དུས་རབས་གོང་མར་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་སོང་བ་ནས་ཤི་གསོན་ཐག་གཅོད་ཀྱི་དམག་འཐབ་བརྒྱབ་ནས་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་པའི་བར། ད་ཆ་རྒྱལ་ཁབ་སྤྱི་གླིང་གི་འགོ་འཛུགས་ས་གསར་པ་ཡིན་པའི་གཙང་གསུམ་ཆུ་འགོར་ལངས་ཏེ། “འཕྲལ་སྒྲུབ་ལས་འགན་འབད་སྒྲུབ”ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལམ་བུ་གསར་པ་འཚོལ་བ་དང་། “ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་འཐུས་སྒོ་ཚང་དུ་བཏང་བ། “སུའི་ཆེད་དུ”ཡི་ལྷད་མེད་བརྩེ་སེམས་བཅངས་ནས་སྣོད་བཅུད་དང་དམངས་འཚོ་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།
བསྐྱར་གཏོར་བསྐྱར་འཛུགས་བྱས་ནས་རྣམ་པ་གསར་པ་བཏོད་པ།
“སྒོ་མང་དོ་དམ”ནས“སྒོ་བྱང་གཅིག་བཀལ་ཏེ་དོ་དམ་མཐར་ཕྱིན་བྱས་པའི”བར།
གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་དུས་ཐེངས་དང་པོའི་ལས་གྲྭ་འཛུགས་སྐྲུན་ལ་བཅོས་སྐྱོང་ལོ་བཅུ་བྱས་པ་བརྒྱུད། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་དུང་ཕྱུར་80ཙམ་མང་དུ་སོང་བ་དེ་ཧ་ལམ་ཤིས་ཧུའུ་མཚེའུ་560ཙམ་དང་མཚུངས།
ལོ་བཅུ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྣོད་བཅུད་ལེགས་སུ་སོང་སྟེ་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་གྲ་སྒྲིག་གང་ལེགས་བྱུང་ཞིང་། དུས་ཐེངས་དང་པོའི་ལས་གྲྭ་ནས་རྒྱལ་ཁའི་གཏམ་བཟང་གྲགས་པའི་2015ལོར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར་གྲོས་ཞིབ་བྱས་ནས་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
ལོ་མང་རིང་ཀྲུང་གོར་རང་བྱུང་སྲུང་སྐྱོང་ཁུལ་དང་། ནགས་ཚལ་སྤྱི་གླིང་། འདམ་རའི་སྤྱི་གླིང་། ས་གཤིས་སྤྱི་གླིང་། ཆུ་བེད་མཛེས་ལྗོངས་ཁུལ་སོགས་སྲུང་སྐྱོང་གླིང་ཁུལ་བཅུ་གྲངས་མཉམ་གནས་ཀྱི་རང་བྱུང་སྲུང་སྐྱོང་མ་ལག་ཅིག་གྲུབ་པ་དང་གྲངས་འབོར་མང་ཤོས་ཀྱི་དུས་སུ་ཁྲི་ཡན་ཟིན་གྱི་ཡོད། “རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟའི་ངང་ལག་ལེན་བསྟར་བ་བརྒྱུད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཡུན་རིང་འཕྲད་པའི་ལམ་སྲོལ་གྱི་མི་འདང་བའི་ཆ་དམིགས་འཛུགས་བྱས་པ་སྟེ། སྒོ་མང་དོ་དམ་དང་། ཁོངས་ཁུལ་ལོགས་དབྱེ། བཀའ་བཀོད་མང་གཏོང་ལ་སོགས”གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་དབན་ཁྲེང་གིས་གསར་འགོད་པར“ནགས་ལས་དང་། ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་ས་ཆ། ཆུ་བེད་བཅས་སྡེ་ཚན་ཁག་ཚང་མས་དོ་དམ་བྱས་ནའང་དོ་དམ་ཚགས་ཚུད་དང་དོ་དམ་མཐར་ཕྱིན་བྱུང་མེད”ཅེས་བརྗོད།
གྲུབ་འབྲས་ཐོབ་པའི་ཉམས་མྱོང་གི་དཔྱད་གཞི་མེད་པའི་གནས་ཚུལ་འོག སྔོན་ལ་སྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པའི་གཙང་གསུམ་ཆུ་འགོས་སྔར་ཡོད་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་དོར་ནས་སྔར་བས་ཚན་རིག་དང་མཐུན་ལ་ནུས་པ་ལྡན་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་དགོས་བྱུང་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཙུགས་པའི་རྗེས་ལ་འབྲི་ཆུའི་ཆུ་འགོ་དང་། རྨ་ཆུའི་ཆུ་འགོ། རྫ་ཆུའི་ཆུ་འགོ་བཅས་ཁུལ་གསུམ་དོ་དམ་ཨུ་ལྷན་བཙུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་དང་། ཁོར་ཡུག་སྲུང་སྐྱོང་། ཆུ་བེད། ནགས་ལས་སོགས་རྫོང་རིམ་པའི་གཙོ་གཉེར་སྡེ་ཚན་དག་དོ་དམ་ཨུ་ལྷན་གྱི་ཁོངས་སུ་བཅུག་སྟེ་བསྡུ་སྒྲིལ་བྱས་ནས་གཤམ་འོག་ཏུ་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་བཙུགས་པ། གཞན་ཡང་ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁབ་ས་ཆ་ཁྲིམས་འཛིན། ཁོར་ཡུག་ཁྲིམས་བསྟར། རྩྭ་ཐང་ལྟ་ཞིབ་དོ་དམ། ཉ་ལས་ཁྲིམས་འཛིན་སོགས་ཁྲིམས་འཛིན་སྒྲིག་གཞི་ཡང་དོ་དམ་ཨུ་ལྷན་གཤམ་འོག་གི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་སུ་བསྡུ་སྒྲིལ་བྱས་ཤིང་། རིན་ཆེན་སྟོབས་རྒྱལ་རྨ་ཆུའི་ཆུ་འགོ་ཁུལ་དོ་དམ་ཨུ་ལྷན་གྱི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་ཐོག་མར་གྱུར་ཡོད།
རྒྱལ་ཁབ་སྤྱི་གླིང་ཞེས་པའི་སྒོ་བྱང་གཅིག་བཀལ་ནས་དོ་དམ་མཐར་ཕྱིན་བྱས་པར་ཕན་འབྲས་མྱུར་དུ་ཐོན་ཞིང་། ལམ་སྲོལ་ཚོད་ལྟའི་ངང་ལག་ལེན་བྱས་ཚུན། མཚོ་སྔོན་གྱིས་རང་ཉིད་ཀྱིས་བཟོས་པའི་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་ལག་ལེན་བསྟར་ཏེ། “སྒོ་མང་དོ་དམ”གྱི་རྣམ་པར་འགྱུར་ལྡོག་བཏང་བ་དང་། ཁྲིམས་འཛིན་ལྟ་འདོམས“ཧྲག་ཧྲུག་ཅན”གྱི་གནད་དོན་ཐག་གཅོད་བྱས་པ། རང་བྱུང་ཐོན་ཁུངས་ཀྱི་རང་བདག་དབང་ཆ་དང་སྲིད་འཛིན་དོ་དམ་དབང་ཆའི་དབར་གྱི་འབྲེལ་འཛིང་སངས་པ་མ་ཟད། ད་དུང་གཙང་གསུམ་ཆུ་འགོའི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་གསར་གཏོད་ཀྱི་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད།
བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།
རང་བྱུང་མཛེས་ཤོས་ལ་སྲུང་སྐྱོང་ཡག་ཤོས་བྱས་པ།
2017ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་དྲ་ཚིགས་དང་། དཔོད་འཕྲིན། སྐད་འཕྲིན་སྤྱི་རྟགས་བཅས་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་འགོ་བཙུགས་པ་བརྒྱུད་མི་མང་པོ་ཞིག་གི་ཡིད་དབང་འཕྲོག་པའི“ཉིས་སྟོང་ནང་རྗེས”ཀྱི་གཞོན་ནུ་མང་པོ་ཞིག་ཀྱང་ཡོད། དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅུ་ཚོད་ལྟའི་ངང་ལག་ལེན་བསྟར་རིང་ཐོན་པའི་ཐོག་མའི་གཞུང་ཕྱོགས་ཀྱི“འཕྲིན་གཉིས་དང་དྲ་ཚིགས་གཅིག”གིས་སྤྱི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་རྒྱལ་ཁབ་སྤྱི་གླིང་གི་རྣམ་པ་ཡོངས་སུ་བསྟན་ཡོད།
ལོ་དེར《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་ལེན)》དངོས་སུ་ལག་ལེན་བསྟར་བ་དེའང་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དམིགས་ཁྲིམས་སྲོལ་ཐོག་མ་ཡིན་པ་སྟེ། གཏེར་འདོན་དང་། ཤིང་གཅོད། རྔོན་རྒྱག ཉ་འཛིན། གསར་སྦོལ་ལ་སོགས་ཀྱི་ནང་དོན་བཀོད་པའི《སྲོལ་ཡིག》དེའི་ནང་རྒྱལ་ཁབ་སྤྱི་གླིང་ནང་གི་ཁྲིམས་འགལ་བྱེད་སྤྱོད་མང་པོ་ཞིག་ཞིབ་འགོད་བྱས་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད།
རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པར་ཚད་གཞི་མཐོ་བ་དང་། འགོ་འཛུགས་ས་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། ད་དུང་ལས་སྟེགས་གསར་རྐྱང་སྤྱད་དེ་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད།
ཚོད་ལྟའི་ལག་ལེན་བསྟར་ཚུན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་། སྣོད་བཅུད་ཉམས་ལེན་དང་ཁོར་ཡུག་སློབ་གསོ། ཐོན་ལས་འཕེལ་རྒྱས་དང་དམིགས་བསལ་གཉེར་འཐུས་ཚོང་གཉེར་སོགས་ཆེད་དོན་འཆར་འགོད་5དང་། དེ་བཞིན་ཚན་ཞིབ་ཚན་རིག་ཁྱབ་གདལ་དང་མགྲོན་པོར་དོ་དམ་སོགས་ཀྱི་དོ་དམ་བྱ་ཐབས་12སྔ་རྗེས་སུ་བཟོས་ཡོད། “སྒྲིག་སྲོལ་ལམ་སྲོལ་བཟོས་པ་བརྒྱུད་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་དམིགས་ཡུལ་ནི། ཚད་གཞི་མཐོ་པོ་དང་ཆུ་ཚད་མཐོ་པོའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟའི་ངང་ལག་ལེན་བསྟར་བར་ལས་སྟེགས་བསྐྲུན་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཚན་རིག་ཅན་དང་། མ་ལག་ཅན། དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་ཆེད་ཡིན”ཞེས་ཧོ་དབན་ཁྲེང་གིས་གསར་འགོད་པར་བརྗོད།
མི་དང་རང་བྱུང་ཁམས་ཕན་ཚུན་མཉམ་གནས་ལ་བརྩོན་པ།
རྩྭ་ཐང་སྤྱོད་མཁན་སྣོད་བཅུད་སྲུང་སྐྱོང་པར་གྱུར་པ།
རིར་འཛེག་པ་དང་། གྲོག་རོང་བརྒྱུད་པ། ནགས་ཚལ་འགྲིམ་པ། ཆུ་སྒྲོལ་བ་སོགས་ལ་རྒྱབ་ཀླུང་བརྒལ་བྱེད་མཁན་རྟ་ཐོག་སྲུང་དམག་ཁག་གཅིག་ཡོད་པ་དག་ད་ཆ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་ཤང་གི་རྫ་ཆུའི་རོང་ཆེན་དུ་ལས་སྒྲུབ་བྱེད་བཞིན་ཡོད།
འདི་ལོའི་ཟླ་3པ་ཚུན་དུ་རྣམ་སྲས་ཤང་གི་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱིས་ཁག་ཐེངས་ཕྱེ་སྟེ་ཁོངས་གཏོགས་ཁུལ་གྱི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་1500ལྷག་ཙམ་སྒྲིག་འཛུགས་བྱས་ནས། རྫ་ཆུ་རྒྱུག་ཁུལ་དུ་ཁུག་ཆ་མ་ལུས་པ་དང་ཡོངས་ཁྱབ་རྣམ་པའི་ལྐོག་རྔོན་བཀག་འགོག་གི་སྐོར་སྲུང་གྲལ་བཤེར་ལས་དོན་སྤེལ་ཏེ་མངོན་མེད་རྐྱེན་ངན་བསལ་ཡོད།
“སྔོ་ལྗང་འཕེལ་རྒྱས་གཏོང་བ་སྣོད་བཅུད་དམངས་ཕན་དང་ཁ་འབྲལ་ཐབས་མེད”ཧོ་དབན་ཁྲེང་གིས་གསར་འགོད་པར་གྲངས་གཞི་འགའ་ཞིག་བརྗོད་པ་སྟེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟའི་ངང་ལག་ལེན་བསྟར་བའི་ཐོག་མའི་དུས་སུ། ཁུལ་དེར་མི་འབོར་ཁྲི་6.5ཡོད་པའི་ནང་མི་འབོར་དབུལ་པོ་ཁྲི་2.4ཡོད། མི་འབོར་དབུལ་པོ་གནས་སྡོད་བྱ་ཡུལ་གྱི་དཔལ་འབྱོར་ཡོང་ཁུངས་ཡོངས་ཁྱབ་ངང་གཅིག་རྐྱང་ཡིན་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། སྤྱི་པའི་ཞབས་འདེགས་རྗེས་ལུས་རེད།
སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་དོ་སྙོམས་ཇི་ལྟར་ཡོང་བར་བྱེད་དགོས་སམ།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་དྲིས་ལན་ནི། སྣོད་བཅུད་དོ་དམ་སྲུང་སྐྱོང་མཁན་གྱི་སྤྱི་ཕན་ལས་གནས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། ཟླ་རེ་བཞིན་གླ་ཆ་སྤྲོད་པ། ལོ་མཇུག་ཏུ་དཔྱད་ཞིབ་བྱེད་པ། སྟབས་བསྟུན་དོ་དམ་བྱེད་པ་མ་ཟད། ད་དུང་གནད་སྨིན་དབུལ་སྒྲོལ་གྱི་རྩ་དོན་ཡང་དོན་འཁྱོལ་བྱེད་ཅིང་། སྣོད་བཅུད་དོ་དམ་སྲུང་སྐྱོང་བའི་ཁྲོད་ཀྱི་ཕྱེད་ཀ་ཡན་ནི་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད། “རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་ནན་པོ་དང་རྒྱུན་མཐུད་བེད་སྤྱོད་ཡོང་བར་བྱེད་དགོས། དེ་འདྲ་བྱེད་པའི་ནང་དོན་གཙོ་བོ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་བྱ་ཐབས་འཚོལ་ཞིབ་བྱེད་དགོས”ཞེས་ཧོ་དབན་ཁྲེང་གིས་བརྗོད།
མིག་སྔའི་བར་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་17211གིས་ལག་ཁྱེར་བཏགས་ནས་ལས་གནས་ཐོག་བསྐྱོད་ཅིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ“དུད་ཚང་རེར་ལས་གནས་རེ”ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད། ནོར་སྲིད་ཀྱི་ནོར་ཤུགས་ཤིན་ཏུ་ཁ་ཐང་བའི་གནས་ཚུལ་འོག མཚོ་སྔོན་གྱིས་ཕྱོགས་ཁག་ནས་མ་དངུལ་གྲབས་གསོག་བྱས་ཏེ། ལོ་གསུམ་རིང་ཁྱོན་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་སྣོད་བཅུད་དོ་དམ་པའི་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.16འཕར་ཡོད།
དོ་དམ་སྲུང་སྐྱོང་བ་ནོར་བུ་བསམ་གྲུབ་ཀྱི་དོ་དམ་བྱེད་ཁོངས་ནི་མཚོ་བོད་གཞུང་ལམ་ཉེ་འགྲམ་གྱི་བ་ཡན་མདུང་རྩེ་རེད། འབྲོག་པ་འཕྲད་རིམ་བཞིན་ཁོང་གིས་འཚམས་འདྲི་བྱེད་ཀྱིན་འབྲོག་པའི་འབྲི་གཡག་གྲངས་ཀ་རྒྱག་པ་དང་ཆབས་ཅིག་རྩྭ་ཕྱུགས་དོ་སྙོམས་དགོས་པ་ལས་ཕྱུགས་རིགས་འཚོ་དྲགས་རྒྱུ་མེད་ཅེས་བརྗོད་ཀྱི་ཡོད། དབྱར་སྟོད་ནི་རི་སྐྱེས་སྲོག་ཆགས་གནས་སྤོ་བྱེད་པའི་དུས་ཚིགས་ཡིན་པ་དང་། མི་རིང་བའི་གོང་དུ་ནོར་བུ་བསམ་གྲུབ་སྐོར་སྲུང་བྱེད་པར་སྐྱོད་སྐབས་འབྲོང་30ལྷག་ཙམ་ཡོད་པའི་འབྲོང་ཁྱུ་ཞིག་དང་ཕྲད། “གཞུང་ལམ་དང་བར་ཐག་ཧ་ཅང་ཉེ་པོ་ཡོད་པའི་རྩྭ་ཐང་དུ་རི་སྐྱེས་སྲོག་ཆགས་ཕར་འགྲོ་ཚུར་འོང་བྱེད་པ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད”
“འབྲོག་པ་ཚོ་རྩྭ་ཐང་སྤྱོད་མཁན་ནས་སྣོད་བཅུད་སྲུང་སྐྱོང་བྱེད་མཁན་དང་ཁེ་སྤོགས་མཉམ་སྤྱོད་བྱེད་མཁན་ལ་རིམ་བཞིན་འགྱུར་འགྲོ་གི་ཡོད”ཧོ་དབན་ཁྲེང་གིས“རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་མིའི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་ཁག་གི་ཐོབ་ཚོར་ཆེ་རུ་བཏང་སྟེ་འབྲོག་པ་མང་ཚོགས་ཚོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པའི་ཕན་པ་འཐོབ་ཡུལ་དུ་གྱུར་ཚེ། གཞི་ནས་སྣོད་བཅུད་སྲུང་སྐྱོང་གི་ནང་སྐྱེས་སྒུལ་ཤུགས་འཕེལ་ཐུབ”ཅེས་ནན་བཤད་བྱས་པ་རེད།