རྟ་བདུན་དབང་པོའི་ཟེར་བརྒྱ་དབང་ཕྱོགས་ས་འཛིན་ལྷུན་པོའི་རྩེ་ནས་ཉི་མ་ལྷ་སའི་པང་བར་འཕྲོས་ཏེ་བརྗིད་ཆགས་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ལས་གསེར་གྱི་གཟི་མདངས་ལམ་མེར་འཚེར་དུས། གངས་ལྗོངས་ས་མཐོའི་སྐྱེ་བོའི་ཚོགས་ཀྱིས་བདེ་སྐྱིད་ལོངས་སྤྱོད་སྣ་ཚོགས་ལ་ཅི་དགར་རོལ་བཞིན་རེ་བ་འབུམ་གྱིས་ཕྱུག་པའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་ཚུར་ལ་བསུས།
ལོ་ཟླའི་གོམ་འགྲོས་ལས་དུས་རབས་ཀྱི་འགྱུར་ལྡོག་དང་ཉམས་སྣང་གསལ་པོར་མཐོང་ཐུབ་སྟེ། སྲོལ་རྒྱུན་དུས་ཆེན་གྱི་དགོད་སྒྲའི་ཁྲོད་དུ་འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱེད་སྐབས་སུ། བརྗེད་དུ་མེད་པའི་སྐད་སྒྲ་རེ་ཡིས་ཅིས་ཀྱང་ང་ཚོའི་ཡིད་ཆེས་འཕེལ་བར་བྱེད། གསུབ་ཏུ་མེད་པའི་དྲན་འཆར་རེ་ཡིས་ཅིས་ཀྱང་ང་ཚོའི་སེམས་ལ་དྲོད་སྣང་སྦྱིན་པར་བྱེད། མི་དང་མིའི་བར་གྱི་ལྷད་མེད་བརྩེ་བ་ཡིས་ཅིས་ཀྱང་ཚོར་བདེ་སྐྱིད་དང་སྟོབས་ཤུགས་སྩོལ་བར་བྱེད།
ལོ་འདིའི་ནང་དུ་ང་ཚོས་གངས་ལྗོངས་ས་མཐོའི་བདེ་སྐྱིད་དང་དགོད་སྒྲ་མིག་མཐོང་ལག་ཟིན་བྱུང་ཡོད། གཞིས་རྩེ་གྲོང་ཁྱེར་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་མིག་སྒྲོལ་གྱིས་པར་ལེན་ཐད་གཏོང་ལྟེ་གནས་སུ་བྲེལ་བ་ཆེན་པོས་བོད་རག་དང་རྩམ་པ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱེད་པར་བརྩོན་བཞིན་ཡོད་ཅིང་། ཁོང་གི་བཞིན་མདངས་ལས་ལྷད་མེད་བབ་ཆགས་ཀྱི་ཉམས་སྣང་ཞིག་མངོན་འོང་། “ཨ་ཅེ་ལྷ་མོའི་གྲོང་ཚོ་དང་པོ”རུ་འབོད་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་དུ། དམངས་སྲོལ་རིག་གནས་ལ་དགའ་བའི་ཡུལ་སྐོར་བ་མང་པོ་དེ་གར་འདུས་ནས་གནས་དེའི་ཡུལ་གོམས་གཤིས་ལུགས་ལ་མྱོང་རོལ་བྱེད་བཞིན་ཡོད་པ་དང་། དམངས་སྲོལ་གནས་ཚང་གི་སྦྱིན་བདག་སྤྲོ་སེམས་རབ་ཏུ་འཁོལ་བཞིན་ཁོང་ཚོར་བསུ་མ་ཞུ་བཞིན་མཆིས། ཁྲེ་ལི་ཙེ། སྤྲེལ་ཁམ། སེ་འབྲུ། རྒྱ་སེ་མེ་ཏོག་སོགས་བཏབ་པའི་ཤིང་ཏོག་དང་སྔོ་ཚལ་དྲོད་ཁང་ཆེན་མོ་གངས་ལྗོངས་ས་མཐོར་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པས། ཞིང་པའི་ཡོང་འབབ་སྔར་ལས་མང་དུ་སོང་སྟེ་ཁོང་ཚོའི་བཞིན་རས་ལས་རེ་སྒུག་གི་འཛུམ་མདངས་འཕྱུར། དཔལ་འབྱོར་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། གྲངས་འཛིན་ནུས་པ། དམངས་འཚོ་ཡར་རྒྱས་བཅས་བྱུང་བས་མང་ཚོགས་ཚོའི་བཞིན་རས་ལ་འཛུམ་མདངས་རྒྱས། དེ་ནི་བོད་ལྗོངས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པའི་དཔང་པོ་འཁྲུལ་མེད་རེད། འཛུམ་མདངས་དེ་ནི་འཇའ་ཚོན་ནང་བཞིན་གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་ལ་མཛེས་རྒྱན་སྤྲས། བདེ་སྐྱིད་དེ་ནི་ས་བོན་རྡོག་པོ་རེ་རེ་དང་འདྲ་བར་བོད་ལྗོངས་ཀྱི་ས་གཞི་ཆེན་མོའི་ཐོག་ཏུ་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ་སྐྱེ་འཚར་བྱུང་དང་འབྱུང་མུས་ལགས།
ལོ་འདིར་ང་ཚོས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཟབ་མོ་དང་ལྷད་མེད་བརྩེ་བ་ངང་གིས་ཚོར་ཡོད། མ་ཁང་སྒོ་ར་ཆེན་མོའི་ནང་དུ་ཁྱིམ་ཚང་60ལྷག་གི་མི་རིགས་སོ་སོའི་མང་ཚོགས་བརྒྱ་ལྷག་གཅིག་ལ་གཅིག་རྟེན་ངང་འདུས་སྡོད་བྱེད་པ་དང་། ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་མང་པོ་ཞིག་གི་གྲོང་མི་ཕན་ཚུན་བར་ལྟ་སྐྱོང་བྱེད་རོགས་བྱེད་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་རྒྱ་རིགས་དང་། བོད་རིགས། སྟེང་པ། མོན་པ་སོགས་མི་རིགས་ཁག་གི་མང་ཚོགས་སྡོད་ཁང་སྒོ་ར་རང་སྒྲིག་ནང་སྤོས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་བྱུང་སྐབས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྨན་དོན་མི་སྣ། དང་བླངས་པ། མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཕྱར་བ་གྲུ་འདེགས་དང་། བོད་སྐྱོར་སྨན་བཅོས་རུ་ཁག་དང་བོད་ལྗོངས་ཀྱི་ལས་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་བྱས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་ཆེན་པོ་ཐོབ། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སེམས་ཤུགས་ཡོད་རྒུས་བཏབ་པས་གངས་ལྗོངས་ས་མཐོར་རྟག་བརྟན་མི་ཉམས་པར་ཁྲ་ལྷམ་མེར་བཞད་ཐུབ་ཡོད།
ལོ་འདིའི་ནང་དུ་ང་ཚོས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་མཉམ་དུ་བདེན་དཔང་བྱས་ཡོད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོའི་མཉམ་ལས་ཁང་དུ་བུ་ཟླ་བ་ཕ་བུ་གཉིས་ཀྱིས་བོད་གྲི་བཟོས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད། པེ་ཅིང་གི་798བོད་རུམ་སྒྱུ་རྩལ་འགྲེམས་སྟོན་ཐོག་ཚེ་དབང་དར་རྒྱས་ཀྱིས་ཡུལ་སྐོར་བར་གཞིས་རྩེའི་སྤུས་ལེགས་རུམ་གདན་ངོ་སྤྲོད་བྱས་ཏེ་བོད་ཀྱི་རིག་གནས་ཁྱབ་གདལ་གཏོང་བར་གཞོན་ནུའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ཡུས་ཡོན་ཐན་སྤྱི་གླིང་དུ་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པ་ཚོས་པར་ཆས་ལག་ཏུ་བླངས་ཏེ་བོད་ཆས་ལེགས་པར་སྤྲས་པའི་སྒོར་གཞས་ཚོགས་ཆུང་གི་ཞབས་བྲོའི་སྟངས་སྟབས་ཟིན་ཐོར་བཀོད་པས་དྲ་བའི་ཐོག་ཏུ་བསྟོད་པའི་མེ་ཏོག་གཏོར་མཁན་གྲངས་ལས་འདས་པ་བྱུང་ཡོད། རྒྱུན་འཛིན་སྲུང་སྐྱོང་དང་གཞུང་འཁྱོངས་གསར་གཏོད་བྱེད་པའི་རིང་ལ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད།
ལོ་འདིའི་ནང་དུ་ང་ཚོས་ཐུན་མོང་ཐོག་ས་མཐོའི་སྐྱེ་ཁམས་ཀྱི་དྭངས་གཙང་དང་མཛེས་པ་སྲུང་སྐྱོང་བྱས་ཡོད། ཤྭ་དམར་ལྷ་ས་སྐྱིད་ཆུའི་འགྲམ་དུ་སླེབས་པ་དང་། གཙོད་ཁྱུ་གདང་ལའི་འགྲམ་དུ་རྒྱུ་བ། གསའ་གཞུང་ལམ་འགྲམ་དུ་འགྲོ་བ། ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་ཅི་དགར་རོལ་བ་སོགས་གངས་ལྗོངས་ས་མཐོའི་རི་སྐྱེས་སྲོག་ཆགས་རྣམས་སོས་དལ་བག་ཕེབས་ངང་འཚོ་བཞིན་ཡོད་པ་དང་། ཡར་ཀླུང་གཙང་པོ་ནི་གྱ་གྱུའི་འགྲོས་དང་བཅས་གཡུ་འབྲུག་སྔོན་མོ་བཞིན་བརྗིད་ཉམས་ངང་རྒྱུག་བཞིན་ཡོད་ལ། ཁམ་བུའི་མེ་ཏོག་གླིང་ཡང་ཧ་ཅང་ཡངས་ཤིང་ཆེ། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི“སྐྱེ་ཁམས་སྲུང་སྐྱོང་ངེས་པར་དུ་ཨང་དང་པོར་འཇོག་དགོས་པའི”བཀའ་མངགས་བློ་ལ་བརྟན་པོར་ངེས་ཡོད་ལ། བོད་ལྗོངས་ཀྱི་རི་སྔོན་ཆུ་དྭངས་ནི་སྐྱེ་ཁམས་ཀྱི་བོད་ལྗོངས་མངོན་པར་བྱེད་པའི་དན་རྟགས་ལྟ་བུ་ཡིན་ལ། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཉིས་སྐྱེད་སྲིང་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྷད་མེད་རང་མདངས་ཀྱང་རེད།
ལོ་འདིའི་ནང་དུ་ང་ཚོས་ཐུན་མོང་ཐོག་བོད་རིགས་གཞོན་ནུའི་དཔའ་ངར་ཞུམ་མེད་དང་འགན་འཁྲི་ཁུར་སེམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཏུ་ན་གཞོན་ལུས་རྩལ་པ་དབྱངས་ཅན་ལྷ་མོ་དང་ཚེ་རིང་དགྲ་འདུལ་གྱིས་གངས་འཁྱག་ལུས་རྩལ་འགྲན་བསྡུར་ནང་ཞུགས་པ་དང་། ན་གཞོན་གཞས་པ་ANUཚན་སྡེབ་ཀྱི་བོད་གཞས་རྒྱལ་ས་པེ་ཅིང་གི་བྱ་ཚང་ལུས་རྩལ་ཐང་དུ་ལྷང་ལྷང་དུ་གྲགས་ལ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ སྒྲ་ཕབ་ཁང་དུ་གོ་རབས་པའི་གཙོ་སྐྱོང་པ་རིན་ཆེན་དབང་འདུས་ཀྱིས་བོད་སྐད་ཀྱི་ལམ་ནས་ཏང་གི་སྲིད་ཇུས་གསལ་འགྲེལ་བྱས་པས། ཏང་གི་གསུང་སྒྲ་མི་སེམས་ལ་གཏིང་ཟབ་ཟུག་ཅིང་། གྲང་རླུང་འུར་འུར་དུ་ལྡང་བའི་ཧི་མ་ལ་ཡའི་སྟེང་དུ་ས་བབ་མཐོ་ཚད་ཀྱི་མིང་བཏགས་པའི་5592ལྟ་ཞིབ་སོ་ལྟ་ཁང་དུ་གམ་པའི་ན་གཞོན་དཔོན་དམག་ཚོས་ལྷག་བསམ་རྣམ་དག་དང་ལེགས་སྐྱེས་འབུལ་བར་སྤྲོ་བའི་སྙིང་སྟོབས་ཀྱིས་མེས་རྒྱལ་དང་མི་དམངས་སྲུང་བཞིན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་བོད་རིགས་ཀྱི་ཕྱི་རྒྱལ་ནས་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་གཞོན་ནུ་བློ་རྒྱ་ཡིས་སེམས་འགུལ་ཐེབས་བཞིན་དུ་མྱོང་ཚོར་བྲིས་པར་ཚང་མའི་དོ་ཁུར་ཐོབ་ཡོད། འབྱུང་འགྱུར་ནི་གཞོན་ནུར་དབང་བས་རེ་བ་གཞོན་ནུར་བཅོལ་དགོས། ས་མཐོའི་གཞོན་ནུ་ཚོས་འབད་འཐབ་ཡར་བརྩོན་གྱི་ཁྲོད་དུ་དུས་རབས་གསར་པའི་ལང་ཚོའི་ངོ་མཚར་རྩོམ་བཞིན་མཆིས།
དུས་རབས་གསར་པའི་གངས་ལྗོངས་ས་མཐོར་བདེ་སྐྱིད་ཀྱི་ས་བོན་རེ་རེ་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་པའི་ངང་འཚར་བཞིན་ཡོད་པ་དང་འབད་འཐབ་བྱེད་མཁན་སྐྱེ་བོ་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏུ་འབད་འབུངས་བྱེད་བཞིན་ཡོད། གངས་ལྗོངས་ས་མཐོའི་འཕེལ་རྒྱས་དང་འགྱུར་ལྡོག་ཟིན་ཐོར་འགོད་མཁན་དང་དེའི་བདེན་དཔང་བ་ཡིན་པའི《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བས་འབད་འཐབ་པ་རེ་རེའི་གསུང་སྒྲ་ལ་ཉན་བཞིན་དུ་དུས་རབས་ཀྱི་འགྱུར་ལྡོག་ཟིན་ཐོར་བཀོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་དང་སྒོ་ཀུན་ནས་མངོན་པར་བྱས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་ཆེད་ནུས་ཤུགས་འདོན་རྒྱུ་ཡིན།
སྐལ་བཟང་མེ་ཏོག་རྣམ་པར་བཞད། བདེ་སྐྱིད་ཉི་མ་ལྷམ་མེར་འཚེར། ང་ཚོས་ཡིད་ཆེས་དང་རེ་བས་ཁེངས་བཞིན་དུ་དུས་རབས་གསར་པའི་བདེ་སྐྱིད་ཀྱི་མེ་ཏོག་གངས་ལྗོངས་ས་མཐོར་ཁྲ་ལམ་མེར་བཞད་པར་བསུ་བ་ཞུ།
བོད་ཆུ་ཡོས་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ལྷན་རྒྱས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་སྒྲིག་པ། སངས་སྐྱབས།