ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > ལོ་གསར་རིག་གནས།

སྡེར་ཁའི་མཚོན་དོན་སྐོར།

སྤེལ་དུས 2023-02-16 ཡོང་ཁུངས། སྡེར་ཁའི་མཚོན་དོན་སྐོར། རྩོམ་པ་པོ།

          བོད་མིར་ལོ་གསར་དང་དེ་མིན་གྱི་མཛད་སྒོ་ཆེ་ཁག་ལ་སྡེར་ཁ་བསྒྲིགས་པའི་སྲོལ་ཡོད་པ་མ་ཟད་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཀྱང་ཡིན། སྡེར་ཁ་ནི་བཟའ་བཅའ་ཙམ་ཞིག་མིན་པར་དཀོན་མཆོག་ལ་མཆོད་པ་དང་། རྟེན་འབྲེལ་མཚོན་བྱེད་ཀྱི་རྫས་གཙོ་བོ་ཞིག་ཡིན། སྡེར་ཁ་བསྒྲིགས་པའི་སྲོལ་དེ་ཇི་ལྟར་དར་བ་ཡིན་མིན་ཐད་ཡིག་རིགས་འཚོལ་ཞིབ་བྱས་ཀྱང་ལག་སོན་མ་བྱུང་བས་རྒན་རབས་ལ་བཅར་འདྲི་ཞུས་པ་ལྟར་ན་དེ་ཡང་ཐོག་མར་བོན་ཆོས་ནས་དར་བ་ཡིན་པའི་བཤད་སྲོལ་ཞིག་འདུག་པ་འདི་ལྟ་སྟེ། གནའ་རབས་བོན་གྱིས་སེམས་ཅན་བསད་དེ་དམར་མཆོད་འབུལ་བའི་སྲོལ་དེ་ནང་ཆོས་ཀྱིས་འགྱུར་བ་བཏང་ནས་སྡེར་ཁ་བསྒྲིགས་ཏེ་མཆོད་པ་ཕུལ་བའི་སྲོལ་དུ་འགྱུར་པ་རེད། སྡེར་ཁ་བཤམས་པའི་ཁ་ཟས་ཀྱི་བཟོ་དབྱིབས་མི་འདྲ་བ་སྟེ་ཁུར་ཁོག་ལས་རྐང་གདུང་དང་། ཉ་ཤག་ལས་རྩིབས་མ། སྨུག་ཐུང་ལས་རྒྱུ་ནགསྦོ་ལུག་ལས་རྒྱུ་དཀར།  པིན་ཏོག་ལས་སྙིང་བཅས་མཚོན་ཐུབ་ཀྱི་ཡོད་ཅེས་དམངས་ཁྲོད་དུ་བཤད་སྲོལ་ཡོད། དེ་ལྟར་ན་སྡེར་ཁ་ཡང་ཐོག་མར་དམར་མཆོད་འབུལ་བྱེད་ཀྱི་རྫས་ཡིན་པ་བརྗོད་མེད་རེད། འོན་ཀྱང་ད་ལྟ་གཙོ་བོ་རྟེན་འབྲེལ་མཚོན་བྱེད་ཡིན། དཔེར་ན་ཁ་བཟས་བཟོ་བའི་རྒྱུ་ནི་གྲོ་ཞིབ་ཡིན་པའི་གྲོ་ནི་ཁ་གྲོ་བའི་དོན་ལྡན་ཡོད། བསྲེག་ས་ནི་མར་རམ་སྣུམ་ཡིན་པས་སྣུམ་ཞག་ལྡན་པ་ནི་བོད་མིས་ལེགས་པའི་ཆར་བརྩི་སྲོལ་ཡོད་པ་སྟེ་མི་སྣུམ་ཞག་དོད་པོ་དང་། ལུང་པ་སྣུམ་ཞག་དོད་པོ་སོགས་ཀྱི་བཤད་སྲོལ་ཡོད། དེ་མིན་སྡེར་ཁའི་ཁ་ཟས་ཀྱི་གྲངས་ཀྱང་ངེས་པར་རྟེན་འབྲེལ་མཚོན་བྱེད་དུ་ཡ་གྲངས་ཡིན་དགོས་པ་སྟེ་དགུ་བདུན་གསུམ་གང་རུང་དུ་བརྩེགས་བ་དང་།ཤིང་འབྲས། འབྲུ་སྣ་སོགས་སྣོད་བཟང་དུ་བསྒྲིགས་ནས་རྟེན་འབྲེལ་གྱི་རྫས་ལ་བརྩི་སྲོལ་ཡོད་པ་བཅས་ཀི་ཀྱི་ཐོག་ནས་སྡེར་ཁ་ནི་རྟེན་འབྲེལ་མཚོན་བྱེད་ཡིན་པ་ར་སྤྲོད་ཐུབ་ཀྱི་རེད། སྡེར་ཁ་སྒྲིག་སྲོལ་ཡང་ཡུལ་ལུང་སོ་སོར་གོམས་གཤིས་མི་འདྲ་བ་རེ་ཡོད་དེ་དབུས་ཁུལ་དུ་སྡེར་ཁ་ཁ་ཟས་ཁ་སྦུབ་ནས་བསྒྲིགས་པ་དང་། གཙང་ཁུལ་དུ་ཁ་ཟས་ཁ་བསླངས་ནས་སྒྲིག་སྲོལ་ཡོད།
རྩོམ་སྒྲིག་པ། རིག་གྲོལ།