ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > པར་རིས།

མཛོད་དགེའི་ན་འདམ་དུ་ད་ལོའི་ངང་དཀར་ཁག་དང་པོ་སླེབས།

སྤེལ་དུས 2024-11-27 ཡོང་ཁུངས། གངས་ལྗོན་ཉི་གཞོན། རྩོམ་པ་པོ། དུས་ལྡན།

   

            ཉེ་ཆར། སི་ཁྲོན་ལྟ་ཞིབ་གསར་འགྱུར་གསར་འགོད་པས་མཛོད་དགེའི་ན་འདམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཟའ་འཁོར་འདིར་མཛོད་དགེའི་ན་འདམ་དུ་ད་ལོའི་ངང་ཁྱུ་ཁག་དང་པོ་འབྱོར། ངང་དཀར་དེ་དག་ཆུ་ཁོངས་མི་འདྲ་བར་འཚོ་སྡོད་དང་ཟན་འཚོལ་བཞིན་དགུན་དུས་ཀྱི་དྭངས་ཤིང་གཙང་བའི་ཆུ་ངོས་སུ་རང་དགར་འཕུར་སྐྱོད་བྱེད་པ་དེས་མཛེས་སྡུག་ལྡན་པའི་རང་བྱུང་གི་རི་མོ་ཞིག་གྲུབ་ཡོད། 

   

            ངང་པ་ནི་གཟུགས་གཞི་ཅུང་ཆེ་ཞིང་བྱ་སྒྲོ་དཀར་བའི་བྱ་རིགས་ཤིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་དང་འཚོ་སྡོད་ཁོར་ཡུག་ལ་ཆ་རྐྱེན་ནན་མོ་ཡོད། མཛོད་དགེ་ཡི་ཡངས་ཤིང་རྒྱ་ཆེ་བའི་ན་འདམ་དང་དྭངས་ཤིང་གཙང་བའི་ཆུ་ཁོངས། དེ་མིན་ཕུན་སུམ་ཚོགས་པའི་བཟའ་བཅའི་ཐོན་ཁུངས་བཅས་ཀྱིས་ངང་དཀར་ལ་འཚོ་གནས་ཀྱི་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད། ལོ་རེའི་སྤྱི་ཟླ་11པའི་ཟླ་དཀྱིལ་དུ་ངང་པ་དཀར་པོའི་ཁྱུ་ཚོགས་དུས་ཐོག་ཏུ་མཛོད་དགེར་ལོག་ནས་ལོ་གཅིག་གི་དགུན་སྒྲོལ་བྱེད་འགོ་ཚུགས་ཡོད། 

   

            རྒྱུས་ལོན་བྱུང་བ་ལྟར་ན། མཛོད་དགེའི་འདམ་རའི་ངང་པ་གཙོ་བོ་མོང་གོལ་རྒྱལ་ཁབ་བྱང་རྒྱུད་ཀྱི་ཐེའར་ཅིན་མཚེའུ་དཀར་པོ་ནས་ཡོང་བ་ཞིག་རེད། ལོ་ཁ་ཤས་ཀྱི་སྔོན་ལ་དགུན་སྒྲོལ་ངང་དཀར་མང་ཆེ་བ་མཚོ་ཉིན་གྱི་མགོ་མང་ན་གཞུང་དུ་གཅིག་སྡུད་བྱས་ནས་བསྡད་ཡོད། 

   

            ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་ཕྱིན་པ་དང་བསྟུན་ནས་མཛོད་དགེའི་མཚོ་ཁྱ་ཁྲེབ་ས་ཁོངས་དང་རྨེ་ཆུ་ཡུལ་ཚོའི་རྒྱུད་ཀྱི་ཆུ་ཁོངས་དེ་ངང་དཀར་འདུ་འཛོམས་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད། འབྲེལ་ཡོད་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་ས་ཁོངས་དེ་དག་ནས་དགུན་སྒྲོལ་ངང་པའི་གྲངས་འབོར་200ལྷག་ཙམ་ལ་སླེབས་ཡོད་དོ། །