བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས།
སྤེལ་དུས 2023-10-30
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། སྒྲོ་མང་།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་བྱ་རྒྱུ་ནི་མིག་སྔའི་བོད་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གི་གལ་ཆེའི་ལས་དོན་ཞིག་ཡིན། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ལ་ཏན་ཏིག་དང་། དོན་ཐོག་ཏུ་འཁྱོལ་བ། ཕན་འབྲས་ཐོན་པ་བཅས་འགན་ལེན་བྱེད་པར་སྤྱི་འདོམས་འཆར་འགོད་ལེགས་པོ་བྱེད་པ་དང་། ཚད་གཞི་མི་ཆག་པ་དང་ཤུགས་ཚད་མི་ཆག་པ་རྒྱུན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་ཟབ་ཏུ་གཏོང་བ་དང་། བརྟག་ཞིབ་ཀྱི་ཕན་ནུས་ཆེ་རུ་གཏོང་བ། དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐུལ་འདེད་ཏན་ཏིག་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་འབད་བརྩོན་བྱེད་དགོས།
རྒྱུན་ཆད་མེད་པར་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཟབ་ཏུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་ཏན་ཏིག་བཞག་སྟེ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཀྱི་བྱེད་སྒོ་ཕན་འབྲས་ཆེན་པོ་ལྡན་པའི་སྒོ་ནས་སྤེལ་བ་དང་། དབང་གྲགས་ལྡན་པའི་གཙོ་རྒྱུན་གྱི་སློབ་སྦྱོང་ལས་སྟེགས་བེད་སྤྱོད་ཡག་པོ་བྱེད་པ། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་དེ་བས་གཏིང་ཟབ་བྱེད་དགོས། རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་གཙོ་གནད་དེར་དམ་འཛིན་ཡག་པོ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་ལས་དོན་གྱི་དོན་དངོས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་དོན་གང་ཞིག་སྒྲུབ་རུང་དེ་ཉིད་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་པའི་རྩ་དོན་ལ་གཞིགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་དཀའ་གནད་སེལ་རྒྱུ་དང་ཟུང་འབྲེལ་བྱེད་དགོས།
བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་“འཐབ་ས་”མདུན་དུ་སྤོས་པ་དེ་ཐོག་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུག་བྱེད་པའི་གོ་སྐབས་མང་དུ་སོང་བ་མཚོན་ཡོད། བརྟག་དཔྱད་ཞིབ་འཇུག་གི་“ཁྱིམ་རྒྱུད་ནོར་བུ་”བེད་སྤྱོད་ཡག་པོ་བྱ་རྒྱུ་ནི་གཞི་རིམ་གྱི་བདེ་སྡུག་ཤེས་ཚོར་བྱེད་པའི་ལག་ཆ་ཞིག་དང་དམངས་སེམས་དང་དམངས་འདུན་ཤེས་པའི“ཚད་ཤིང་”ལྟ་བུ་ཞིག་རེད་ལ། ལས་ཀར་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རེ་སྒུག་ལ་ལན་ཡོད་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་དེ་བས་ཀྱང་རེད། ཏང་ཡོན་ལས་བྱེད་པས་“གཞུང་ཡིག་ཁུག་མ་”དེ་“འདྲི་ཤོག་རེའུ་མིག་”ཏུ་བསྒྱུར་བ་དང་། “མཛུབ་རྩེའི་བརྟག་ཞིབ་”དེ་“རྐང་རྩེའི་བརྟག་ཞིབ་”ཏུ་བསྒྱུར་བ། “ཉམས་མྱོང་ཕྱོགས་སྡོམ་”དེ་“ཆུང་རྩད་ཆེ་ཤེས་”སུ་བསྒྱུར་ཏེ། གནད་དོན་འཚོལ་ཞིབ་གནད་འཁེལ་དང་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། བློ་བརྟན་འགྱུར་མེད་ངང་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། རང་ཉིད་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ་བཅས་དུས་དང་རྣམ་པ་ཀུན་ཏུ་མི་བརྗེད་པ། གང་དུ་གནས་ཚུལ་རྙོག་འཛིང་ཆེ་བ་དང་། འགལ་བ་གཅིག་སྡུད་ཆེ་བ། མང་ཚོགས་ཀྱི་བསམ་འཆར་མང་བ་བཅས་ཡོད་སར་བརྟག་ཞིབ་བྱེད་པ་དང་།“མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི”ཁོང་དུ་ཆུད་པར་བྱེད་པ། “འཐབ་ས་དང་པོའི་སྐད་སྒྲ”ཉན་པ་བཅས་བྱས་ནས་གནད་དོན“འཐབ་ས་དང་པོར་ཐག་གཅོད”ཐུབ་པར་བྱེད་དགོས།
དག་ཐེར་དོན་འཁྱོལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཚོལ་བཤེར་དག་ཐེར་ལ་ཤུགས་སྣོན་བརྒྱབ་སྟེ། གྲི་དངོ་རང་གཏད་ཀྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དངོས་བཤེར་དང་དག་ཐེར་དངོས་མཐའ་གཅིག་ཏུ་བྱས་ཏེ། གནད་དོན་འཚོལ་བཤེར་དོན་དངོས་དང་། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ། དག་ཐེར་བཅོས་སྒྲིག་ཏན་ཏིག་བཅས་ཡོང་བར་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་ཉམས་མྱོང་བཟང་པོར་ཟམ་མི་ཆད་པར་ཕྱོགས་སྡོམ་དང་། ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ལམ་ལུགས་སྤྱོད་མཁས་པོས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་ཉམས་མྱོང་སྲ་བརྟན་དུ་གཏོང་དགོས། མང་ཚོགས་ལ་བྱ་བ་དངོས་ག་ཚོད་བསྒྲུབས་མིན་དང་དཀའ་གནད་ཇི་ཙམ་ཐག་གཅོད་ཐུབ་མིན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་”བཅས་ཀྱི་གནད་དོན་དང་ཐག་གཅོད་དཀའ་བའི་གནད་དོན་ལ་དམིགས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ཐག་གཅོད་ཡག་པོ་བྱས་ཏེ། མང་ཚོགས་ཀྱིས་འགྱུར་ལྡོག་དེ་བས་མང་བ་མཐོང་ཐུབ་པ་དང་དེའི་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས།
རྩོམ་སྒྲིག་པ། ལྷ་འབྲུག