ཚེས་12ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གཏན་འཁེལ་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གཉིས་པར་མཚན་རྟགས་བཀོད་ནས་ཚོགས་ཆེན་གྱི་གཏན་འབེབས་གཞིར་བཟུང་། ད་ཐེངས་ཀྱི་ཚོགས་ཆེན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་བསྐོ་གཞག་གནང་བ་རེད།
ཚོགས་འདུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མིང་འདོན་གནང་བ་གཞིར་བཟུང་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ཏིང་ཤུའེ་ཞང་དང་། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ལི་ཧྲང་ཧྥུའུ་དང་། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཆིན་ཀང་བཅས་རྒྱལ་དོན་ཨུ་ཡོན་ལ་གཏན་འཁེལ་བྱས་པ་རེད།
ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2977ཡོད་ཅིང་། དངོས་སུ་འཐུས་མི་2946ཕེབས་ཡོད་པ་དང་། འཐུས་མི་31ཕེབས་ཐུབ་མེད་པས། ཚོགས་འདུར་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཚོགས་འདུ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲེན་ཅན་པང་གིས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་ཧྥེང་གོ་དང་། ཝང་ཅུང་། ལིན་ཝུའུ། དབྱི་ལན་ཧུང་། ཧའོ་ཕུང་། ཧུའུ་ཁྲང་ཧྲེང་། ཤུས་ལིན། ཧོང་ཁྲུའུ་ཕིང་བཅས་ཀྲུའུ་ཞིའི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མིང་བཏོན་གནང་བ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་། རྩིས་བཤེར་ཀྲང་། དྲུང་ཆེ་བཅས་གཏན་འཁེལ་བྱེད་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་མི་རིགས་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་།
སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མཚན་ཐོའི་འཆར་ཟིན་ལ་ཁག་སོ་སོར་བརྡས་ཐག་གཅོད་རྒྱུ་རེད།
ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གི་འོས་མིའི་སྐོར་གྱི་མིང་འདོན་ཡི་གེ་སྒྲོག་སྦྱངས་གནང་བ་རེད།
འདེམས་ཤོག་འབྲི་བ་དང་། འདེམས་ཤོག་འཕེན་པ། འདེམས་ཤོག་རྩིས་རྒྱག་པ་བཅས་བརྒྱུད་ཆུ་ཚོད་10དང་སྐར་མ་9ལ་གཙོ་སྐྱོང་པས་བློ་མཐུན་ཏིང་ཤུའེ་ཞང་དང་། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་བློ་མཐུན་ལི་ཧྲང་ཧྥུའུ་དང་། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཆིན་ཀང་བཅས་རྒྱལ་དོན་ཨུ་ཡོན་ལ་བདམས་པའི་ཁྱབ་བསྒྲགས་བྱས་པ་རེད།
གཙོ་སྐྱོང་བས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་། རྩིས་བཤེར་ཀྲང་བཅས་ཀྱི་མཚན་ཐོ་ཁྱབ་བསྒྲགས་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ཆེད་དོན་ཨུ་ཡོན་ལྷན་ཁང་10བཙུགས་ཡོད། དེའི་ནང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མཚན་ཐོ་ཟླ་3ཚེས་5ཉིན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། དེ་མིན་ཆེད་དོན་ཨུ་ཡོན་ལྷན་ཁང་8ཀྱི་ཁོངས་མིའི་འོས་མི་ཀྲུའུ་ཞི་ཚོགས་པས་མིང་འདོན་བྱས་རྗེས་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་གནང་བ་རེད། འཐུས་མི་ཚོགས་པ་ཁག་གི་ནང་མོལ་བསམ་འཆར་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ཆེད་དོན་ཨུ་ཡོན་ལྷན་ཁང་8ཀྱི་ཁོངས་མིའི་མཚན་ཐོའི་འཆར་ཟིན་ད་ཐེངས་ཀྱི་ཚོགས་འདུར་བརྡས་ཐག་གཅོད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བརྡས་ཐག་བྱ་ཐབས་ཀྱི་གཏན་འབེབས་གཞིར་བཟུང་བརྡས་ཐག་གཅོད་སྐབས་མིང་མི་འགོད་པར་བརྡས་ཐག་གཅོད་ཆས་སྤྱོད་པའི་བྱ་ཐབས་སྤྱད་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་8ཀྱི་ཁོངས་མིའི་མཚན་ཐོ་ཁག་སོ་སོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
མཚན་ཐོ་ཁག་ལ་གྲོས་འཆམ་བྱུང་རྗེས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
རྩ་ཁྲིམས་ལ་དམ་བཅའ་འཇོག་རྒྱུའི་སྐོར་གྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བྱ་ཐབས་གཞིར་བཟུང་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ལེགས་སྒྲུབ་ཟིན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། དྲུང་ཆེ་བཅས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་། རྩིས་བཤེར་ཀྲང་བཅས་ཁག་སོ་སོས་མཉམ་སྡེབ་ཀྱི་དམ་བཅའ་བཞག་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།