེས་བཅས་བྱ་རྒྱུར་སྐུལ་མ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྤྱོད་ཡོན་གཉིས་ལྡན་དང་། བྱ་བ་སྒྲུབ་སྐབས་སེམས་ནུས་དང་འཇོན་ཐང་གང་ཡོད་འདོན་པ་བཅས་དངོས་འབྲེལ་བྱས་ནས་གྲངས་ཀ་ཙམ་དང་འཚོ་བ་འཁྱོལ་ཙམ་ལ་གོ་སྐབས་མི་སྤྲོད་པར་བྱ་བ་སྒྲུབ་འདོད་ཡོད་མཁན་ལ་གོ་སྐབས་དང་། བྱ་བ་སྒྲུབ་ཤེས་མཁན་ལ་གར་སྟེགས། བྱ་བ་སྒྲུབ་ཐུབ་མཁན་ལ་གནས་བབ་ཡོད་པ་བཅས་བྱེད་དགོས།
དུང་བརྡ་སྒྲག་སྐབས་དཔའ་ངར་ཆེར་སྐྱེད་ནི་བསམ་པའི་སྟོབས་ཤུགས་ཡིན། རྔ་བརྡུངས་ནས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་སྐབས་མི་འགྱུར་བ་ནི་ཕུགས་འདུན་དོན་གཉེར་བྱེད་པའི་གོམ་སྟབས་ཡིན། རྒྱང་ལམ་གསར་པར་ཕུགས་འདུན་སྒྲུབ་རིང་ང་ཚོས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གནད་སྨིན་དང་ཕན་འབྲས་དངོས་ཐོན་པ། དྲག་རྒོལ་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། འབད་འབུངས་ཡར་བརྩོན་གྱི་བྱ་སྤྱོད་མངོན་པ། ནུས་ཤུགས་ཡོད་རྒུས་ལོ་སྨད་དུ་འབད་འཐབ་བྱེད་པ། ལོ་ཧྲིལ་པོའི་རྒྱལ་ཁ་བརྩོན་ལེན་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་ཆེད་སྒུལ་ཤུགས་ཆེན་པོ་སྣོན་པ་དང་རྨང་གཞི་བརྟན་པོ་འདིང་དགོས།
རྩོམ་སྒྲིག་པ། ལྷ་འབྲུག