ལོ་10ཡི་རིང་ཁོང་གིས་ལས་གཅེས་ལས་བརྩོན་དང་ལས་འགན་གཙང་སྒྲུབ་བྱས་ནས་བློ་གཅིག་སེམས་གཅིག་ངང་སྤྱི་བདེའི་ལས་ལ་གཞོལ་ཡོད།
ལོ་10ཡི་རིང་ཁོང་གིས་ཡུལ་བབ་དང་བསྟུན་ནས་ལྗོངས་ཡོངས་ཀྱི་གྲོང་མི་དང་མང་ཚོགས་ལ“གློག་འཕྲིན་ཁ་བསླུས་འགོག་ཟོན་བྱེད་སྟངས་ཆ་ཚང”ཞིག་བཟོས་པ་དང་། ཁ་བསླུས་ཕོག་ཉེན་ཡོད་པའི་མི་སྣར་འཕྲལ་མར་ཉེན་བརྡ་བཏང་བ་དང་གཏན་འགོག་བྱས་ཏེ། རྒྱལ་ཆེའི་མང་ཚོགས་ཀྱི་འགོག་ཟོན་འདུ་ཤེས་དང་ཁ་བསླུས་འགོག་པའི་ནུས་པ་ཆེ་རུ་བཏང་ནས་མི་སེར་ལ་གྱོང་གུན་མི་ཕོག་པ་བྱས་པ་རེད། ཁོང་ནི་བོད་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པ་བསྟན་འཛིན་དངོས་གྲུབ་རེད།
བོད་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་ཁྱུག་དབྱིངས་སྤྱི་རྟགས་ཀྱི་གཉེར་སྐྱོང་བ་ཞིག་ཡིན་པའི་ཁོང་གིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་ཆེད། སྔ་རྗེས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཡིག་ཆ་200ལྷག་ཙམ་འཆར་ཟིན་བཀོད་ནས་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་བསྟན་འཛིན་དངོས་གྲུབ་ཀྱིས་བོད་རྒྱ་ཡིག་སྒྱུར་གྱི་ལས་འགན་རང་འགུལ་ངང་ཁུར་ནས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་བོད་ཡིག་དཔར་མའི་རྒྱུན་མཐོང་གི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་དྲིལ་བསྒྲགས་ལག་དེབ་སྣ་ཚོགས་48དང་། དྲིལ་བསྒྲགས་བརྡ་ཁྱབ་སྣ་ཚོགས། སྐད་འཕྲིན་སྤྱི་རྟགས་ཀྱི་རྩོམ་ཡིག་སོགས་གློག་འཕྲིན་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་དཔྱད་གཞི་100ལྷག་ཙམ་རྩོམ་སྒྱུར་བྱས་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཁ་བསླུས་འགོག་པའི་ཆེད་ལས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་ཁ་བསླུས་འགོག་པའི་འདུ་ཤེས་དང་ཁ་བསླུས་ལ་ངོས་འཛིན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།
2015ལོ་ནས་2019ལོའི་བར་བསྟན་འཛིན་དངོས་གྲུབ་ཀྱིས་སྔ་རྗེས་སུ་གློག་འཕྲིན་ཁ་བསླུས་གྱོད་གཞིའི་མྱུལ་ཞིབ་ལས་དོན་ནང་ཐེངས་མང་ཞུགས་པ་དང་། ལྷ་སའི་ཀུང་སི་ཞིག་གི་ནོར་དོན་ལ་སྒོར་ཁྲི་21ལྷག་ཙམ་ཁ་བསླུས་ཤོར་བ་འདེད་ལེན་ཐུབ་པ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་མི་ཞིག་ལ་རོལ་རྩེད་མཉེན་ཆས་ནས་སྒོར་ཁྲི་91ཁ་བསླུས་ཤོར་བ་ཚང་མ་འདེད་ལེན་ཐུབ་ཡོད།
2020ལོར་ཁོང་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་སྣ་ཚོགས་ཀྱི་མྱུལ་ཞིབ་ལ་ཞུགས་ནས་ཉེས་གསོག་དོགས་ཅན་18བཟུང་སྟེ་ཁ་བསླུས་ཤོར་མཁན་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་65མི་ཕོག་པ་བྱས་པ་དང་། ས་གནས་ཁག་གི་སྡེ་ཚན་ལ་རམ་འདེགས་བྱས་ནས་གྱོད་གཞི་ཆེ་གྲས་16རྩད་གཅོད་ཐུབ་པ། ལྷ་ས་དང་། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་ཀྱི་སྤྱི་བདེ་ལས་ཁུངས་ལ་རམ་འདེགས་བྱས་ནས་ཁ་བསླུས་ཤོར་བའི་སྒོར་ཁྲི་226ལྷག་ཙམ་འདེད་ལེན་བྱས་པ། གཞི་རིམ་གྱི་སྤྱི་བདེ་ལས་ཁུངས་ལ་རམ་འདེགས་བྱས་ནས་གྱོད་གཞིར་ཞིབ་བསྡུར་ཐེངས་1000ལྷག་ཙམ་བྱས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་བསྟན་འཛིན་དངོས་གྲུབ་ཀྱིས་ཁ་བསླུས་ཐེབས་པའི་དོགས་པ་ཡོད་པའི་མི་900ལྷག་ཙམ་ལ་ཉེན་བརྡ་བཏང་བ་དང་འགོག་ཟོན་བྱས་ནས་གྱོད་འབྲེལ་དངུལ་སྒོར་ཁྲི་145ལྷག་ཙམ་བསྡམས་བཅད་བྱས་པ་དང་། འབྲེལ་ཡོད་ཚན་པ་དང་འབྲེལ་མཐུད་བྱས་ཏེ་སྔ་རྗེས་སུ་ཁ་བསླུས་ཁ་པར་200ལྷག་ཙམ་དང་ཁ་བསླུས་ཀྱི་དྲ་ཚིགས་ཁྲི་3ལྷག་ཙམ་བཀག་ནས། མི་དམངས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།