པ་སངས་སྒྲོལ་མས་གསོ་རིག་སྨན་རྫས་དང་འཕྲོད་བསྟེན་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།
པ་སངས་སྒྲོལ་མ་ལགས་ཀྱིས་ས་མཐོའི་གསོ་རིག་སློབ་གསོ་དང་ཚན་ཞིབ་ལས་དོན་གྱི་ཕྱག་ལས་གནང་ནས་ལོ་བཅུ་ལྷག་ཙམ་སོང་ཞིང་། ད་ཆ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་འགོ་འཛིན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ས་མཐོའི་བདེ་ཐང་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་རེད།
པ་སངས་སྒྲོལ་མས་ད་ལྟའི་གྲུབ་འབྲས་དེ་ནི་ཏང་དང་སྲིད་གཞུང་གིས་བོད་ཀྱི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་གནང་བ་དང་། རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་སྲིད་ཇུས་བཟང་པོ་དང་ཁ་བྲལ་ཐབས་མེད་ཅེས་ཡང་སེ་གསུངས་གནང་གི་ཡོད།
དེ་སྔ་པ་སངས་སྒྲོལ་མས་བོད་ལྗོངས་སུ་སློབ་སྦྱོང་གནང་བ་དང་། རྒྱལ་ཁབ་ཀྱི་སློབ་གསོའི་བོད་སྐྱོར་སྲིད་ཇུས་བཟང་པོར་བརྟེན་ནས་བོད་ལྗོངས་སློབ་ཆེན་དང་། པེ་ཅིང་སློབ་ཆེན། སི་ཁྲོན་སློབ་ཆེན། ཝུའུ་ཧན་སློབ་ཆེན་སོགས་རྒྱལ་ནང་གི་གྲགས་ཅན་སློབ་གྲྭས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བའི་སྐབས་སུ་ཁོང་ལ་ཡང་བསྐྱར་སློབ་སྦྱོང་གནང་བའི་གོ་སྐབས་བཟང་པོ་ཐོབ་ཅིང་། པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་སྔ་རྗེས་སུ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་བླངས་ཡོད། དེ་རྗེས་ཁོང་ལ་ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་གསོ་རིག་སློབ་གླིང་དང་ཏུའུ་ཁེ་སློབ་ཆེན་སོགས་འཛམ་གླིང་གི་གྲགས་ཅན་མཐོ་སློབ་ལ་འཚམས་འདྲི་སློབ་སྦྱོང་བྱེད་པའི་བསྐལ་བ་བཟང་པོ་ཐོབ་མཐར་རྨང་གཞིའི་གསོ་རིག་གི་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར།
ཁོང་གིས“ང་རང་རིག་གཞུང་གླེང་སྟེགས་སྣ་ཚོགས་ཐོག་གཏམ་བཤད་སྤེལ་རིམ་བཞིན་རང་ཉིད་ནི་བོད་ལྗོངས་གསར་པས་གསོ་སྐྱོང་བྱས་པའི་ས་མཐོའི་གསོ་རིག་མཁས་དབང་ཞིག་ཡིན་པར་སྤོབས་པ་སྐྱེ་གི་འདུག་ཅེས་ཤོད་ཀྱི་ཡོད་”ཅེས་གསུངས།
པ་སངས་སྒྲོལ་མ་སྤྱི་ལོ་2023ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་དུས་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་བསྐྱོན་པའི་དྲན་རྟེན་སྐུ་པར།
བོད་ལྗོངས་སློབ་ཆེན་གྱི་ས་མཐོའི་བདེ་ཐང་ཚན་རིག་ཞིབ་འཇུག་ལྟེ་གནས་དེ་2006ལོར་བཙུགས་པ་དང་། ལྟེ་གནས་དེ་བཙུགས་མ་ཐག་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་གཙོ་གནད་ཚོད་ལྟ་ཁང་ཁག་དང་པོར་གཏན་འཁེལ་བྱས། ཀྲུང་དབྱང་དང་ས་གནས་ཀྱིས་ཁྱད་ལྡན་རིག་ཚན་ཚོད་ལྟ་ཁང་མཉམ་སྐྲུན་དང་། “211ལས་གཞིའི”དུས་བཀག་གསུམ་པའི་རིག་ཚན་གཙོ་གནད་འཛུགས་སྐྱོང་ཚོད་ལྟ་ཁང་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་ནང་བོད་ལྗོངས་སློབ་ཆེན་གྱི་ས་མཐོའི་བདེ་ཐང་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཟང་ཆ་མངོན་གསལ་དོད་པ་དང་། མཚོ་བོད་ས་མཐོའི་ཁྱད་ལྡན་ས་ཁམས་དང་། ཁྱུ་ཚོགས། ཐོན་ཁུངས་བཅས་ཀྱི་བཟང་ཆ་སྤྱད་དེ “ས་མཐོ་དང་། མི་རིགས། ས་ཁོངས”སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། རྨང་གཞིའི་ཞིབ་འཇུག ནད་ཐོག་བརྟག་དཔྱད་དང་སྨན་བཅོས་བཅས་ཟུང་འབྲེལ་གྱི་རིག་ཚན་སྣོལ་མར་ཞིབ་འཇུག་བྱེད་པའི་ཇུས་གཞི་རྒྱུན་འཁྱོངས་བྱེད་བཞིན་པ་དང་། ས་མཐོའི་གསོ་རླུང་ཉུང་འཕྲོད་ལམ་སྲོལ་ཞིབ་འཇུག་དང་། ས་མཐོའི་ནད་འགོག་བཅོས། ས་མཐོའི་སྨན་རྫས་ཞིབ་འཇུག་དང་འཕེལ་རྒྱས། ས་མཐོའི་ལུས་རྩལ། ས་མཐོའི་འཕྲོད་བསྟེན་སྲིད་ཇུས་དང་འཕྲོད་བསྟེན་ཞབས་ཞུའི་ཞིབ་འཇུག་སོགས་ཀྱི་ཐད་ཚད་བརྒལ་དང་གྲུབ་འབྲས་ཐོབ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།
པ་སངས་སྒྲོལ་མས་ཞིབ་འཇུག་ལྟེ་གནས་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ཆེར་གཏོང་བ་བཅས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་བདེན་དཔང་གནང་ཞིང་། ལྟེ་གནས་དེ་ཐོག་མར་འཛུགས་སྐབས་མི་5ལས་མེད་པ་ནས་ད་ཆ་མི་30ལྷག་ཙམ་ཡོད་པའི་ཚན་ཞིབ་ཚོགས་པ་ཞིག་ཏུ་གྱུར་ཡོད། སྟེགས་བུ་དེ་ཡང་ཐོག་མའི་འཐུས་ཚང་མེད་པ་ནས་མིག་སྔར་གཞི་ཁྱོན་རགས་ཙམ་ཆགས་ཟིན་པ་མ་ཟད། སྟེགས་བུ་དེར་བརྟེན་ནས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་བོད་སྨན་དེང་རབས་ཅན་ཞིབ་སྤེལ་གསར་གཏོད་ལྟེ་གནས་དང་། བོད་ལྗོངས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ས་མཐོའི་བདེ་ཐང་དང་ལུས་རྩལ་ཞིབ་འཇུག་མཐུན་སྦྱོར་གསར་གཏོད་ལྟེ་གནས་སྔ་རྗེས་སུ་བཙུགས་ཡོད།
འདི་ལོ་རང་ཉིད་སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་མཁྱེན་སྐབས་པ་སངས་སྒྲོལ་མར་སེམས་འགུལ་ཆེན་པོ་ཐེབས་ཡོད་ལ། ཁོང་ལ་འགན་འཁྲི་ཡང་ལྕི་པོ་ཡིན་པའི་ཚོར་སྣང་བྱུང་ཡོད། དུས་ཡུན་རིང་པོའི་ནང་ས་མཐོའི་གསོ་རིག་སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཁོང་གི་ཚོགས་ཆེན་གཉིས་ཀྱི་འགན་སྒྲུབ་ཐེངས་དང་པོ་དེར་དོ་ཁུར་གནང་ཡུལ་ནི་སྔར་བཞིན་ལོ་དེ་དག་ནང་རང་ཉིད་ཀྱིས་ཆེད་ལས་ཁྱབ་ཁོངས་ཀྱི་ཕྱོགས་མང་བསམ་གཞིགས་ཀྱི་རྨང་གཞིའི་ཐོག་ནས་དགོངས་བཞེས་གནང་བ་ཞིག་ཡིན་ལ། དེའི་ཁྲོད་ཕྱོགས་གཅིག་ནི་ས་མཐོའི་གསོ་རིག་ཚད་གཞི་འཕྲལ་མར་བཟོ་དགོས་པའི་འབོད་སྐུལ་གནང་བ་ཞིག་ཀྱང་རེད། ཁོང་གི་ཐུགས་ནང་ས་མཐོའི་གསོ་རིག་གི་ཚད་གཞི་བཟོ་སྐབས་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པར་བརྟེན་ནས། གྲངས་གཞི་ཆེ་མོ་བཟོ་བ་དང་། གྲངས་གཞི་ཆེ་མོར་བརྟེན་ནས་ས་མཐོའི་ཚད་གཞི་བཟོ་དགོས་པ་དེ་ཡིན། ཁོང་གིས་ད་ཆ་བོད་ལྗོངས་ཀྱི་སྨན་དོན་མི་སྣས་ནད་གཞི་ཁག་གཅིག་སྨན་བཅོས་བྱེད་སྐབས་སྔར་བཞིན་ཉམས་མྱོང་ལ་བརྟེན་ནས་ལས་ཀ་བསྒྲུབ་དགོས་ཀྱི་ཡོད། ས་མཐོའི་གསོ་རིག་ཚད་གཞི་བཟོས་ནས་དེ་དག་ཚན་རིག་དང་མཐུན་པ་དང་ཚད་གཞི་ཅན་དུ་འགྱུར་རྒྱུ་ནི་ངེས་པར་དུ་བསྒྲུབ་དགོས་པའི་ལས་དོན་ཞིག་རེད་ཅེས་གསལ་འགྲེལ་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།