བཀྲ་ཤིས་དགེ་མཚན་ལེགས་སོ་གཞན་ཕན་གྱི་གདུགས་དཀར།།
འགྱུར་མེད་ལྷན་སྐྱེས་བདེ་བའི་ལྷ་ལམ་གྱི་མཐོངས་སུ།།
བསྟན་འགྲོའི་ལེགས་ཚོགས་ཆུ་འཛིན་འཁྲིགས་པ་ཡི་བདུད་རྩི།།
མི་དགེའི་གདུང་བ་སེལ་བའི་གཉེན་པོ་རུ་བབས་སོང་།།
བཀྲ་ཤིས་དགེ་མཚན་བསླབ་གསུམ་རིན་ཆེན་གྱི་གསེར་ཉ།།
འདོད་དགུའི་དཔལ་ཡོན་གསེར་མིག་རྒྱས་པ་ཡི་རང་མདངས།།
མི་འཇིགས་ཕྱོགས་བཅུའི་ཕྱཱ་གཡང་མ་ལུས་པར་འགུགས་པའི།།
བཅུ་ཕྲག་རིག་པའི་ཆུ་གཏེར་ཀློང་ཡངས་སུ་འཁྱུག་སོང་།།
བཀྲ་ཤིས་དགེ་མཚན་མཆོག་གསུམ་ཆོས་ཉིད་ཀྱི་བུམ་བཟང་།།
མཛད་འཕྲིན་ལེགས་བཤད་ཟད་མེད་བདུད་རྩི་ཡིས་བཀང་སྟེ།།
དད་ལྡན་ཚོགས་གཉིས་ཞིང་ས་གཤིན་པོ་ཡི་ཁྱོན་དུ།།
སྲིད་འབྱོར་རིག་གསུམ་རྒྱས་པའི་མཆོད་སྤྲིན་དུ་བཏེགས་སོང་།།
བཀྲ་ཤིས་དགེ་མཚན་དཔྱད་གསུམ་བློ་གྲོས་ཀྱི་པད་མོ།།
བདེན་སྟོབས་ལང་ཚོ་རབ་ཏུ་རྒྱས་པ་ཡི་འདབ་སྟོང་།།
ཉམས་མེད་ཚེ་གཡང་བསོད་ནམས་ཡེ་ཤེས་ཀྱི་རྟེན་དུ།།
ཚན་རིག་ཆུ་གཏེར་རྒྱས་པའི་རྣམ་རོལ་དུ་བཞད་སོང་།།
བཀྲ་ཤིས་དགེ་མཚན་ཐེག་གསུམ་ཏིང་འཛིན་གྱི་དུང་དཀར།།
འགྲོ་བ་མི་ཡི་སྲིད་རྩེ་གངས་ཅན་གྱི་དབུས་སུ།།
མ་རིག་སྙན་དབང་གསོ་བའི་ཡིད་འཕྲོག་གི་སྒྲ་དབྱངས།།
རིས་མེད་གྲགས་པའི་བསྐལ་བཟང་གཡས་འཁྱིལ་དུ་གྲུབ་སོང་།།
བཀྲ་ཤིས་དགེ་མཚན་དུས་གསུམ་ལྷག་མཐོང་གི་དཔལ་བེའུ།།
ཐབས་ཤེས་རིག་པའི་དྲ་བས་ངོམས་མེད་དུ་སྤྲས་ཤིང་།།
ལུས་ཅན་ཡིད་ལ་དགའ་བ་གཏན་འདུན་གྱི་གོ་འཕང་།།
སྟེར་བའི་དགེ་ལེགས་སྟོང་གསུམ་མ་ལུས་པར་ཁྱབ་སོང་།།
བཀྲ་ཤིས་དགེ་མཚན་ས་གསུམ་ཀུན་སྣང་གི་རྒྱལ་མཚན།།
ཀུན་བདེ་མཉམ་སྤྲོའི་དགའ་བ་མངོན་འཕགས་ཀྱི་ལྟས་སུ།།
མཛད་བཟང་གྲགས་པ་ཀུན་གསལ་སྒེག་མོ་ཡི་རྒྱན་མཆོག
རྨད་བྱུང་ས་འཛིན་དབང་པོའི་ཡང་རྩེ་རུ་བསྒྲེངས་སོང་།།
བཀྲ་ཤིས་དགེ་མཚན་དུས་གསུམ་འགྱུར་མེད་ཀྱི་འཁོར་ལོ།།
སྲིད་ཞིའི་ཕུན་ཚོགས་སྤྲོ་བའི་གཟི་བྱིན་གྱི་རྩིབས་སྟོང་།།
ཕྱོགས་རིས་སྤུ་ཙམ་དབེན་པ་རྟ་བདུན་གྱི་དབང་པོས།།
གླིང་བཞིའི་མུན་པ་སེལ་བའི་བསྐལ་བཟང་དུ་འཁོར་སོང་།།
རྩོམ་སྒྲིག་པ། རིག་གྲོལ།