ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > པར་རིས་གསར་འགྱུར།

ཨུ་ཡོན་གཤེན་རྒྱལ་བསྟན་འཛིན་གྱིས་བཏོན་པའི་གྲོས་འགོ།

སྤེལ་དུས 2023-03-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཞིང་ཆེན་ཆུ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་མཚོ་སྟེང་དགོན་པའི་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་རིང་མི་རིགས་ས་ཁུལ་གྱི་ཤང་གྲོང་སློབ་གསོའི་གནད་དོན་དང་དམངས་ཁྲོད་ཀྱི་བོན་གཞུང་རྙིང་པ་བྲིས་མར་སྲུང་སྐྱོབ། དེ་བཞིན་རྔ་བ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཚོད་ལྟའི་ཁུལ་འཚོལ་ཞིབ་བྱ་རྒྱུ་བཅས་ཀྱི་ཐད་ལ་དོ་ཁུར་མཛད་ཡོད།
     མི་རིགས་ས་ཁུལ་གྱི་ཁྱབ་ཁོངས་ནང་གི་ཤང་གྲོང་ལྟེ་བའི་སློབ་གྲྭའི་ཁྱབ་སྟངས་དོ་སྙོམས་བྱ་དགོས་པའི་གྲོས་གཞི།
     གཤེན་རྒྱལ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་ནང་མི་རིགས་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར་མང་པོའི་ཤང་གྲོང་ཁག་གཅིག་མེད་པ་བཟོས་པའམ་ཡང་ན་ཟླ་སྒྲིལ་བཏང་བ་མ་ཟད། ཤང་གྲོང་གི་ལྟེ་བའི་སློབ་གྲྭའི་བཀོད་སྒྲིག་གྲུབ་ཆའང་དེ་མཚུངས་ཀྱིས་ལེགས་སྒྲིག་བྱས་ཡོད། སློབ་གྲྭ་མེད་པ་བཟོ་བའམ་ཡང་ན་ལེགས་སྒྲིག་བྱས་པ་དག་ནི་གཞི་ཁྱོན་ཆུང་བ་དང་སློབ་མ་མི་འདང་བ།སློབ་གསོའི་སྤུས་ཚད་ཅུང་ཞན་པ་བཅས་ཀྱི་སློབ་གྲྭ་ཁག་གཅིག་ཡིན་ཞིང་།དེའི་དམིགས་ཡུལ་ནི་གཅིག་སྡུད་སློབ་གཉེར་བརྒྱུད་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་ཡིན་མོད། འོན་ཀྱང་ཕན་འབྲས་དེ་ཙམ་ཆེན་པོ་མེད་ཅིང་། ཤང་གྲོང་གི་ལྟེ་བའི་སློབ་གྲྭ་མང་ཆེ་བ་ཉམས་རྒུད་དུ་འགྲོ་བཞིན་ཡོད།
     གཤེན་རྒྱལ་བསྟན་འཛིན་གྱིས་སློབ་མ་རྨོངས་ཚོད་ཀྱིས་འགྲོ་སྐྱོད་བྱས་པས“རྫོང་གྲོང་དུ་འཚང་ཁ་ཐེབས་པ་དང་ཤང་གྲོང་སྟོང་པ་ལུས་པའི”སྣང་ཚུལ་ཇེ་སྡུག་ཏུ་སོང་ཞིང་། གྲོང་གསེབ་ཀྱི་སློབ་མ་རྨོངས་ཚོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་འདུས་ཚེ། རྫོང་གྲོང་གི་སློབ་གྲྭའི་སློབ་ཁུངས་ཚད་ལོངས་དྲགས་ནས་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་གནོད་འཚེ་བཟོ་རྒྱུ་མ་ཟད། གྲོང་གསེབ་ཀྱི་རིག་གནས་ཉམས་རྒུད་མགྱོགས་སུ་ཕྱིན་ནས། གཞོན་སྐྱེས་ཀྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཞན་དུ་འགྲོ་བས་མི་ཚད། ཐ་ན་སློབ་མའི་སེམས་ཁམས་བདེ་ཐང་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པའི་ངོས་འཛིན་གནང་བཞིན་ཡོད།
     ཁོང་གིས། མིག་སྔར་ཤང་གྲོང་ལྟེ་བའི་སློབ་གྲྭར་རོབ་བསྒྱུར་རྣམ་གྲངས་ལག་བསྟར་བྱས་རྗེས། རྨང་གཞིའི་སྒྲིག་བཀོད་ཚང་མ་ཅུང་ལེགས་སུ་ཕྱིན་པ་དང་གཞི་རྩའི་སློབ་ཁྲིད་བྱེད་ནུས་འདོན་སྤྲོད་ཐུབ་ཀྱི་ཡོད་ཅེས་གསུངས་པ་རེད།
     ཤང་གྲོང་ལྟེ་བའི་སློབ་གྲྭའི་སློབ་མ་ཐག་རིང་དུ་བསྐྱོད་མི་དགོས་པར་སྤུས་ལེགས་སློབ་གསོ་ལོངས་སྤྱོད་ཐུབ་རྒྱུའི་ཁ་ཚ་དགོས་གཏུག་གི་འདུན་པ་སྐོང་ཆེད་དང་། དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་ཆེད། གཤེན་རྒྱལ་བསྟན་འཛིན་གྱིས་ད་ཐེངས་ཀྱི་ཚོགས་ཆེན་གཉིས་ཐོག་ཤང་གྲོང་སློབ་གྲྭ་དོ་སྙོམས་ངང་བསྐྲུན་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་དམིགས་ཚད་འགྱུར་མེད་ཅིག་ཏུ་རྩིས་ནས་དཔྱད་ཞིབ་བྱ་དགོས་པའི་གྲོས་འགོ་བཏོན་ཡོད།

     བོད་རིགས་དང་ཆང་རིགས། དེ་བཞིན་དབྱི་རིགས་བཅས་ཀྱི་བར་འཁྱམས་སྟེང་གི་དམངས་ཁྲོད་བོན་ཆོས་ཀྱི་རྩ་ཆེའི་གནའ་གཞུང་ལག་བྲིས་མའི་སྲུང་སྐྱོབ་འཆར་གཞིའི་སྐོར་གྱི་གྲོས་འགོ།
     གཤེན་རྒྱལ་བསྟན་འཛིན་གྱིས། དམངས་ཁྲོད་བོན་ཆོས་ཀྱི་གནའ་གཞུང་ནི་དམངས་ཁྲོད་དུ་ཁྱབ་པའི་བོན་ཆོས་ཀྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་ཡིན་ལ། རང་རྒྱལ་གྱི་བོད་ལྗོངས་དང་། ལྷོ་ནུབ་དང་ནུབ་བྱང་ས་ཁུལ་ཏུ་ལུས་པའི་དམངས་ཁྲོད་ཀྱི་བོན་ཆོས་གནའ་གཞུང་དང་ཚད་ལྡན་ཡིག་ཆའང་ཚུད་ཡོད། དེའི་ཁྲོད་ཀྱི་70%ནི་ལག་བྲིས་མ་ཡིན་ཞིང་། ཚོད་དཔག་བྱས་ན་ཉུང་མཐར་ཡང་རྩ་ཆེའི་གནའ་གཞུང་ལག་བྲིས་མ་པོད་ཆིག་འབུམ་ལྷག་ཡོད།
     ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་འཚོལ་བསྡུ་དང་། ལེགས་སྒྲིག མྱུར་སྐྱོབ་དང་སྲུང་སྐྱོབ་བཅས་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་ཀྱང་བཟོས་ཏེ་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆར་སྲུབ་སྐྱོབ་བྱེད་ཀྱི་ཡོད། རྒྱལ་ལྗོངས་ཡག་པོ་དེ་འདྲའི་འོག ང་ཚོར་གཞི་ནས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཏེ། དམངས་ཁྲོད་ཀྱི་བོན་ཆོས་གནའ་གཞུང་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་ཀྱི་འཆར་གཞི་བཟོ་བའི་སྐལ་པ་བཟང་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
     གཤེན་རྒྱལ་བསྟན་འཛིན་གྱིས། དམངས་ཁྲོད་ཀྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆར་སྲུང་སྐྱོབ་དང་མྱུར་སྐྱོབ་བྱ་ཆེད། ཁོང་ཚོས་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ཏེ། སི་ཁྲོན་གྱི་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལེའང་ཧྲན་ཁུལ། མེན་དབྱང་། ཏེ་དབྱང་། དེ་བཞིན་གཡག་རྔ་དང་ཡུན་ནན་གྱི་བདེ་ཆེན་ཁུལ་སོགས་ས་ཁུལ་ཏུ་བརྟག་དཔྱད་བྱེད་པར་སྐྱོད་ནས། བོད་ཡིག་གི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་པོད་སྟོང་ཕྲག་ཁ་ཤས་འཚོལ་བསྡུ་བྱས་ཡོད་ཅེས་གསུངས་པ་རེད།
     གཤེན་རྒྱལ་བསྟན་འཛིན་སོགས་ད་དུང་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། སི་ཁྲོན། དེ་བཞིན་ནེ་པ་ལའི་མུའུ་སི་ཐང་སོགས་ས་གནས་སུའང་བརྟག་དཔྱད་གནང་བར་ཕེབས་ཡོད། འཚོལ་བསྡུ་བྱས་པའི་རྒྱུ་ཆར་བལྟས་ན། མཚོ་བོད་མཐོ་སྒང་གི་ཁྱབ་ཁོངས་ཁྲོད་བོད་ཡིག་གི་དམངས་ཁྲོད་བོན་ཆོས་གནའ་གཞུང་དང་ཚད་ལྡན་ཡིག་ཆ་ཉུང་མཐར་ཡང་ཆིག་འབུམ་ལྷག་ཟིན་གྱི་ཡོད་པ་ཤེས་རྟོགས་བྱུང་། དམངས་ཁྲོད་ཀྱི་བོན་ཆོས་གནའ་གཞུང་དང་ཚད་ལྡན་ཡིག་ཆ་ཕལ་ཆེ་བ་ནི་རྩ་ཆེ་བའི་ལག་བྲིས་མ་ཡིན་ལ། དེར་ལོ་རྒྱུས་ཡུན་རིང་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པས། ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།
     གཤེན་རྒྱལ་བསྟན་འཛིན་གྱིས། བོད་རིགས་དང་ཆང་རིགས། དེ་བཞིན་དབྱི་རིགས་བཅས་ཀྱི་བར་འཁྱམས་སྟེང་གི་བོན་ཆོས་གནའ་གཞུང་དཔེ་དེབ་ཁྲོད་འཇང་རིགས་ཀྱི་སྟོན་པའི་རིག་གནས་དང་། རྒྱལ་རོང་དང་བོད་ལྗོངས་ནག་ཆུ། དེ་བཞིན་ཆབ་མདོའི་དམངས་ཁྲོད་ཀྱི་བོན་ཆོས་རིག་གནས་བཅས་ཡོད་པས། མཚོ་བོད་མཐོ་སྒང་ས་ཁུལ་གྱི་མི་རིགས་མང་པོའི་རིག་གནས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་མངོན་ཡོད་ལ། མི་རིགས་ཁག་གི་རིག་གནས་ཀྱི་ཁྱད་འཕགས་རང་བཞིན་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་རིག་གནས་ཀྱི་སྣ་མང་རང་བཞིན་ཀྱང་འབུར་དུ་ཐོན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། སྲོལ་རྒྱུན་རིག་གནས་དེ་དག་གི་རྩ་བ་ཉར་ཚགས་བྱེད་རྒྱུའི་རེ་བ་ཡོད། འོན་ཀྱང་མི་སྒེར་གྱི་ནུས་པས་མི་ཁྱབ་པའི་ཁར། དམངས་ཁྲོད་ཀྱི་གནའ་གཞུང་དེ་དག་མཚོ་བོད་མཐོ་སྒང་གི་ས་ཁུལ་ཁག་ཏུ་ཁྱབ་མ་པ་མ་ཚད། གྲངས་འབོར་ཀྱང་མང་བས། འབྲེལ་ཡོད་ཚན་པར་གནའ་གཞུང་སྲུང་སྐྱོབ་ཀྱི་རྣམ་གྲངས་རེ་ཞུ་བྱས་ཏེ། མུ་མཐུད་གནའ་གཞུང་དང་ཚད་ལྡན་ཡིག་ཆ་འཚོལ་བསྡུ་བྱེད་རྒྱུའི་རེ་བ་བཏོན་ཡོད་ཅེས་གསུངས་པ་རེད།
     རྔ་བ་ཁུལ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཚོད་ལྟའི་ཁུལ་དུ་གསར་འཛུགས་འཚོལ་ཞིབ་ཐད་རྒྱབ་སྐྱོར་ཐོབ་རྒྱུའི་སྐོར་གྱི་གྲོས་འགོ།
     ཏང་གི་ཚོགས་ཆེན་ཉི་ཤུའི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་ལེགས་པོར་བསྒྲུབས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཀྲུང་ཧྭའི་ས་གཞི་ཆེན་མོའི་ཐོག་དུས་ནམ་ཡང་བཞད་ཆེད། གཅིག་ནས་རྔ་བ་ཁུལ་འདི་ཉིད་རྒྱལ་ཁབ་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཚོད་ལྟའི་ཁུལ་ནང་འདེམ་རྒྱུ་དང་། གཉིས་ནས་སྔོན་ལ་ཚོད་ལྟ་དང་གོང་འོག་མཉམ་འགུལ། མཐུན་སྦྱོར་སྐུལ་འདེད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྲིད་ཇུས་བཟོ་བ་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག  ལག་ལེན་ཐབས་ལམ་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ཐུན་མོང་ཐོག་ཉམས་མྱོང་འཚོལ་ཞིབ་དང་ཕྱོགས་བསྡོམས་ཀྱིས་རྔ་བ་ཁུལ་འདི་ཉིད་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་རྒྱལ་ཡོངས་ཀྱི་དཔེ་མཚོན་ཞིག་ཏུ་གཏོད་རྒྱུའི་གྲོས་འགོ་བཏོན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།