ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

སྙེ་མའི་འབྲུ་རྡོག་ལྗིད་ཏིག་ཏིག ཞིང་པའི་འཛུམ་མདངས་དགའ་ལྷང་ལྷང་།

བོད་ལྗོངས་ས་མཐོའི་གང་སར་སྟོན་ཉམས་མངོན་ནས་སྟོན་ཐོག་བསྡུ་བར་བྲེལ།

སྤེལ་དུས 2021-09-28 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            “ས་མཐོའི་འབྲུ་མཛོད”ཅེས་གྲགས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ནས་ཞིང་དུ་འབྲུ་རྡོག་ཁུར་གྱིས་དུད་ནས་གསེར་ཐིང་ངེར་གྱུར་པ་དང་། སྔོ་ཚལ་དྲོད་ཁང་ནང་འདབ་མ་ལྷུག་པོར་གྲོལ་ནས་ལོ་ལེགས་འབྲས་བཟང་སྨིན་པའི་རྟགས་མཚན་ཞིག་མངོན་བཞིན་མཆིས།
            ལྕང་ར་ཤང་ལྷ་ཀླུ་གྲོང་ཚོར་དང་བླངས་པ་བཞི་བཅུ་ལྷག་གིས་ཉིན་གཅིག་རིང་ཡུལ་མི་ཉི་མ་ཕན་ཐོགས་ཁྱིམ་གྱི་མུའུ་ཁྲི་10ལྷག་ཙམ་ཟིན་པའི་ནས་དང་པད་ཁ་བརྔ་རོགས་བྱས་ཤིང་། ངལ་ནུས་མི་འདང་བའི་ཁྱིམ་ཚང་གི“བཙས་མ་རྔ་དུས་དཀའ་ཚེགས་ཆེ་བའི”གནད་དོན་ཐག་གཅོད་བྱ་ཆེད། རྒྱལ་རྩེ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་མང་ཚོགས་ཀྱིས“མངགས་ཐོ་འདེམས་པ”དང་། ལྟེ་གནས་ཀྱིས“མངགས་ཐོ་སྐྱེལ་བ” དང་བླངས་པས“མངགས་ཐོ་རྩིས་ལེན”བྱེད་པ་བཅས་ཀྱི་ཞབས་ཞུའི་ལམ་སྲོལ་ལ་གཞིགས་ནས་རིམ་ཁག་དང་བླངས་ཞབས་ཞུའི་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་པར་རོགས་རམ་བྱས་ཏེ་བཙས་མ་བརྔ་བའི་བྱེད་སྒོ་སྤེལ་ཡོད།
            ད་ལོར་གཞིས་རྩེ་གྲོང་ཁྱེར་གྱིས་འགན་ལེན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས“ཧི་མ་ལའི་ནས་ཨང་22”དང་། “བོད་ནས་ཨང་2000” “ཧི་མ་ལའི་ནས་ཨང་23”སོགས་ནས་ཀྱི་སོན་བཟང་འདེབས་འཛུགས་ཁྱབ་གདལ་གཏོང་བར་བརྟེན་ནས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
            གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2021ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་མུའུ་ཁྲི་139.67བཏབས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང(ཆུས)10ལ་འབྲུ་རིགས་གནོད་མེད་དང་སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བའི་གསར་གཏོད་དཔེ་སྟོན་མུའུ་ཁྲི་73དང་ས་དཔྱད་ལུད་སྦྱོར་དང་ལུད་རྒྱག་གི་དཔེ་སྟོན་མུའུ་ཁྲི་78ལེགས་སྒྲུབ་བྱས་པ་མ་ཟད། ནས་དང་། དགུན་གྲོ པད་ཁ། ཞོག་ཁོག་སོགས་ལོ་ཏོག་གཙོ་བོའི་སོན་བཟང་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་6.26བསྐྲུན་ཞིང་། འདི་ལོར་གཞིས་རྩེའི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་སྔོན་དཔག་བྱས་ན་ཏུན་ཁྲི་44.6ཟིན་བཟོ་ཡོད་པའི་ནང་ནས་ཐོན་འབབ་ཏུན་ཁྲི་40ཡན་ཡུན་རིང་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་ཚུལ་ངོ་སྤྲོད་བྱས།
            གཞིས་རྩེས་ནས་ཐོན་འཕར་ལས་དོན་གྱི་དམིགས་ཚད་དང་ཟུང་འབྲེལ་བྱས་ཏེ་ནས་སོན“ཧི་མ་ལའི་ནས་ཨང་22”མུའུ་ཁྲི་58.56ལ་འདེབས་འཛུགས་བྱ་རྒྱུ་ནུས་ལྡན་ངང་ཁྱབ་གདལ་བཏང་སྟེ་ནས་ཀྱི་སོན་བཟང་ཁེབས་ཚད་96.5%ཟིན་པ་དང་ཆབས་ཅིག་ཏུ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ལག་རྩལ་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་དཔེ་སྟོན་ཁུལ་ལ་བསྐྱོད་དེ་སྐོར་སྐྱོད་མཛུབ་ཁྲིད་དང་ཞབས་ཞུ་བྱས་ཏེ། སོན་བཟང་འདེམས་སྒྲུག་ཐུམ་རྒྱག་དང་། ནད་འབུ་དང་རྩྭའི་གནོད་འཚེ་འགོག་བཅོས། རྩྭ་ངན་དབྱེ་གསེད་དང་སེལ་རྒྱུ་སོགས་ཀྱི་འགག་རྩའི་ལག་རྩལ་ཐད་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ནས་ལག་རྩལ་གྲོང་ཚོ་དང་དུད་ཚང་གི་ནས་ཞིང་ནང་དུ་ཁྱབ་རྒྱུ་འགན་ལེན་བྱས་ཡོད།
            མིག་སྔར་རིམ་རྩིས་བྱས་ན། བོད་ཡོངས་སུ་ལོ་ཏོག་སྐྱེ་དངོས་ཀྱི་སོན་བཟང་གཙོ་བོ་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་1183ཟིན་པའི་ཁྲོད་ནས་ཀྱི་སོན་བཟང་རིམ་རྩིས་བྱས་ན་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་938.47དང་། ནས་ཀྱི་སོན་བཟང་ཁེབས་ཚད་90%ཡན་ཟིན་ནས་འབྲུ་རིགས་ཐོན་འབབ་བསྡོམས་འབོར་མཐོ་རུ་དང་ནས་ཐོན་འཕར་དང་ཕན་ཆེ་ཡོང་བར་སྐུལ་མ་ཤུགས་ཆེན་ཐེབས་ནས་ཞིང་འབྲོག་པར་རྒྱུན་སྲིང་བརྟན་པོའི་ངང་འབབ་འཕར་ཡོང་བའི་འགན་ལེན་ཐུབ་ཡོད།
            2020ལོའི་ལོ་མཇུག་བར་བོད་ཡོངས་ལ་ཞིང་ལས་དང་གྲོང་གསེབ་པུས་ཁས་ལེན་བྱས་པའི་ནས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་དང་སྤུས་དག་བཟའ་བཅའ་ཁག་8དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཞིབ་སྤེལ་བྱས་པའི་ནས་ཞིབ་ཚགས་ལས་སྣོན་གྱི་ཐོན་རྫས་རིགས་ཆེན་པོ་4དང་སྣེ་ཁ་80ལྷག་དང་དེ་བཞིན་ལྗོངས་ཡོངས་ལ་ནས་ལས་སྣོན་ཁེ་ལས་52ཡོད་པས་ལོར་ནས་ལས་སྣོན་གཞན་སྒྱུར་བྱེད་འབོར་ཏུན་ཁྲི་14.21དང་། ལས་སྣོན་གཞན་སྒྱུར་བྱེད་ཚད་17%ཡན། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་14ལྷག་ཙམ་བཅས་ཟིན་ནས་རང་སྐྱོང་ལྗོངས་རིམ་པའི་ཚོང་རྟགས་གྲགས་ཅན་མང་པོ་ཞིག་བཏོད་ཡོད།
            མི་རིང་བའི་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་བྱང་རྒྱུད་ས་རྒོད་ཆེ་མོའི་ཚོགས་པ་དང་། པེ་ཅིང་རྒྱལ་སའི་ཞིང་ལས་ཚོགས་པ། འོད་ཟེར་ཚོགས་པ་སོགས་ཁེ་ལས་10ཡིས་བོད་ཀྱི་ས་ཁུལ་དང་རྫོང་5ཡི་སྲིད་གཞུང་དང་ཁེ་ལས་དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་ཅིང་། དེའི་ཁྲོད་བྱང་རྒྱུད་ས་རྒོད་ཆེ་མོ་ཚོགས་པ་ཀུང་སི་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དབར《ནས་འདེབས་འཛུགས་ཚད་ལྡན་ཅན་གྱི་དཔེ་སྟོན་རྣམ་གྲངས་ཀྱི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་དེ། ནས་དཔེ་སྟོན་ཁུལ་འཛུགས་པ་དང་། ཚད་ལྡན་ཅན་འདེབས་འཛུགས་དང་དོ་དམ། ལྗང་མདོག་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས། གྲངས་འཛིན་ཞིང་ལས་འཕེལ་རྒྱས། སོན་བཟང་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བཅས་ཕྱོགས་ལྔའི་ཐད་ཀྱི་ནང་དོན་ལ་དམིགས་ནས་ཚོགས་པའི་ལེགས་ཆའི་ཞིང་ལས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་བོད་ཀྱི་ཞིང་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།