ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > གསར་འགྱུར།

ལི་ཆང་ཡུན་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས 2023-03-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་སྤྱི་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་བཞུགས་པའི་ཡུན་ནན་འཐུས་མི་ཚོགས་པར་ཕེབས་ཏེ། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་བ་རེད།
  ལི་ཆང་གིས་འཐུས་མིའི་གཏམ་བཤད་གསན་རྗེས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུར་མོས་མཐུན་ཡོད་ཅེས་གསུངས་པ་དང་། ཁོང་གིས། འདས་ཟིན་པའི་ལོ་ལྔའི་ནང་། བློ་མཐུན་ཞི་ཅན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་ཞིང་། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཁ་ཕྱོགས་ཁྲིད་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་གནང་བས་རེད། ང་ཚོས་རང་རྒྱལ་འཕེལ་རྒྱས་ཁྲོད་འགྲོ་མྱོང་བའི་ཆེས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་དང་། ཐོབ་པའི་ཆེས་སྤྱིར་བཏང་མིན་པའི་གྲུབ་འབྲས་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་ཡོད།
  ལི་ཆང་གིས། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ལེགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། དུས་རིམ་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་དགོས། ནང་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱ་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཁག་ལ་ཤུགས་སྣོན་བརྒྱབ་ཐོག གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱས་ནས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
  ལི་ཆང་གིས་ཡུན་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་དམིགས་པའི་ཁྱབ་འགྱེད་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པའི་ཐད་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཐོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།