མགོན་པོ་བཀྲ་ཤིས་ཀྱིས་རྩྭ་ཐང་བཅོས་སྐྱོང་སྐོར་གྱི་གྲོས་གཞི་བཏོན།
སྤེལ་དུས 2023-03-08
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
རྩྭ་ཐང་ནི་མཚོ་སྔོན་དུ་ཁྱབ་རྒྱ་ཆེ་ཤོས་ཀྱི་རང་བྱུང་ཐོན་ཁུངས་ཤིག་ཡིན་ཏེ། རྩྭ་ཐང་འབྲོག་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་96%བཟུང་བ་དང་རྩྭ་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་གྱི་14.92%བཟུང་ཡོད་ཅིང་། མཚོ་བོད་ས་མཐོ་དང་ཐ་ན་རྒྱལ་ཡོངས་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། རྩྭ་ཐང་གི་འབྱུང་ཁམས་བཅོས་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེས་མཐོ་གྲང་འབྱུང་ཁམས་མ་ལག་དོ་སྙོམས་འབྲེལ་སྐྱོང་དང་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་འཚོ་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་འབྱུང་ཁམས་བཅོས་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”ལ་ཐུན་མོང་ཐོག་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
མགོན་པོ་བཀྲ་ཤིས་ཀྱིས། ལོ་མང་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་དང་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། ལོ་རེ་བཞིན་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་སླར་གསོ་བྱུང་བ་དང་། རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུས་གཙོ་བོ་བྱེད་ཅིང་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་བེད་སྤྱོད་གཏོང་རྒྱུ་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། ཡིན་ན་ཡང་དེ་དང་ཆབས་ཅིག རྩྭ་སར་དེ་དང་འཚམ་པའི་རྩྭ་སོན་དང་བྱང་ཆུབ་པའི་བཅོས་སྐྱོང་ལག་རྩལ་སོགས་མེད་པའི་དབང་གིས་རྩྭ་ཐང་གི་འབྱུང་ཁམས་བཅོས་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད་པའི་ངོས་འཛིན་གནང་ཡོད།
མགོན་པོ་བཀྲ་ཤིས་ཀྱིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་རྩྭ་ཐང་འབྱུང་ཁམས་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆུ་འགོའི་གསོ་འཁྱོངས་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ནས་རྩྭ་ཐང་འབྱུང་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། བཅོས་སྐྱོང་གི་ཚད་གཞི་དང་རྒྱུན་མཐུད་རང་བཞིན་གྱི་མ་འཇོག་མཐོ་རུ་གཏོང་དགོས་པ། ཞན་འགྱུར་རྩྭ་སའི་སྔོ་ཁེབས་གནས་ཚུལ་དང་ཆ་རྐྱེན་ལ་གཞིགས་ནས་མི་ཐབས་རྩྭ་འདེབས་དང་གནོད་ཡོད་སྲོག་ཆགས་འགོག་བཅོས་ཀྱི་མ་འཇོག་ཚད་གཞི་སྔར་བས་མཐོ་རུ་གཏོང་དགོས་པ། རིགས་དབྱེ་བཅོས་སྐྱོང་དང་གནད་འཕིགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། རྩྭ་ཐང་གི་ཚན་རྩལ་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། མཐོ་གྲང་ན་ཁའི་རིགས་དང་མཐོ་གྲང་ཐང་རྒོད་རིགས་ཀྱི་རྩྭ་ཐང་འབྱུང་ཁམས་ངེས་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། མཐོ་གྲང་རྩྭ་ཐང་ཞན་འགྱུར་གྱི་རྐྱེན་རྩ་དང་བཅོས་སྐྱོང་གི་འདུས་གྲུབ་ལག་རྩལ། ཡུལ་བབ་རྩྭ་སོན་གསོ་སྤེལ་སོགས་ཐད་ཀྱི་རྨང་གཞིའི་ཞིབ་འཇུག་བྱས་ཏེ་མཚོ་སྔོན་གྱི་རྩྭ་ཐང་སྲུང་སྐྱོབ་གོང་འཕེལ་གྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།