ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > འཐུས་མི་དང་ཨུ་ཡོན།

​མི་དམངས་ཚོགས་ཁང་ཆེན་མོར་ཕེབས་པའི“བོད་ཀྱི་ལས་ཤེས་པ”བཀྲ་ཤིས་ཉི་མ།

སྤེལ་དུས 2023-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       བཀྲ་ཤིས་ཉི་མར་རྒྱུས་མངའ་ཡོད་མཁན་ཚང་མས་ཕར་ལྟ་དུས་ཅུང་སྒམ་ནན་ཆེ་བའི་བོད་རིགས་ཕོ་རྒོད་ཁོང་ལ“ལག་ཤེས་པ”ཞེས་བྱམས་བརྩེའི་ངང་འབོད་ཀྱི་ཡོད། 
       དེ་ཡང2018ལོར་ཁོང་ལ“བོད་ཀྱི་ལག་ཤེས་པའི”མཚན་སྙན་ཐོབ་པ་ཙམ་མ་ཡིན་པར། ལས་ཀའི་ཁྲོད་ཁོང་ནི་ངང་རྒྱུད་རིང་ལ་ཞིབ་ཚགས་ཡིན་པ་དང་། ཉེ་འགྲམ་གྱི་མི་དང་ལྷག་པར་དུ་ལས་གྲོགས་ཚོར་ཧ་ཅང་བློ་བདེ་བའི་སྣང་བ་ཞིག་སྦྱིན་གྱི་ཡོད་པས་རེད།
       “ཁོང་ནི་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིའི་གྲོང་ཁུལ་གློག་གཏོང་ཞབས་ཞུ་ལྟེ་གནས་ཀྱི་གློག་ལྡན་ལས་སྒྲུབ་གློག་སྲུང་པན་གྱི་པན་ཀྲང་གཞོན་པ་ཡིན་ཞིང་། མ་གཞི་པན་ནང་དུ་ལས་མི་གསར་པ་མང་པོ་ཡོད་མོད། འོན་ཀྱང་ཕྱིར་ལས་སྒྲུབ་ལ་སྐྱོད་སྐབས་ཁོང་ཡོད་ཚེ‘སེམས་རྣལ་རིལ་བུ’ཡོད་པ་ལྟར་ཚང་མ་བློ་བདེ་པོ་ཡོང་གི་ཡོད”ཅེས་གློག་ལྡན་ལས་སྒྲུབ་གློག་སྲུང་པན་གྱི་པན་ཀྲང་ཝང་ཞིན་ཞིན་གྱིས་བརྗོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་འདྲ་པར་བསྐྱོན་བཞིན་པ། 
       ས་བབ་མཐོ་བའི་ས་ཁུལ་དུ་རླངས་གཟུགས་ཀྱི་གློག་གཅོད་རང་བཞིན་ཤུགས་ཆེན་ཆག་པའི་ཁར་ལས་སྒྲུབ་བྱེད་སྟངས་ཀྱང་ཞིང་ཆེན་གཞན་དང་ཧེ་བག་ཆེན་པོ་ཡོད་ལ། འབྲེལ་ཡོད་ཉམས་མྱོང་དག་ཀྱང་ཡོངས་སུ་ལད་མོ་བྱེད་མི་ཆོག་པས་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱ་རྒྱུ་ལས་ཐབས་གཞན་མེད། བོད་ལྗོངས་ཀྱི་ས་བབ་མཐོ་བའི་གློག་ལྡན་ལས་སྒྲུབ་མཁན་ཐོག་མ་དེ་ཡིན་པའི་བཀྲ་ཤིས་ཉི་མས་ཚ་བ་ཆེ་བའི་དབྱར་ཁ་དང་གྲང་ངར་ཆེ་བའི་དགུན་དུས་གང་ཡིན་རུང་གློག་གཅོད་གཞོང་འཁོར་གྱི་གནམ་སྐས་ཐོག་འཛེགས་ནས་གློག་ལྡན་མཐོ་གནོན་གློག་སྐུད་ཀྱི་སྐྱོན་སྣ་ཚོགས་སེལ་བཞིན་ཡོད། གློག་བཟོའི་ལས་ལ་གཞོལ་ནས་ལོ30སོང་རིང་ཁོང་གིས་ཁྱིམ་ཚང་ཁྲི་སྟོང་མང་པོར་མུན་སེལ་གློག་འོད་ཁྲ་ཐིང་ཐིང་དུ་སྦྱིན་ཡོད།
       “གློག་ལྡན་ལས་སྒྲུབ་ནི་ཉེན་ཁ་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་ཞིང་། མཐོ་ཚད་སྨི་བཅུ་ཕྲག་གི་བར་སྣང་དུ་གློག་གནོན་ཆན་ཧྥུའུ་ཁྲི་ཡོད་སར་གློག་མི་བཅད་པར་ཞིབ་བཅོས་རྒྱག་དགོས་ཀྱི་ཡོད་པས། གློག་ལྡན་ལས་སྒྲུབ་མཁན་ཚོས་དུས་དང་རྣམ་པ་ཀུན་ཏུ་བློ་རྩེ་གཅིག་སྒྲིམ་དང་ཏན་ཏན་ཏིག་ཏིག་གིས་ལས་ལ་གཞོལ་ནས་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས་ཀྱི་ཡོད” བཀྲ་ཤིས་ཉི་མས “ལག་ཤེས་པའི་སྙིང་སྟོབས’ཞེས་པ་ནི་སྤུས་དག་ལ་ཞིབ་ཚགས་པ་དང་ཁྲལ་སེལ་སླ་བཅོས་སྤུ་ཙམ་ཡང་མེད་པའི་ལས་ཀའི་རྣམ་འགྱུར་ཞིག་ལྡན་དགོས་པ་དང་། རྩེ་གྲ་དོན་གཉེར་དང་རྒྱུ་སྤུས་ཐད་འོས་མེད་འགྲིག་ཐབས་གཏན་ནས་མི་བྱེད་པར་ལས་འགན་ཚང་མ་བཟོ་རྩལ་ཐོན་རྫས་སུ་བརྩིས་ནས་ཞིབ་ཚགས་ངང་བསྒྲུབས་ཏེ་སྐྱོན་ཆ་སྤུ་ཙམ་ཡང་མེད་པའི་ལས་ཀའི་ཚད་གཞིའི་ཐོག་ནས་འགན་འཁྲིའི་ཁྱབ་ཁོངས་ཀྱི་ལས་དོན་དག་ཞིབ་ཚགས་དང་། ཏན་ཏིག ཡག་པོ་བཅས་སྒྲུབ་པར་ཟེར་བ་ངས་ཤེས་ཀྱི་ཡོད”ཅེས་གསུངས། 
       གློག་བཟོའི་ལས་ལ་གཞོལ་དུས་བློ་རྩེ་གཅིག་སྒྲིག་ཆེ་ལ་ཡག་ཐོག་ཡག་བརྩེགས་ཡོང་བའི་བརྩོན་ལེན་བྱེད་མཁན་ཁོང་ལ་ད་ལོ་སླར་ཡང་གཟི་བརྗིད་ལྡན་པའི་མཚན་སྙན་ཞིག་ཐོབ་པ་སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཐོན་བྱུང་བ་དེ་རེད། 
       ཁོང་གིས“མ་གཞི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གློག་ཤུགས་ལས་དོན་པ་གཉིས་ལས་གནས་མི་འདྲ་ཡང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གཅིག་མཚུངས་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུ་དེའང་ཞིབ་ཅིང་ཕྲ་བའི་ལག་རྩལ་གྱི་ལས་ཀ་ཞིག་ཡིན་པས་ཏན་ཏན་ཏིག་ཏིག་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས”ཞེས་གསུངས།
       མི་ཚེ་གང་པོར་ལས་དོན་གཅིག  ལེགས་པར་སྒྲུབ་ཚེ་འགྱོད་པ་མེད།
       གློག་ལྡན་ལས་སྒྲུབ་བྱེད་དཀའ་ཤོས་ནི་བར་སྣང་ལས་སྒྲུབ་བྱ་རྒྱུ་དེ་མིན་པར། དཀའ་ཚེགས་ཆེ་བའི་ཁོར་ཡུག་འོག་མཐའ་འཁྱོངས་བྱ་རྒྱུ་དེ་རེད། རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ནས་ལོ30སོང་བའི་གྲགས་ཅན“ལག་ཤེས་པ”ཁོང་གིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ངང་ལས་སྒྲུབ་བྱེད་ཚད་མཐོ་པོ་རྒྱུན་འཁྱོངས་གནང་གི་ཡོད་ལ། ད་ཆ་ཁོང་གིས“ལག་ཤེས་པའི་སྙིང་སྟོབས”དེ་བརྟག་ཞིབ་དང་འགན་སྒྲུབ་ཁྲོད་མངོན་པར་བྱེད་བཞིན་ཡོད། ལས་ཀའི་དགོས་མཁོའི་དབང་གིས་བཀྲ་ཤིས་ཉི་མ་རྟག་ཏུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་དགོས་ཤིང་། ཞིང་འབྲོག་ཁུལ་གྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ཡང་ཁོང་གིས་དོ་ཁུར་ཆེན་པོ་བྱེད་པའི་གླེང་གཞིར་གྱུར་ཡོད། ཐེངས་འདིའི་ཚོགས་ཆེན་གཉིས་ཡག་པོ་འཚོག་ཆེད་ཁོང་གིས་ད་དུང་ཆེད་མངགས་སྡེ་ཁུལ་དང་། ཁེ་ལས། གཙོ་གནད་རྣམ་གྲངས་བཅས་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་། གྲོང་སྡོད་ས་ཚིགས་སུ་ཞིང་འབྲོག་པའི་བསམ་འདུན་ཉན་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་བསྡུ་ལེན་བཅས་བྱེད་པར་ཕེབས་ཏེ་ཚོགས་ཆེན་ལ་ཞུགས་པ་དང་གྲོས་ཞིབ་ནང་ཞུགས་ཆེད་དཔྱད་གཞི་འཚོལ་བསྡུ་གནང་ཡོད།
       “མི་དམངས་ཚོགས་ཁང་ཆེན་མོར་སྐྱོད་སྐབས་ཕྲག་ཐོག་གི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། ངས་མུ་མཐུད‘ལག་ཤེས་པའི་སྙིང་སྟོབས’ལག་ལེན་བསྟར་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ལས་སྒོའི་ཤེས་བྱ་སློབ་སྦྱོང་ནན་ཏན་དང་། འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དགའ་ཞེན་ཆེན་པོ་བྱེད་སའི་གློག་ཤུགས་བྱ་གཞག་ལ་གཞི་ཚུགས་པ། འཐབ་ས་དང་པོར་གདོང་མཆོང་བྱེད་པ། མིག་དཔེ་ཡག་པོ་བཅས་བྱས་ཏེ་མང་ཚོགས་ཚོའི་རེ་བ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཀྲ་ཤིས་ཉི་མས་བློ་རྩ་བརྟན་པོའི་ངང་གསུངས།