ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

“མི་ལ་དྲིན་གཟོའི་བསམ་པ་དགོས”

སྤེལ་དུས 2020-12-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཆུ་གསུམ་རྫོང་རྒྱང་ཐང་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བསོད་ནམས་སྟོབས་རྒྱལ་གྱིས་བརྗོད་དོན།
          ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྒྱང་ཐང་གྲོང་ཚོའི་གྲོང་མི་བསོད་ནམས་སྟོབས་རྒྱལ་འདི་ལོ་ལོ་52ལ་སླེབས་པ་དང་། ལས་ཀ་སྣ་ཚོགས་བྱེད་མྱོང་ཡོད། ཁོང་གིས་ཤང་དེའི་རྨ་རོ་གྲོང་ཚོ་དང་། ཆུ་མདོ་རྒྱང་གྲོང་ཚོ། རྒྱང་ཐང་གྲོང་ཚོ་བཅས་ཀྱི་ཚབ་ཁྲིད་དགེ་རྒན་ལོ་13ཙམ་བྱེད་མྱོང་བ་དང་། 2012ལོ་ནས་བཟུང་ཁོང་གིས་ཤང་དེའི་སྦྲག་པ་བྱས་པ་མ་ཟད་2017ལོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པའང་བྱས་ཡོད།
          བསོད་ནམས་སྟོབས་རྒྱལ་གྱིས་བྱེད་མྱོང་བའི་ལས་ཀ་དེ་དག་ཁྲོད་ནས་འགྲན་སློང་ཆེ་ཤོས་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ཏང་གི་དམངས་ཕན་སྲིད་ཇུས་མང་པོ་ཡོད། མང་ཚོགས་ཚང་མས་ཏང་གི་དམངས་ཕན་སྲིད་ཇུས་ལོངས་སྤྱོད་ཡག་པོ་ཐུབ་ཡོད། དེ་དག་སྟབས་བདེ་ལ་ཁུ་འདུས་པའི་སྒོ་ནས་གསལ་པོ་ཤོད་རྒྱུ་དེ་ནི་དངོས་འབྲེལ་ཁག་པོ་ཞིག་རེད། སྟབས་ལེགས་པ་ཞིག་ལ་གྲོང་ཁྱེར་དང་རྫོང་ནས་ང་ཚོར་གསོ་སྦྱོང་གནང་བས་འཆད་སྟེགས་སྟེང་ནས་སྒྲོག་འགྲེལ་བྱེད་པར་གདེང་ཚོད་ཆེན་པོ་འདུག”ཅེས་བརྗོད།
          “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བྱས་ཚུན། བསོད་ནམས་སྟོབས་རྒྱལ་གྱིས་མང་ཚོགས་ལ་གླེང་མང་ཤོས་ནི“མི་ལ་དྲིན་གཟོའི་བསམ་པ་དགོས”ཞེས་པ་དེ་རེད། ཁོང་གིས“ཏང་གིས་དམངས་ཕན་སྲིད་ཇུས་ཧ་ཅང་མང་པོ་བཏོན་ཡོད། ང་ཚོ་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་ཚང་མ་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་དྲིན་རེད། མི་ཞིག་བྱེད་པར་དྲིན་གཟོའི་བསམ་པ་དགོས། ང་ཚོས་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས”ཞེས་བརྗོད།
          བསོད་ནམས་སྟོབས་རྒྱལ་གྱིས་གསར་འགོད་པར་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་ཏུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པས་མང་ཚོགས་ཚོར་སྤུས་ལེགས་ཀྱི་འཚོ་བའི་ཁོར་ཡུག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། “ཁྱེད་རང་གཟིགས་དང་། ད་ཆ་གྲོང་ཚོའི་ནང་ཉི་ནུས་ལམ་སྒྲོན་ཡོད་པས། མཚན་མོ་ལམ་བུ་མ་མཐོང་བའི་སེམས་ཁྲལ་བྱེད་དགོས་དོན་མེད། འགྲོ་ལམ་ཡང་ཨར་འདམ་ལམ་བུ་ཡིན་པ་དང་ལམ་འགྲམ་དུ་གད་སྙིགས་བླུག་སྣོད་བསྒར་བས‘བཙོག་ཟིང་ཞན་གསུམ’གྱི་རྣམ་པ་ད་ཆ་གྲོང་གསེབ་ཏུ་མཐོང་རྒྱུ་མེད”“དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་བཀའ་དྲིན་རེད། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྲིད་གཞུང་གི་མ་དངུལ་མེད་ན། ང་ཚོ་གྲོང་གསེབ་ཏུ་འགྱུར་ལྡོག་ཆེན་པོ་དེ་འདྲ་ཡོང་མི་སྲིད”ཅེས་བརྗོད།
          ཆུ་མདོ་རྒྱང་ཤང་ནི་ཆ་སྙོམས་ས་བབ་སྨི་4500ཟིན་པའི་འབྲོག་ལས་རྐྱང་པའི་ཤང་ཞིག་རེད། སྔོན་མ་འགྲོ་ལམ་དང་། ཆུ་འགྲམ། གྲོང་ཚོའི་ཉེ་འཁོར་བཅས་ཚང་མར་ལྕི་བ་དང་འཚོ་བའི་གད་སྙིགས་གང་སར་ཁེངས་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་རྗེས་དེ་དག་མཐོང་རྒྱུ་མེད། ལྷག་པར་དུ་ཤང་དེས“གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང”བཙུགས་རྗེས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། “མང་ཚོགས་ཚོས་འཐུང་ཆུའི་འགྱིག་དམ་དང་ཤོག་སྒམ་སོགས་འཚོ་བའི་གད་སྙིགས་འཁྱེར་ནས་ཡི་ཙི་དང་། དག་ཕྱེ། གཙང་ཤོག་སོགས་འཚོ་བའི་མཁོ་ཆས་བརྗེ་ཆོག”“‘འཚོ་བའི་གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང’གིས་མང་ཚོགས་ལ་དངོས་ཕན་ཐོབ་པ་མ་ཟད། མང་ཚོགས་ཀྱི་འཚོ་བའི་འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ཡོད། སྔོན་མ་གད་སྙིགས་གང་སར་དབྱུགས་ཀྱང་བྱེད་པའི་གོམས་གཤིས་འདི་ད་ཆ་འཚེར་སྣང་བྱེད་སར་གྱུར་བ་མ་ཟད། ལམ་འགྲམ་གྱི་གད་སྙིགས་ཀྱང་སྒྲུག་མཁན་ཡོད་པས་འགྲོ་ལམ་གཙང་དུ་ཕྱིན་པ་དང་འཚོ་བའི་ཁོར་ཡུག་ཀྱང་ལེགས་སུ་སོང་ཡོད”ཅེས་བསོད་ནམས་སྟོབས་རྒྱལ་གྱིས་བརྗོད།
          སྒྲོག་འགྲེལ་བྱེད་སྐབས་བསོད་ནམས་སྟོབས་རྒྱལ་གྱིས་རྟག་ཏུ་མང་ཚོགས་ལ་ཚང་མའི་ཉེ་འགྲམ་གྱི་དོན་དག་ཆུང་ཙག་དེ་དག་གླེང་གི་ཡོད་ཅིང་། ཁོང་གིས“ངས་གནས་ལུགས་ཆེན་པོ་ཤོད་ཀྱི་མེད། མང་ཚོགས་ཚོའང་ཉན་རྒྱུར་དགའ་པོ་མེད། ངས་མང་ཚོགས་ཚོས་དོན་དག་ཆུང་ཙག་དེ་དག་ཁྲོད་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཏེ། ཁོང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཚན་རིག་ལ་གོང་བཀུར་བྱེད་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་བཅངས་ཀྱི་ཡོད”ཅེས་བརྗོད།
          ཉེ་དུས་བསོད་ནམས་སྟོབས་རྒྱལ་གྱིས་མང་ཚོགས་ལ་གླེང་མང་ཤོས་ནི་གྲོང་གསེབ་དར་རྒྱས་ཀྱི་སྐོར་རེད། ཁོང་གིས“ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་ང་ཚོའི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་བྱས་པས་ང་ཚོ་དབུལ་སྒྲོལ་བྱུང་བ་རེད། ད་ཆ་ཏང་དང་སྲིད་གཞུང་གིས་ང་ཚོའི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་གཏོང་བཞིན་ཡོད། ངའི་བསམ་པར་གལ་ཏེ་ཚང་མས་ཆོད་སེམས་བརྟན་པོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཚེ་ང་ཚོས་གྲོང་གསེབ་དར་རྒྱས་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད་སྙམ་གྱི་འདུག”ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།