2021ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་དང་། ལོ་འདིར་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་སྐབས་འཁེལ་བ་དང་། ལྗིད་རྫོབ་ཆེ་ཞིང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་ཟུར་བལྟས་ལེབ་མཐོང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཅས་བཏང་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགན་ཤེས་ཁུར་ལེན་དང་། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད། གསར་འབྱེད་ཡར་བརྩོན་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་ཡོད།
ལོ་འདིར་ང་ཚོས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཡོད།
ལོ་འདིར་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བདེ་བླག་ངང་བསྐྱོད་དེ། རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད།
ལོ་འདིར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བཅས་བྱས་ཡོད།
ལོ་འདིར་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། དོན་ངོ་མའི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར། རྒྱལ་སྤྱིའི་འབྲེལ་བ་གསར་པ་ཧུར་ཐག་འཛུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་བཏང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་འདི་དག་རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། ཏང་ལ་འཕྲད་པའི་དུས་བབ་དང་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ཆེ་བ་དང་། ཕྲག་པའི་ལས་འགན་ལྗིད་རྫོབ་དང་དཀའ་ཚེགས་ཆེ་བ་ནི་འཛམ་གླིང་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་དང་འཐབ་ཇུས་མཁས་ཅན་གྱི་བློ་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ཇུས་འགོད་གནང་ནས་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་དང་། ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་གོ་སྐབས་ལ་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བར་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པར་རག་ལས་ཡོད།
ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་ལས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་ནི་དུས་སྐབས་གལ་ཆེན་ནང་ཏང་གིས་ཐུན་མོང་གི་ངོས་འཛིན་གཅིག་འགྲིལ་དང་བློ་ཐག་ཆོད་པོས་གདམ་ག་བྱེད་པའི་འགག་རྩ་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་གཏིང་ཟབ་ཕྱེ་ཡོད།
ལོ་རྒྱུས་ཀྱི་རི་མོ་འབད་འབུངས་མདུན་སྐྱོད་བྱེད་རིང་བཤམས་ཡོད། དུས་རབས་ཀྱི་ལེའུ་ཆེན་པོ་མུ་མཐུད་འབད་འཐབ་བྱེད་རིང་བརྩམས་ཡོད། 2022ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་པས། བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ད་ཆ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་ཚད་དང་ཐག་ཉེ་ཤོས་དང་གདེང་ཚོད་དང་འཇོན་ཐང་ཆེ་ཤོས་ཀྱི་དུས་སུ་སླེབས་པ་དང་དུས་མཚུངས། ངེས་པར་དུ་དཀའ་ངལ་དུ་མ་ཁྱད་བསད་ཀྱིས་འབད་འཐབ་བྱེད་པའི་གྲ་སྒྲིག་བྱེད་དགོས”ཞེས་གསུངས་ཡོད། རྒྱུགས་འབུལ་ལམ་བུ་གསར་པར་སྐྱོད་སྐབས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོར་འབྱུང་བ་དང་། རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་སྒྲུབ་ཐུབ་པ་ཞིག་མིན་པས། མི་རིགས་བསྐྱར་དར་དང་ཐག་ཇི་ཙམ་ཉེ་ན་དེ་ཙམ་གྱིས་གེགས་མེད་བདེ་བགྲོད་ཡོང་མི་སྲིད་པ་དང་། ཉེན་ཁ་དང་འགྲན་སློང་དེ་ཙམ་གྱིས་ཆེ་བ་མ་ཟད། ཐ་ན་འགོག་རྐྱེན་དེ་ལས་ཆེ་བ་ཡང་འཕྲད་སྲིད་པ་ང་ཚོས་གཏིང་ཟབ་ཤེས་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་འགག་རྩའི་གོམ་པ་དང་པོ་ཙམ་རེད། མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུ་བཞིན། དེ་བས་གཟི་བརྗིད་ལྡན་པའི་ལས་འགན་ང་ཚོས་ཕྲག་ཏུ་འཁུར་རྒྱུར་བསྒུགས་ནས་བསྡད་ཡོད་པ་དང་། དེ་བས་རླབས་ཆེ་བའི་ངོ་མཚར་ང་ཚོས་གཏོད་རྒྱུར་བསྒུགས་ནས་བསྡད་ཡོད་པ་ཤེས་དགོས། ང་ཚོས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་དཔའ་བོའི་བློ་སྟོབས་རྒྱུན་འཁྱོངས་དང་། གནམ་ས་གསར་པ་གཏོད་ཕོད་པའི་བློ་སྟོབས་རྒྱུན་འཁྱོངས། རྒྱང་སྐྱོད་ལམ་རླབས་པོ་ཆེ་གསར་པར་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བཅས་བྱས་ཏེ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་འགྱུར་མེད་སྙིང་སྟོབས་ལ་བརྟེན་ནས་སྔོན་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་འགྲུལ་པས་གནས་སྒོ་མཐོང་དུས་ལམ་ཕྱེད་ཙམ་གྱི་རིག་པ་དྭངས་གསལ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
རྒྱང་སྐྱོད་ལམ་རླབས་པོ་ཆེ་གསར་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། ལོ་ངོ་100ཡི་གོང་གི་ཉམས་རྒུད་ཀྱི་རྣམ་པ་ནས་ད་ཆའི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པའི་བར། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་རྗེས་ཀྱི་ལོ་རྒྱུས་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་ནས། ད་ཆའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་ཆེས་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་རེད། ད་ཆ་ཀྲུང་ཧྭའི་ས་གཞི་ཆེན་པོར་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱས་ནས་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་ཡང་དག་པའི་འགྲོ་ལམ་དུ་སྐྱོད་པར། ང་ཚོར་འགྲན་ཟླ་བྲལ་བའི་འཕེལ་རྒྱས་ཀྱི་གར་སྟེགས་ཆེན་པོ་དང་། ལོ་རྒྱུས་ཀྱི་རྨང་གཞི་གཏིང་ཟབ། མདུན་སྐྱོད་ཀྱི་ངེས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བློ་སྟོབས་དང་འགྲོ་ལམ་མི་འགྱུར་བའི་ཆོད་སེམས་བརྟན་པོ་བཅངས་ནས་སྒྱུར་བཅོས་སྒོ་དབྱེ་མཐར་ཕྱིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བློ་སྟོབས་ཆེ་ལ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཚེ། ང་ཚོས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་ངེས་རེད།
རྒྱང་སྐྱོད་ལམ་རླབས་པོ་ཆེ་གསར་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་ངེས་པར་དུ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ལོ་ངོ་100ཡི་རིང་། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་ལ་གཞོལ་བ་དང་། མིའི་རིགས་ཡར་ཐོན་དོན་གཉེར་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བར་གཞོལ་ཞིང་། གནམ་འོག་ཀུན་ཕན་འཇིག་རྟེན་ཆོས་ཉིད་རེད། འདི་ནི་རང་རེའི་ཏང་ལ་ལོ་རྒྱུས་ཀྱི་གདེང་ཚོད་ལྡན་པའི་གཏིང་ཤུགས་ཆེ་ཤོས་ཤིག་དང་རང་རེའི་ཏང་གིས་ཀྲུང་གོར་སྲིད་སྐྱོང་བ་དང་ཡུན་རིང་སྲིད་སྐྱོང་བའི་ལོ་རྒྱུས་ཀྱི་གདེང་ཚོད་ཅིག་རེད་ལ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མུ་མཐུད་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་གདེང་ཚོད་ཅིག་ཀྱང་རེད།
རྒྱང་སྐྱོད་ལམ་རླབས་པོ་ཆེ་གསར་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་ངེས་པར་དུ་འབད་འཐབ་ཀྱི་ངར་ཤུགས་ཆེན་པོ་དགོས། སྤྱི་ཚོགས་རིང་ལུགས་ནི་ལག་ལེན་བྱས་པ་ལས་བྱུང་བ་ཞིག་དང་། དུས་རབས་གསར་པ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་འོག ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ཕྱི་རོལ་ཡུལ་གྱི་ཁོར་ཡུག་སྔར་བས་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་གཏན་འཁེལ་མེད་པས། རང་རྒྱལ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། “གང་ནས་ཡོང་བ་དང་གང་དུ་སྐྱོད་པའི”གཞི་རྩའི་བརྗོད་གཞི་འདིར་ལན་ཡག་པོ་རྒྱག་པ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་མི་དམངས་ཀྱི་ཆེད་དུ་གཏོང་བ་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་ནས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱས་ཏེ། མི་དམངས་ཡོངས་ཀྱི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་འཕེལ་བར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་བྱེད་པ་དང་། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ང་ཚོའི་འཚོ་གནས་བྱེད་ནུས་དང་། འགྲན་རྩོད་བྱེད་ནུས། འཕེལ་རྒྱས་གཏོང་ནུས། རྒྱུན་མཐུད་བྱེད་ནུས་བཅས་ཆེ་རུ་བཏང་ནས། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་འཚོ་གནས་དང་འཕེལ་རྒྱས་གཏོང་དགོས། ང་ཚོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་གཏོད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱས་ནས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།